མགོ་ལོག་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི1954ལོར་བཙུགས་ཤིང་། དེ་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ30ལས་མི་རིགས་གཙོ་བོའི་བསྡུར་ཚད་མཐོ་ཤོས་དང་མཚོ་འཕགས་ཆ་སྙོམས་ཀྱིས་མཐོ་ཤོས། མི་རེའི་ས་ཁྱོན་ཟིན་ཚད་ཆེ་ཤོས་བཅས་ཡིན་པར་མ་ཟད། སྐྱེ་ཁམས་གོ་གནས་ཤིན་ཏུ་གལ་ཆེ་བའི་རང་སྐྱོང་ཁུལ་ཞིག་ཡིན། ལོ་ངོ70ཡི་རིང་ལ། ཏང་གི་མི་རིགས་ས་ཁུལ་རང་སྐྱོང་གི་སྲིད་ཇུས་བཟང་པོའི་འོག་ཏུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་དང་སྲིད་ཇུས་ནན་ཏན་གྱིས་དོན་འཁྱོལ་མཐར་ཕྱིན་བྱས་པར་མ་ཟད། སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་དང་རིག་གནས། སྐྱེ་ཁམས་སོགས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། ནང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཆད་དུ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་མོ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཡིད་ཆེས་ཟབ་མོ་དང་འབད་པ་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་དེ། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ལས་དོན་ཕྱོགས་སུ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འཕེལ་འགྱུར་བྱུང་ཡོད།

ལོ་ངོ70རིང་གི་མགོ་ལོག་གི་སྐབས་རིམ་བྱུང་གི་ཏང་ཨུ་དང་སྲིད་གཞུང་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་མཐར། མགོ་ལོག་གིས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་བརྒྱུད་རིམ་རླབས་ཆེན་ཞིག་བརྒྱུད་ཅིང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གྲུབ་པར་བྱས་ལ། རྩྭ་ཐང་གི་བུ་བུ་མོ་རྣམས་ཀྱིས་འབྱོར་འབྲིང་གི་འཚོ་བར་རོལ། དེང་སྐབས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་སྤོབས་ཆེར་བསྐྱེད་དང་གདེང་ཚོད་བརྟན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་པར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གང་ནུས་སྒོས་བསྐྲུན་ཅིང་། “གནས་བཞིའི”འཛུགས་སྐྲུན་ཏན་ཏིག་གིས་སྐུལ་སྤེལ་བྱས་པ་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་སྐུལ་འདེད་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་གསར་གཏོད་མཐོར་འདེགས་བཏང་ནས། ཧུར་ཐག་གིས་དེང་རབས་ཅན་གྱི་མགོ་ལོག་འཛུགས་སྐྲུན་གྱི་ལེའུ་གསར་པ་འབྲི་བཞེང་བྱེད་བཞིན་ཡོད།

ལག་ལེན་ལས་ར་སྤྲོད་བྱས་ཡོད་པ་ནི། འདས་པའི་ལོ་ངོ70རིང་གི་མགོ་ལོག་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གངས་ལྗོངས་མཐོ་སྒང་ནས་དཀའ་བ་ཁྱད་བསད་དང་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པའི་བསྡུས་གཟུགས་ཤིག་རེད། ལོ་ངོ70ཡི་རིང་ལ་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་ཡང་དག་པའི་ཁྲིད་སྟོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཅངས་པའི་ཐུགས་ཁུར་དང་རྒྱབ་སྐྱོར་བཅས་ལ་མཐའ་གཅིག་ཏུ་རག་ལས་པར་མ་ཟད། རྒྱལ་ཁབ་པུའུ་ཨུ་དང་ཧྲང་ཧའེ་གྲོང་ཁྱེར། ཤར་ནུབ་ཀྱི་རོགས་རེས་ཞིང་ཆེན། ཀྲུང་དབྱང་ཁེ་ལས་བཅས་ཀྱི་ཕངས་མེད་རོགས་སྐྱོབ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ལའང་རག་ལས།

