ལྷ་སའི་ཐང་གི་རྣམ་པ་གསར་པ། 

——“མཚོ་སྔོན་དུ་བཅར་འདྲི་བྱེད་པའི”མུ་འབྲེལ་གསར་འགྱུར་ཁག་བཞི་པ། 

ཟླ9པའི་ཟླ་མཇུག་ཏུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ། འབྲི་ཆུའི་འགྲམ་རྒྱུད་ཀྱི་ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་ནས་མདུན་དུ་བསྐྱོད་པ་ན།གནའ་བོའི་བོད་གྲོང་ཞིག་མིག་ལམ་དུ་འཆར་འོང་ཞིང་། དེ་ནི་ཁྲི་འདུ་རྫོང་ལབ་ཞང་ལྷ་སའི་ཐང་སྡེ་བ་རེད།

ལྷ་སའི་ཐང་སྡེ་བ་ནི་མཐོ་སྒང་དུ་ཆགས་པའི་གནའ་བོའི་བོད་ལུགས་སྡེ་བ་ཞིག་ཡིན་ཞིང་། ཡུས་ཧྲུའུ་རུ་ས་ཡོམ་བྱུང་རྗེས་ཡུལ་དེར་ཐོག་དང་པོར་གཏོར་སྐྱོན་ཐེབས་པ་རེད། ལྷ་སའི་ཐང་སྡེ་བའི་བསྐྱར་སྐྲུན་ལས་དོན་ཐད“སྔར་ཡོད་ཇི་བཞིན་ཉམས་གསོ”དང“རང་བྱུང་ལ་བརྩི་འཇོག ལོ་རྒྱུས་ལ་བརྩི་འཇོག རིག་གནས་ལ་བརྩི་འཇོག མི་གཞི་རྩར་འཛིན་པ”ཡི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་མྱུར་སྐྱོབ་ཀྱི་མཛུབ་ཁྲིད་རྩ་དོན་གཞིར་བཟུང་ནས། སྡེ་མིའི་སྡོད་ཁང་གི་ཕྱིའི་རྣམ་པ་ཐད་ནས་དེ་སྔའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། 

ཁྲི་འདུ་རྫོང་ལབ་ཞང་། 

ཉེ་བའི་ལོ་འགར། གྲོང་གསེབ་དར་སྤེལ་ལ་བརྟེན་ནས་ལྷ་སའི་ཐང་སྡེ་བར་ཡང་བསྐྱར་གསོན་ཤུགས་རྒྱས་ཡོད།

2021ལོའི་ཟླ6པར། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལབ་ཞང་གི“མཚོ་སྔོན་གནའ་བོའི་བོད་ཀྱི་རིག་གནས་ཡུལ་སྐོར་གྲོང་རྡལ”ཞེས་པའི་དཔྱད་ཞིབ་བྱ་བ་སྤེལ་བར་དངོས་སུ་གྲོས་འཆམ་བྱུང་བར་མ་ཟད། 2022ལོར“མཚོ་སྔོན་གནའ་བོའི་བོད་ཀྱི་རིག་གནས་ཡུལ་སྐོར་གྲོང་རྡལ”འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་དངོས་སུ་སླེབས་པ་རེད། 

