མཚོ་སྔོན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་།
ཟླ2པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གིས་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་ཀྱི་མགྱོགས་བགྲོད་འཁོར་ལམ་དུ་ཞུགས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་བྱེད་ཐབས་ཇེ་དྲག་ཏུ་བཏང་བ་དང་ལག་བསྟར་དམ་འཛིན་བྱས་ལ། གཞི་རིམ་གྱི་ཀྲུང་བོད་ལུགས་གསོ་རིག་སྨན་བཅོས་འཕེལ་རྒྱས་ཐད་ནས་སྔར་ལས་ཤུགས་ལྡན་པ་དང་། གཞི་རིམ་གྱི་སྤྱི་ཐུན་འཕྲོད་བསྟེན་དང་ཁྱིམ་ཚང་གི་སྨན་པའི་གྲོས་འགོད་ཞབས་ཞུ་སྔར་ལས་ཚད་ལྡན་ཡིན་ལ། གཞི་རིམ་གྱི་འཕྲོད་བསྟེན་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ཐད་ནས་སྔར་ལས་སྟོབས་ལྡན་ཡིན་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མངོན་གསལ་སྒོར་ཇེ་མཐོར་སོང་།
རང་ཞིང་གིས་གཞི་རིམ་གྱི་ཀྲུང་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བཟོ་སྐྲུན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགུལ་སྐྱོད་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཀྲུང་བོད་ལུགས་སྨན་ཁང་འཛུགས་སྐྲུན་བྱས་ཚད་དང་ཁེབས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས། གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཡོངས་ཀྱིས་ཀྲུང་བོད་ལུགས་ཀྱི་གསོ་རིག་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པ་དང་། ཀྲུང་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་ཁྱབ་གདལ་རང་བཞིན་རྒྱུན་མཐུད་ངང་ཇེ་དྲག་ཏུ་སོང་། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་ཁྲོད་ཀྲུང་བོད་ལུགས་གསོ་རིག་གི་ནད་རིགས་སྔོན་འགོག་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཁྱིམ་ཚང་གི་སྨན་པས་ཀྲུང་བོད་ལུགས་གསོ་རིག་གི་ནད་རིགས་སྔོན་འགོག་གི་གྲོས་མཐུན་འགོད་པའི་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་མ་བཏང་། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་དང་མཉམ་འབྲེལ་བྱས་ནས་ཀྲུང་བོད་ལུགས་དང་སོག་ལུགས་གསོ་རིག་སྨན་བཅོས་ཀྱི་ཉིན་དཀར་ནད་ཁང་གི་སྨན་བཅོས་འགན་སྲུང་གི་སྨན་རིན་རྩིས་རྒྱག་གི་སྲིད་ཇུས་ཕྱིར་བཏོན་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་རིགས་སྣ་དྲུག་གི་ཀྲུང་བོད་སོག་ལུགས་གསོ་རིག་སྨན་བཅོས་ཀྱི་དགེ་མཚན་ནད་རིགས་སོ་ལྔའི་ཉིན་དཀར་ནད་ཁང་གི་སྨན་རིན་རྩིས་རྒྱག་ཞབས་ཞུ་སྤེལ་ནས། ནད་པས་ཉིན་དཀར་སྨན་ཁང་དུ་ནད་བཅོས་བྱེད་པ་དང་། དགོང་མོ་ཁྱིམ་དུ་ལོག་ནས་ངལ་གསོ་བྱེད་ཆོག་པར་བྱས་པ་དང་། ནད་པར་སྟབས་བདེ་ཡི་ཀྲུང་བོད་ལུགས་གསོ་རིག་སྨན་བཅོས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་ནད་བཅོས་སྨན་རིན་སྔར་ལས་ཇེ་དམའ་རུ་བཏང་།
ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཀྱི་ཁ་གསབ་ཚད་གཞི་དེ2009ལོའི་སྒོར་བཅོ་ལྔ་ནས་སྒོར་གོ་བཞི་རུ་ཇེ་མཐོར་བཏང་བདང་། ལོ་ཧྲིལ་བོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་ལྔ་ས་ཡ་དགུ་འབུམ་གསུམ་ལག་བསྟར་བྱས། ཞིང་ཆེན་རིམ་པའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་ཆེན་པོ་སྣ་གསུམ་དང་ཆུང་བ་སྣ་བརྒྱད་ཡོད་པ་དང་། ལོ་ཧྲིལ་བོར་སྒོར་བྱེ་བ་གསུམ་བཏང་། ལོ་ཧྲིལ་བོར་ཁ་གསབ་མ་དངུལ་སྒོར་བྱེ་བ་ལྔ་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལོ་རེ་ལྔ་དང་དེའི་ཡན་གྱི་ལོ་ལོན་གྱི་བདེ་ཐང་ལུས་དཔྱད་ལས་གཞི་ལག་བསྟར་བྱས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་མངའ་ཁོངས་ས་ཁུལ་གྱི་ཁྲག་ཤེད་མཐོ་བ་དང་གཅིག་སྙི་ཟ་ཁུ་ནད། དལ་འགགས་གློ་ནད་སོགས་དལ་བའི་རང་བཞིན་གྱི་ནད་བྱུང་བའི་ནད་པ་དང་ལོ་ལོན། བྱིས་པ། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ལ་དུས་ཚིགས་རེར་འཚམས་འདྲི་དང་ལོ་རེར་ལུས་ཕུང་བརྟག་དཔྱད་བྱེད་པ། བདེ་ཐང་སློབ་གསོ་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། བསྡོམས་པས་རིགས་མི་འདྲ་བའི་གཙོ་གནད་མི་ཚོགས་ཀྱི་མི་ས་ཡ་གཉིས་དང་ཁྲི་ལྔ་སྟོང་དྲུག་ལ་དོ་དམ་བྱས་ལ། མི་ཐེངས་ས་ཡ་དྲུག་ལ་ཞབས་ཞུ་འདོན་སྤྲོད་བྱས། སྨན་བཅོས་འགན་སྲུང་སྡེ་ཁག་སོགས་སྡེ་ཁག་གསུམ་ལ་མཉམ་འབྲེལ་བྱས་ནས་ཁྱིམ་ཚང་གི་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུའི་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བའི་བརྡ་སྦྱོར་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་ཕྱིར་འདོན་བྱས་ཏེ། གྲོས་མཐུན་འགོད་པའི་ཞབས་ཞུའི་དངུལ་བསྡུ་ཚད་གཞི་སྒོར་ཉི་ཤུ་དང་དངུལ་སྟེར་རྣམ་པ་ཐོག་མར་གཏན་ཁེལ་བྱས་པ་དང་། ཁྱིམ་ཚང་གི་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུའི་བྱ་བ་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཀྱི་གྲོས་འགོད་ཁེབས་ཚད་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་བརྒྱད་ལྔ་སླེབས་པ་དང་། གཙོ་གནད་མི་ཚོགས་ཀྱི་གྲོས་མཐུན་ཁེབས་ཚད་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་བརྒྱད་བཞི་ལ་སླེབས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注