“སྦྲང་ཆར་རྩོམ་རིག་བྱ་དགའ”སྐབས་བཅུ་གཅིག་པ་སྤེལ་པའི་མཛད་སྒོ་ཐུན་རིན་གྲོང་ཁྱེར་དུ་བསྡུས་པ།

ཟླ8པའི་ཚེས9ཉིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང《སྦྲང་ཆར》རྩོམ་སྒྲིག་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་རོགས་སྒྲུབ་བྱས་པའི“ཛམ་དཀར”རྟགས་མའི“སྦྲང་ཆར་རྩོམ་རིག་བྱ་དགའ”སྐབས་བཅུ་གཅིག་པ་གནང་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་བསྡུས། མཛད་སྒོ་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མགོན་པོ་ཚེ་རིང་གིས་མགོ་འཛིན་གནང་ཞིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧྲེ་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ་བསམ་གྲུབ་ལགས་ཀྱིས་གཏམ་བཤད་སྤེལ།

པར་འདི་ནི་ཚོགས་རའི་རྣམ་པ་རེད།

སྐབས་འདིའི“སྦྲང་ཆར་རྩོམ་རིག་བྱ་དགའ”ཡང«སྦྲང་ཆར་རྩོམ་རིག་བྱ་དགའི་དཔྱད་འདེམ་རྩ་དོན»ལྟར། དཔྱད་འདེམ་ཚོགས་པས་ཐོག་མའི་དཔྱད་འདེམ་དང་བར་གྱི་གཤིབ་སྡུར། མཐའ་མའི་ཐག་གཅོད་བཅས་བརྒྱུད་དེ། 2021ལོ་ནས2023ལོ་བར་གྱི《སྦྲང་ཆར》དུས་དེབ་དེབ་བཅུ་གཉིས་སྟེང་སྤེལ་པའི་བརྩམས་ཆོས་ལས། ཚེ་ལོ་ཐར་གྱི་བརྩམས་ཆོས «ཟླ་འོད་འོག་གི་ལོང་བ» (སྒྲུང་འབྲིང)དང་མཚོ་སྐྱེས་ཀྱི་བརྩམས་ཆོས«གོ་ཁ» (སྙན་ངག) ། སོག་རུ་ཀརྨ་ཀུན་ཁྱབ་ཀྱི་བརྩམས་ཆོས«ས་ཡི་རྟེན་ཕུར་ནམ་ར»(ལྷུག་རྩོམ)གསུམ་ལ“སྦྲང་ཆར་རྩོམ་རིག་བྱ་དགའ”དང་། བདུད་ལྷ་རྒྱལ་གྱི་བརྩམས་ཆོས«ལོ་རྒྱུས་ཀྱི་བསྡུས་གཟུགས» ལ“སྦྲང་ཆར་གཞུང་ལུགས་དཔྱད་བརྗོད་བྱ་དགའ”། སྒར་བ་ཚེ་བཀྲའི་བརྩམས་ཆོས«ལས་འཕྲོའི་མདུད་པ» (སྒྲུང་ཐུང) དང་གཡུ་སྒྲོན་འཚོའི་བརྩམས་ཆོས«གསེར་གྱི་རྣ་ལོང་ཡ་གཅིག»(སྒྲུང་ཐུང) གཉིས་ལ“སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ་པ་རེད། བརྩམས་ཆོས་དེ་དག་གི་བརྗོད་དོན་དང་བསམ་བློ། མཚོན་ཐབས་སོགས་གང་གི་ཐད་ནས་ཀྱང་ཆུ་ཚད་ཅུང་མཐོ་ཤས་སུ་སླེབས་ཡོད་པར་ངོས་འཛིན་བྱེད་ཆོག་ཅེས་ཚོགས་ཞུགས་ཆེད་མཁས་པས་མགྲིན་གཅིག་ཏུ་སྨྲ།

པར་འདི་ནི་སྐབས་འདིའི་རྩོམ་རིག་བྱ་དགའ་ཐོབ་མཁན་དང་རྩོམ་སྒྲིག་པ་ལྷན་རྒྱས་ཀྱི་མཉམ་པར་རེད།

དགེ་རྒན་བདུད་ལྷ་རྒྱལ་གྱིས་བྱ་དགའ་ཐོབ་པའི་རྩོམ་པ་པོ་དག་གི་ཚབ་བྱས་ཏེ་བྱ་དགའ་གནང་མཁན་གྱི་འབྲེལ་ཡོད་ལས་ཁུངས་ལ་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག རྗེས་མའི་ཆ་ལ་ཡང་མུ་མཐུད་དུ་གསར་རྩོམ་ཐད་འབད་པ་རྒྱུན་འཁྱོངས་བྱས་ནས། ཐེངས་འདིའི་བྱ་དགའ་གནང་མཁན་གྱི་ལས་ཁུངས་དང་སྦྱིན་བདག་གིས་ངོ་གནོང་མི་དགོས་པ་དང་། ཀློག་པ་པོ་རྣམས་ཀྱིས་ཡིད་ཚིམ་པའི་བརྩམས་ཆོས་མང་བོ་འབྲི་བར་འབད་པ་བྱས་ཏེ། བོད་ཀྱི་རྩོམ་རིག་གི་སྡེ་ལ་རང་གི་རིག་པའི་རྩལ་དང་བློ་གྲོས་ཀྱི་ནུས་པ་དབུལ་རྒྱུའི་ཆོད་སེམས་ཡོད་ཅེས་བསྟན།

“སྦྲང་ཆར་རྩོམ་རིག་བྱ་དགའ”ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང«སྦྲང་ཆར»རྩོམ་སྒྲིག་ཁང་གིས་སྤྱི་ལོ1994ལོར་སྤེལ་མགོ་ཚུགས་པའི་བོད་ཀྱི་རྩོམ་རིག་གི་བྱ་དགའ་ཆེས་མཐོ་གྲས་ཤིག་ཡིན། བྱ་དགའ་འདི་ལོ་གསུམ་རེའི་ནང་ཐེངས་རེ་སྤེལ་བཞིན་ཡོད་ཅིང་། མིག་སྔའི་བར་སྐབས་བཅུ་ཐམ་པ་བདེ་བླག་ངང་སྤེལ་ཟིན་ལ། སྔ་ཕྱིར་རྩོམ་ལུས་མི་འདྲ་བ70ལ་བྱ་དགའ་ཐོབ། སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་སྡེ་རུ་སྒྱུ་རྩལ་དང་བསམ་བློ་གང་གི་ཆ་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་ཆེས་མཐོ་བའི་ཆུ་ཚད་ལ་སླེབས་ཤིང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་ལྷག་པར་དུ་བོད་ཀྱི་རྩོམ་པ་པོའི་སྡེ་ཡིས་དོ་སྣང་ཆེན་པོ་བྱེད་བཞིན་མཆིས།

པར་འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧྲེ་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ་བསམ་གྲུབ་ལགས་ཀྱིས་ཐེངས་འདིའི་རྩོམ་རིག་བྱ་དགའི་སྦྱིན་བདག་ཀན་སུའུ་ཛམ་དཀར་ཨར་ལས་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་འགན་འཛིན་པ་ནོར་བུ་ལགས་ལ་དྲན་རྟེན་གྱི་རྟགས་མ་གནང་བའི་རྣམ་པ་རེད།

 པར་འདི་ནི་ཚོགས་རའི་རྣམ་པ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་དགའི་འགྲོ་སོང་ཐད་མ་དངུལ་གྱི་མཐུན་རྐྱེན་སྦྱོར་མཁན་ནི་ཀན་སུའུ་ཛམ་དཀར་ཨར་ལས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཡིན་ལ། “སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་མཁན་དང“སྦྲང་ཆར་རྩོམ་རིག་དཔྱད་བརྗོད་བྱ་དགའ”ཐོབ་མཁན་གྱི་མི་རེར་དམངས་སྒོར8000རེ་དང་། “སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ་མཁན་གྱི་མི་རེར་དམངས་སྒོར4000རེའི་བྱ་དགའ་གནང་། དེ་དང་དུས་མཚུངས་སུ་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་རྩོམ་སྒྲིག་འགན་འཁུར་པ་པད་མ་དབང་ཆེན་དང་། ཁོན་ཐར་རྒྱལ། སྙིང་རྒྱལ་འབུམ་གསུམ་ལའང་བྱ་དགའི་དངུལ་དང་དཔང་ཡིག་གནང་བ་རེད། 

པར་འདི་ནི་ཚོགས་ཞུགས་མི་སྣའི་མཉམ་པར་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号