མཚོ་ནུབ་ཁུལ་གྱིས་བྱེ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་སྒྱུར་བྱས་ནས་ལྗང་མདོག་སྐྱེ་ཁམས་ཀྱི་འགོག་ར་གྲུབ་པར་བྱས།
ཟླ4པའི་ཚེས3ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བཀག་སྡོམ་སྲུང་སྐྱོབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཉམས་གསོ་བྱེད་པ། ཁུལ་ཁོངས་མཉམ་འབྲེལ་བཅས་ཟུང་འབྲེལ་བྱས་པའི་བཅོས་སྐྱོང་མ་དཔེ་གསར་གཏོད་ལག་བསྟར་བྱས་པ་བརྒྱུད་དེ། མཚོ་ནུབ་ཁུལ་གྱི་བྱེ་བསྒྱུར་ས་ཞིང་གི་རྒྱ་ཁྱོན་ལོ་བཅུའི་སྔོན་དང་བསྡུར་ན་སྤྱི་ཆིང་ཁྲི་གསུམ་ཇེ་ཉུང་དུ་སོང་བ་དང་། བྱེ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་བསྒྱུར་བྱས་ཏེ། ལྗང་མདོག་སྐྱེ་ཁམས་ཀྱི་འགོག་ར་གྲུབ་པར་བྱས།
མཚོ་ནུབ་ཁུལ་གྱིས་ཡུལ་བབ་དང་བསྟུན་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ནགས་ལས་འཚམ་སར་ནགས་བསྐྲུན་བྱེད་པ་དང་ཆུ་དཀོན་པའི་ས་ཆར་ཆུ་བཏང་ནས་འདེབས་འཛུགས་བྱེད་པའི་བར་ཁྱད་ཅན་གྱི་ཐབས་ཇུས་སྤྱད་དེ། མཚོ་སྔོན་གྱི་གསོམ་ཤིང་སོགས་གྲང་ཐུབ་སྡོང་རིགས་འདེམས་པ་མ་ཟད། ཆུ་གྲོན་ཆུང་བྱས་ནས་ཆུ་གཏོང་བའི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་། 2024ལོར་བྱེ་འགྱུར་ས་ཞིང་སྤྱི་ཆིང་ཁྲི་གཉིས་དང་སྟོང་བདུན་སུམ་བརྒྱར་བཅོས་སྐྱོང་བྱས་པ་དང་། སྔོ་ཁེབས་ཆ་སྙོམས་ཀྱིས་གསོན་ཚད་བརྒྱ་ཆའི་གྱ་ལྔའི་ཡན་དུ་སླེབས། དེ་དང་མཉམ་དུ། བཀག་སྡོམ་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ནས། ཝུའུ་ཐུའུ་མེ་རིན་དང་ཤར་ཝ་སོགས་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོབ་ཁུལ་བདུན་འཛུགས་སྐྲུན་བྱས་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་འབུམ་བཞི་དང་ཁྲི་གསུམ་སྟོང་བཞི་ཉིས་བརྒྱ་ཡོད་ལ། ན་གོར་མོ་གྲོང་ཁྱེར་དང་ཏུའུ་ལན་རྫོང་གི་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་གཉིས་འཛུགས་སྐྲུན་བྱས་ནས། མཐོ་སྒང་གི་ཐན་སྐམ་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ཐད་དཔེ་སྟོན་དཔེ་གཞི་འདོན་སྤྲོད་བྱས།
ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་བརྒྱད་བཅུའི་བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱེད་པའི་ལས་འགན་ཡོད་པའི་གཡུལ་ས་གཙོ་བོ་ཡིན་པའི་ཆ་ནས། མཚོ་ནུབ་ཁུལ་གྱིས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་པ་དང་། བྱང་གསུམ་བཟོ་སྐྲུན་གྱི་སྐབས་དྲུག་པའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་ལ། མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་གཉིས་དང་ས་ཡ་གསུམ་གཏོང་རྩིས་ཡོད་པ་དང་། 2030ལོར་ཐོན་དུས་བྱེ་འགྱུར་ས་ཞིང་སྤྱི་ཆིང་འབུམ་གཉིས་དང་ཁྲི་གཉིས་དགུ་བརྒྱར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་རེད། ཁུལ་ཁོངས་མཉམ་ལས་ཕྱོགས་ནས། སྲིད་འཛིན་གྱི་གེགས་རྒྱ་གཏོར་ནས། ཞིན་ཅང་པ་ཀྲིག་བར་ཞིང་ཆེན་བརྒལ་བའི་མཉམ་འགོག་མཉམ་བཅོས་ཀྱི་རྐྱེན་སྲོལ་བཙུགས་པ་དང་། གཙོ་བོར་ཟི་ལིང་ནས་ཧི་ཐེན་བར་གྱི་གཞུང་ལམ་དང་། ན་གོར་མོ་ནས་ཁུའུ་ཨེར་ལིའི་བར་གྱི་ལྕགས་ལམ་ལམ་བརྒྱུད་ཀྱི་སྐྱེ་ཁམས་བར་ཁྱམས་འཛུགས་སྐྲུན་བྱས་པ་མ་ཟད། ཁུལ་ནང་ཁུལ་གྱི་ཁུལ་ཁོངས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། བྱེ་བཅོས་དང་བྱེ་སྡོམ། བྱེ་བཀོལ་གཞི་གཅིག་ཅན་གྱི་སྐུལ་སྤེལ་གྱི་རྣམ་པ་གསར་བ་གྲུབ་པར་བྱས། མིག་སྔར། མཚོ་ནུབ་ཁུལ་གྱིས་མ་ལག་བསམ་བློར་བརྟེན་ནས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་ཐང་གཞི་གཅིག་ཅན་གྱི་བཅོས་སྐྱོང་སྤེལ་བཞིན་ཡོད་པ་དང་། མཐོ་སྒང་བྱེ་འགྱུར་ཅན་འགོག་བཅོས་ཀྱི་མཚོ་ནུབ་མ་དཔེ་གསར་སྐྲུན་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་འཛུགས་པའི་ཐད་རྒྱུན་མཐུད་ངང་ཤུགས་འདོན་བཞིན་པའི་སྒང་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注