ལོ་ངོ70ཡི་རིང་ལ། མགོ་ལོག་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་རབ་མཛེས་རི་མོ་བྲིས།

ད་ལོའི་ཟླ6པའི་ཚེས18ཉིན་ནས་ཚེས19ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་རྣམ་པ་ཕུན་སུམ་ཚོགས་ལ་གནོད་འཚེ་ཕོག་སླ་བས། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་ཤུགས་བསྣན་ནས། སྐྱེ་ཁམས་ཀྱི་བྱེད་ནུས་ཆེ་ཤོས་ཐོན་པར་བྱེད་རྒྱུ་ནི་ས་ཁུལ་འདིའི་འོས་འགན་གཙོ་བོ་དེ་ཡིན།

མགོ་ལོག་འཕེལ་རྒྱས་སུ་ཕྱིན་པའི་ལོ་ངོ70ཡི་རིང་ལ། ང་ཚོས་ཐོག་མཐའ་ཀུན་ཏུ“རིན་ཐང་ཆེ་ཤོས་དང་འགན་ཁུར་ལྕི་ཤོས་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ལ། བག་ནུས་ཆེ་ཤོས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད”ཅེས་པའི་གནས་བབ་འདི་ལ་རྐང་བཙུགས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་གང་ནུས་བྱས། ནང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཆད་དུ། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་ནན་ཏན་གྱིས་ལག་ལེན་བྱས་ཤིང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར35བཏང་བའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བཟོ་འགོད་དང་པོ་དང་གཉིས་པ་ལེགས་འགྲུབ་བྱུང་། ལས་གཞིའི་ཁུལ་གྱི་རྩྭ་ཐང་ལ་སྤང་གིས་ཁེབས་ཚད་བརྒྱ་ཆའི་ཆ14འཕར་ལ60.62%ལ་སླེབས། དེ་ལས་ས་ནག་བཅོས་སྐྱོང་ཁུལ་གྱི་སྤང་གི་ཁེབས་ཚད20%ནས85%ཡི་ཡན་ལ་འཕར། ནགས་ཚལ་གྱི་ཁེབས་ཚད13.4%ལ་སླེབས། རྨ་ཆུའི་ས་མཚམས་བཅད་ངོས་ཀྱི་ཆུ་སྤུས་ཐོག་མཐའ་ཀུན་ཏུ་རིགསⅠརྒྱུན་སྲུང་བྱས་ཤིང་། མི་ཁྲི15.48ལ་ཉེ་བས་སྐྱེ་ཁམས་ཀྱི་ཁ་གསབ་མྱངས་ཏེ་སྐྱེ་ཁམས་ཀྱི་ཟ་མ་རག་ཡོད། རོང་འབྲོག་ཁུལ་གྱི་གཞིས་སྡོད་ཁོར་ཡུག་བཅོས་སྐྱོང་དང་། མཚོ་དང་གཙང་པོའི“རྙོག་བཞི་སེལ་བ།” མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གསར་འཛུགས་སོགས་གཏིང་ཟབ་ཏུ་སྤེལ་བས། རྒྱལ་ཁབ་ཀྱི་ས་ཁོངས་ལྗང་བསྒྱུར་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་གླིང་ཁུལ་ཚོད་ལྟའི་གནས་ཀྱི་འོས་འགན་དུས་ལྟར་ལེགས་འགྲུབ་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་དཔོན་དང་ནགས་དཔོན་ལམ་ལུགས་ཀྱི་ཚོད་ལྟའི་བྱ་བ་ཐོག་མར་སྤེལ་ནས། མངའ་ཁོངས་ཀྱི་གཙོད་དང་གསའ་སོགས་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་ཇེ་མང་དུ་སོང་ལ། རང་བྱུང་ཁོར་ཡུག་དང་གཞིས་སྡོད་ཁོར་ཡུག་ཇེ་གཙང་ཇེ་མཛེས་སུ་གྱུར།