ལབ་ཞང་ཏང་ཨུའི་ཧྲུའུ་ཅི་རྒྱལ་བུ་ཉི་མས་ངོ་སྤྲོད་བྱས་པ་ལྟར་ན། ལབ་ཞང་གི་ཁྱད་ལྡན་གྲོང་རྡལ་ཆུང་ངུས་སྔ་རྗེས་སུ་མཐོ་སྒང་གི་ཁྱད་ལྡན་གྲོང་རྡལ་ཆུང་བ་དང་། མཛེས་པའི་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། པེ་ཅིན་གྱིས་ཁ་གཏད་རོགས་སྐྲུན་བྱེད་པ་བཅས་ཀྱི་མ་དངུལ་སྒོར་དུང་ཕྱུར2ལྷག་བསྡུ་སྒྲིལ་བྱས་ཏེ། “ཆུང་ཡང་དམིགས་བསལ་ལྡན་པ་དང་། ཆུང་ཡང་ཞིབ་ཆ་དོད་པ། ཆུང་ཡང་མཛེས་སྡུག་ལྡན་པ”ཡི་ཇུས་འགོད་འདུ་ཤེས་གཙོར་བཟུང་སྟེ། འབྲི་ཆུའི་བཞུར་རྒྱུན་གྱི་ཁམས་པའི་ཨར་ལས་ཉམས་འགྱུར་དང་རིག་གནས་ཀྱི་ནང་དོན་ལ་ཞིབ་འཇུག་དབྱེ་ཞིབ་བྱས་ཐོག བཟོ་བཀོད་ཀྱི་ཉམས་འགྱུར་དང་ཡུལ་དེའི་ཁྱད་ཆོས་ཕན་ཚུན་མཐུན་སྦྱོར་བྱེད་པའི་རྩ་དོན་གཞིར་བཟུང་ནས། གནའ་བོའི་བཟོ་རྩལ་ལ་བརྟེན་ནས་གནའ་བོའི་རྣམ་པ་སླར་གསོ་བྱས་ཤིང་། སྲོལ་རྒྱུན་གྱི་ཁྱད་ཆོས་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་འདུ་ཤེས་ནང་འདྲེས་སུ་བཅུག་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་གཅིག་གྱུར་གྱི་མཐོ་སྒང་གི་གཞིས་སྡོད་དཔེ་སྟོན་དང་ཡུས་ཧྲུའུ་ཡི་གནའ་བོའི་བོད་ཀྱི་རིག་གནས་ཡུལ་སྲོལ་གྱི་ཡུལ་སྐོར་མིང་བྱང་གསར་པ་ཞིག་བཏོད་པ་རེད། 

དུས་ཀྱི་འགྱུར་བ་དང་བསྟུན་ནས་ད་ལྟའི་ལབ་ཞང་གནའ་བོའི་བོད་ཀྱི་རིག་གནས་ཡུལ་སྐོར་གྲོང་རྡལ་ལ་གཞི་ཁྱོན་རགས་ཙམ་ཆགས་ཡོད། 

ལབ་ཞང་དུ་བསྐྱོད་ཚེ། ལབ་ཆུའི་བྱང་ངོས་ཀྱི་ས་བབ་ཅུང་མཐོ་ས་ཞིག་ཏུ་བརྗིད་ཉམས་དོད་པའི་མཁར་རྫོང་སྟེ་ལབ་མདའ་སྡེ་བ་ཞེས་པ་ཞིག་ཡོད་ལ། ད་ལྟའི་བར་དུ་ལོ་ངོ་300ལྷག་གི་ལོ་རྒྱུས་ལྡན། དེ་ནི་ཁྲི་འདུ་རྫོང་ཁོངས་སུ་ཆ་ཚང་བར་ཉར་ཚགས་བྱས་པའི་སྡེ་བ་ཁོ་ན་ཡིན་ལ། ལབ་ཞང་གི་གནའ་བོའི་བོད་གྲོང་གི་ལོ་རྒྱུས་གནའ་ཤུལ་མང་པོའི་ཁྲོད་རིག་གནས་ཀྱི་གྲ་ཟུར་མ་ཉམས་པར་ཡོད་པའི་མཚོན་བྱེད་རང་བཞིན་གྱི་བཀོད་པ་ཞིག་རེད། 

རྒྱལ་བུ་ཉི་མས“ལབ་མདའ་སྡེ་བ་ནི་འབྲི་ཆུའི་བཞུར་རྒྱུན་གྱི་ཡུལ་སྐོར་ལམ་རྒྱུད་དུ་རིན་ཐང་ཧ་ཅང་ཆེ་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་མཚོན་པའི་མཛེས་ལྗོངས་ཤིག་ཡིན་པས། ལབ་ཞང་སྲིད་གཞུང་གིས་ལྷ་སའི་ཐང་སྡེ་བ་ལྟེ་བར་བྱས་ཏེ་ལབ་མདའ་སྡེ་བ་སོགས་ཀྱིས་མཚོན་པའི‘གནས་དགུ་རྒྱུད་གཅིག’གི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་ཡོད”ཅེས་བཤད།

གནའ་བོའི་བོད་གྲོང་རིག་གནས་ཡུལ་སྐོར་གྲོང་རྡལ་གྱི་ལྟེ་གནས་ཏེ་ལྷ་སའི་ཐང་སྡེ་བར་ཐོན་པ་ན། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་དང་ཞིབ་ཆ་དོད་པའི་རྟེན་མཛོད་ཁང་ཆུང་གྲས། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དམངས་ཤག དེང་རབས་ཅན་གྱི་ཡུལ་སྐོར་སྣེ་ལེན་ལྟེ་གནས་བཅས་ཀྱིས་ཡུལ་སྐོར་པ་རྣམས་ལ་མྱོང་ཚོར་མི་འདྲ་བ་སྟེར་ངེས། ལྷ་སའི་ཐང་སྡེ་བའི་མཐོ་ས་ནས་མར་ལྟ་སྐབས་སྡེ་བ་དེ་ནི་གཡུ་འབྲུག་ཆེན་པོ་ཞིག་གྲོག་རོང་དུ་ཉལ་ཡོད་པ་དང་འདྲ་ཞིང་། སྡེ་བའི་སྲང་ལམ་དུ་སྐྱོད་པའིི་སྐབས་སུ། རྡོག་འོག་ཏུ་ཡོད་པ་ནི་རྡོ་ལེབ་ཀྱིས་བཏིང་བའི་ལམ་དང་།མིག་ལམ་དུ་མངོན་པ་ནི་རྡོ་ཁང་དང་རྡོའི་བར་ཁྱམས་ཡིན་ལ།ད་དུང་གྲལ་འགྲིག་གྲ་དག་པའི་སྲང་ལམ་རིང་དུ་འཐེན་ཡོད་པ་བཅས་སྡེ་བ་དེར་གནའ་བོའི་ཉམས་ཀྱིས་ཕྱུག་ཡོད།


བྱ་འགུལ་སྣ་ཚོགས་སྤེལ་བཞིན་པ། 

རྒྱལ་བུ་ཉི་མས“བཟོ་འགོད་ཧྲིལ་པོར་སྲོལ་རྒྱུན་གྱི་ཉམས་འགྱུར་སླར་གསོ་བྱས་པ་བརྒྱུད་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། གདོད་མའི་རིག་གནས་འགྲེམས་སྟོན་བྱེད་པ་གཙོ་གནད་དུ་བཟུང་ནས་སྡེ་མི་དང་ཡུལ་སྐོར་པར་རིགས་མི་འདྲ་བའི་འགྲེམས་སྟོན་ཁྲོད་གནའ་ཉམས་དོད་པའི་རིག་གནས་ཉམས་སུ་མྱོང་དུ་འཇུག་གི་ཡོད་པ་དང་། དེ་དང་ཆབས་ཅིག  ལབ་ཞང་དམངས་ཤག་གི་སྣེ་ལེན་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བས། ཡུལ་སྐོར་པས་བོད་རིགས་ཞང་གི་འཚོ་བའི་གོམས་སྲོལ་ཉམས་སུ་མྱོང་ཐུབ་པ་མ་ཟད།མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”ཅེས་བཤད། 

རྒྱལ་བུ་ཉི་མས་བཤད་པ་ནང་བཞིན། ལབ་ཞང་གི་གནའ་བོའི་བོད་ཀྱི་རིག་གནས་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་བྱས་པ་དེས་ཡུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་བར་སྐུལ་མ་ཐེབས་པ་མ་ཟད།“རིག་གནས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཀྱིས་དམངས་འཚོ་འགན་ལེན་བྱེད་པའི”དམིགས་ཚད་ཀྱང་མངོན་འགྱུར་བྱུང་ཡོད། གནས་དེ་རུ་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་འཚམ།འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་ཀྱི་མཛེས་ལྗོངས་ཤིག་རིམ་བཞིན་བཏོད་དང་གཏོད་མུས་སུ་མཆིས། 