ལོ་ངོ70ཡི་རིང་ལ། མགོ་ལོག་གི་ཁྱད་ལྡན་ཐོན་ལས་ཀྱི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་བསྟན་དོན། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད་པས། ཐོན་ལས་གོང་སྤེལ་གཏོང་དུས་ངེས་པར་སྒྲུབ་རུང་དང་མི་རུང་གི་བླང་བྱ་རྒྱུན་འཁྱོངས་བྱེད་དགོས་ལ། ས་གནས་རང་གི་ཁྱད་ཆོས་དང་དགེ་མཚན་ཐོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་ཤུགས་ཆེར་བྱེད་དགོས། ཁོང་གིས་ནན་གྱིས་བསྟན་དོན། ཚན་རྩལ་ཞིབ་འཇུག་དང་གྲུབ་འབྲས་གཞན་བསྒྱུར་གཉིས་ཀ་དམ་དུ་བཟུང་ནས། ལག་རྩལ་གསར་པ་རྒྱ་ཆེར་སྤྱོད་པ་དང་། ས་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་ལེགས་བསྒྱུར་རིམ་སྤར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་བཏང་ཐོག  ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱེད་དགོས།

ལོ་ངོ70ཡི་རིང་ལ། མགོ་ལོག་གི་ཐོན་ལས་རྣམ་པ་ཆིག་རྐྱང་གི་ལམ་ནས་སྣ་མང་ཅན་དང་། རགས་གཉེར་གྱི་ལམ་ནས་གཅིག་བསྡུས་ཅན། སྲོལ་རྒྱུན་གྱི་ལམ་ནས་དེང་རབས་ཅན་དུ་ཕྱོགས། དུས་ད་ལྟ། རྒྱུན་མཐུད་འཕེལ་རྒྱས་དང་སྐྱེ་ཁམས་སྔོན་དུ་འགྲོ་བ། ལྗང་མདོག་འཕེལ་རྒྱས་བཅས་ཁ་ཕྱོགས་སུ་འཛིན་པའི་འཐབ་ཇུས་མཛུབ་སྟོན་གྱི་འོག་ཏུ། ཁྱད་ཆོས་ལྡན་པའི་ཐོན་ལས་དང་དགེ་མཚན་ལྡན་པའི་ཐོན་ལས་ལ་གསོན་ཤུགས་རྒྱས་ཤིང་། ཁུལ་ཡོངས་སུ་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་ལས་རྟེན་གཞི205བཙུགས་ཏེ་གྲོང་གསེབ་ཀུན་ལ་ཁྱབ་ཡོད། མཉམ་ལས་ཁང22ཞིང་ཆེན་རིམ་པའི་ཚོད་ལྟའི་མཉམ་ལས་ཁང་དུ་བདམས་ལ། “གངས་ལུང་གི་བྱེད་ཐབས”དང“བྲག་འཁྱོག་གི་དཔེ་གཞི”སོགས་དཔེ་མཚོན་དུ་རུང་བའི་ཉམས་མྱོང་མཚོ་སྔོན་ཞིང་ཆེན་ནས་རྒྱ་ཆེར་སྤེལ། ད་ལྟ། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་སྤྱིའི་ཐོན་འབོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད4.26%ལ་སླེབས། ཞིང་ཕྱུགས་ལས་ཀྱི་འཕར་སྣོན་ཐོན་འབོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད4.21%ཡིན། ཁུལ་ཡོངས་ཀྱི་རྩྭ་སའི26%དང་ནོར་ལུག་གི52%དང་ཁེ་ལས9ཡི་ཐོན་རྫས་ལ་སྐྱེ་ལྡན་གྱི་བདེན་དཔང་ཐོབ་སྟེ། མཚོ་སྔོན་ཞིང་ཆེན་གྱི་བདེན་དཔང་ཐོབ་པའི་རྟེན་གཞིའི་གཞི་ཁྱོན་ཆེ་ཤོས་དང་ཕྱུགས་ཀྱི་ཁ་གྲངས་མང་ཤོས། ཐོན་རྫས་ཀྱི་རིགས་སྣ་ཕུན་སུམ་ཚོགས་ཤོས་བཅས་ཡིན་པའི་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་སྐྱེད་ས་ཁུལ་དུ་གྱུར། མཉམ་ལས་ཅན་གྱི་རྩ་འཛུགས457བཙུགས་ཏེ། སྐྱེ་ལྡན་ཟོང་རྟགས་ཀྱི་ཤན་ཤུགས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པས། ང་ཚོའི་གོམ་སྟབས“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སར་འགྱུར་བ”ཡི་ཕྱོགས་སུ་སྐྱོད་བཞིན་ཡོད། མགོ་ལོག་གི་སྲིད་གཞུང་གསར་པ་དང་པོར་འཛུགས་པའི་དུས་དང་བསྡུར་ན། 2023ལོར་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར67.2ལ་སླེབས་ཤིང་ལྡབ་སྟོང་ཕྲག་ཏུ་ཉེ་བ་འཕར་ཡོད། ཞིང་ཕྱུགས་ལས་དང་ནགས་ལས་ཉ་ལས་ཀྱི་སྤྱིའི་ཐོན་འབོར་སྒོར་དུང་ཕྱུར12.12ལ་སླེབས་པས། 1952ལོའི་སྒོར་ཁྲི3072.04དང་བསྡུར་ན་ལྡབ38.45འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར3.57ལ་སླེབས་ཏེ་ལྡབ་ལྔ་སྟོང་ཙམ་འཕར། ས་གནས་ཀྱི་སྤྱིར་བཏང་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར118.8ལ་སླེབས་ཏེ། 1990ལོ་དང་བསྡུར་ན་ལྡབ201.6འཕར་ཡོད་ལ། 2000ལོ་ལས་ལྡབ53.3འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་ཕྱིར་འཚོང་གི་སྤྱི་འབོར་སྒོར་དུང་ཕྱུར13.26ལ་སླེབས་ཤིང་། 1954ལོ་ལས་ལྡབ2048འཕར། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་སྤྱོད་ཆོག་པའི་ཡོང་སྒོ་སྒོར44365ལ་སླེབས་པས་ལྡབ་བརྒྱ་ཕྲག་ལ་ཉེ་བ་འཕར་ཡོད། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་སྤྱོད་ཆོག་པའི་ཡོང་སྒོ་སྒོར12404ལ་སླེབས་ཏེ་འཕར་ཚད་ལྡབ་བརྒྱ་ཕྲག་ལས་བརྒལ་ཡོད། གཞན་ཆེད་དུ་བརྗོད་རི་བ་ཞིག་ཡོད་པ་ནི། ཧྲང་ཧའེ་ཡིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ཆད་དང་། དེ་ལས་ཀྱང2013ལོའི་ཚུན་ཆད་དུ་ཁྱོན་བསྡོམས་མཚོ་སྔོན་ལ་མ་དངུལ་སྒོར་དུང་ཕྱུར30.92ཙམ་གྱིས་ཁ་གཏད་རོགས་སྐྱོར་བྱས་ཡོད་ཅིང་། རོགས་སྐྱོར་ལས་གཞི883ལག་བསྟར་བྱས་ཏེ། མགོ་ལོག་གི་འཕེལ་རྒྱས་ལ་རམ་འདེགས་བྱེད་མཁན་གལ་ཆེན་ཞིག་ཏུ་གྱུར།