གནའ་ཉམས་དོད་པའི་རྡོ་གྱང་དང་མེ་ཏོག་བརྐོས་པའི་སྒོ་ཆེན་སོགས་སྡེ་མི་འཇིགས་མེད་ཚེ་རིང་གི་གནའ་བོའི་བོད་གྲོང་ཁྱིམ་ཚང་མགྲོན་ཁང་དུ་སོང་བ་ན། ཁམས་པའི་འཛུགས་སྐྲུན་གྱི་ཉམས་འགྱུར་གང་སར་མཐོང་ཞིང་། སྒོ་རའི་ནང་དུ་ཐོག་བརྩེགས་གསུམ་ལྡན་གྱི་ཁང་པ་གྱན21ཅན་ཞིག་ཡོད་པ་རེད། 

འཇིགས་མེད་ཚེ་རིང་གིས“ང་ཚོའི་དམངས་སྲོལ་ལ་ཁྱད་ཆོས་ལྡན་པས་ཡུལ་སྐོར་པ་མང་པོ་འདིར་སྡོད་རྒྱུར་དགའ་ཞིང་། གྲོང་རྡལ་ཆུང་ངུའི་སྐད་གྲགས་ཇེ་ཆེར་སོང་བ་དང་ཆབས་ཅིག་ང་ཚོའི་ཚོང་ཁ་ཡང་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད། 

འཇིགས་མེད་ཚེ་རིང་དང་འདྲ་བའི་གནའ་བོའི་བོད་ཀྱི་རིག་གནས་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ནས་ཕྱུག་འགྱུར་གྱི་ལམ་བུ་རྙེད་པའི་འབྲོག་པ་མི་ཉུང་བ་ཞིག་ཡོད་པ་རེད། ཚེ་རིང་སོགས་ཕ་ཡུལ་དུ་ཕྱིར་ལོག་པའི་ཡུལ་དེའི་སློབ་ཆེན་སློབ་མ16གིས་ཞང་ཏང་ཨུ་དང་སྲིད་གཞུང་གི་ཁྲིད་སྟོན་དང་རྒྱབ་སྐྱོརའོག མཚོ་སྔོན་བོད་གྲོང་གི་སློབ་ཆེན་སློབ་མའི་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་ཞེས་པ་བཙུགས་ཏེ། ཕ་ཡུལ་གྱི་ཡུལ་སྐོར་བྱ་གཞག་ལ་སྟོབས་ཤུགས་འདོན་པའི་མཚུངས་སུ། འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་གཞོན་ནུ་སྔར་ལས་མང་པོར་སྐུལ་ཁྲིད་བྱེད་ཀྱིན་ཡོད། ལྷ་སའི་ཐང་སྡེ་བའི་སྡེ་མི་ཁ་ཤས་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་པའི་བརྒྱུད་རིམ་ཁྲོད། རང་སའི་རྡོ་རྩིག་ལག་རྩལ་འདོན་སྤེལ་གང་ལེགས་བྱས་པས་རང་ཁྱིམ་གྱི་སྒོ་ཁར་འབབ་འཕར་བྱུང་ཡོད། 

ད་ལྟ། ལབ་ཞང་གི་ཡུལ་སྲོལ་གོམས་འདྲིས་དང་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་དུ་འདྲེས་ཏེ། རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་མཚོན་པའི་མཛེས་ལྗོངས། སྐྱེ་ཁམས། དམངས་སྲོལ། སྤྲོ་གསེང་སོགས་གཞི་གཅིག་ཏུ་འདྲེས་པའི་མཚོ་སྔོན་གྱི་གནའ་བོའི་བོད་ཀྱི་རིག་གནས་ཡུལ་སྲོལ་གྱི་ཡུལ་སྐོར་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད། གནས་དེས་རང་གི་གཏིང་ཟབ་པའི་ལོ་རྒྱུས་དང་དུས་རབས་ཀྱི་ཁྱད་ཆོས་ལ་བརྟེན་ནས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་པ་ཞིག་མངོན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号