ལོ་ངོ70ཡི་རིང་ལ། མགོ་ལོག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་།

མགོ་ལོག་ཁུལ་གྱིས་ཐོག་མཐའ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་སྔོན་དུ་མི་རིགས་ཀྱི་བྱ་བ་མ་བསྒྲུབས་ན་སྤྱི་ཡོངས་ཀྱི་བྱ་བ་བསྒྲུབ་ཐབས་མེད”ཅེས་པའི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་འཛིན་པ་དང་། ཞིང་ཆེན་ཏང་ཨུའི“དེང་རབས་ཅན་དྲུག”གི་མཚོ་སྔོན་གསར་པའི་འབད་འཐབ་དམིགས་འབེན་ལ་དམིགས་པ། ཁུལ་ཨུའི“སྤྱི་འདོམས་གཅིག་དང་སྐུལ་སྤེལ་བཞི”ཡི་སྤྱིའི་རིགས་ལམ་ལ་དམ་དུ་སྦྲེལ་བ་དང་། མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཐོག་མཐའ་ཀུན་ཏུ་གཙོ་ཐིག་དང་མི་འབྲལ་བར་གཙོ་ཐིག་ལ་ཞབས་ཞུ་སྒྲུབ་ཐུབ་པ་ཞིག་ཡོང་བར་ཁག་ཐེག་བྱས། ང་ཚོས་ལོ་རྒྱུས་དོན་དངོས་ཐབས་མཁས་ཀྱིས་སྤྱོད་པར་གཙིགས་མཐོང་བྱས་ཏེ། དམར་དམག་རྒྱང་སྐྱོད་བྱས་མྱོང་སའི་པད་མའི་དམར་པོའི་ལོ་རྒྱུས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཤིང་། དམར་པོའི་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཐོན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། གཞུང་ལུགས་ཀྱི་ཞིབ་འཇུག་ལ་གཙིགས་མཐོང་བྱས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་དང་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཞུང་ལུགས་དང་ལག་ལེན་རྟེན་གཞི14བཙུགས། ཉམས་མྱོང་སྤྱི་སྡོམ་དང་ལེགས་འདོན་ལ་གཙིགས་མཐོང་བྱས་ཏེ། ཁྱོན་ཡོངས་ནས་གསར་འཛུགས་བྱ་བའི་ཁྲོད་ཀྱི་བྱེད་ཐབས་ཡག་པོ་དང་ཉམས་མྱོང་ལེགས་པོ་ཁོལ་དུ་བཏོན་ནས། “ཏང་འཛུགས་སྐྲུན་བཟུང་ནས་མཉམ་ཤུགས་གཅིག་སྒྲིལ་བྱེད་པ”མིང་གྲགས་ཅན་དང་། “བསམ་བློར་ཤུགས་བསྣན་ནས་ཐུན་མོང་ངོས་ཟིན་གཅིག་ཏུ་བསྒྲིལ་བ”སྤྱི་ཡོངས་ཅན། “སྐྱེ་ཁམས་ལ་ཤུགས་བསྣན་ནས་འགན་འཁྲི་མངོན་གསལ་དུ་འདོན་པ”ལྗང་མདོག་ཅན། “ཐོན་ལས་བཟུང་ནས་མཉམ་འདྲེས་ལ་སྐུལ་བ”དངོས་གཉེར་ཅན། “དམངས་འཚོ་ལ་ཤུགས་བརྒྱབ་ནས་ཕན་བདེ་བསྐྲུན་པ”དམངས་ཉེ་ཅན། “ཁྲིམས་སྐྱོང་གཙིགས་སུ་བཟུང་ནས་བརྟན་འཇགས་སྲུང་བ”ལམ་ལུགས་ཅན་དུ་གཏོང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི“མགོ་ལོག་གི་ལག་ལེན་ཉམས་མྱོང”ཆགས་པར་བྱས།

ལོ་ངོ70ཡི་རིང་ལ། མགོ་ལོག་གི་དམངས་འཚོའི་འགན་སྲུང་ཆུ་ཚད་ལ་ལེགས་བཅོས་ཆེན་པོ་བྱུང་།

1954ལོར་མགོ་ལོག་ཁུལ་སྲིད་གཞུང་གསར་པ་ཐོག་མར་འཛུགས་སྐབས། ཁུལ་ཡོངས་སུ་མི་འབོར་ཁྲི5.6ལས་མེད་ལ། ལོ་ངོ70ཡི་རིང་ལ། ཁུལ་ཡོངས་ཀྱི་མི་འབོར་ཁྲི22.2ལ་སླེབས་ཤིང་ལྡབ3འཕར། ལོ་ངོ70ཡི་རིང་ལ། ཏང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པའི་འོག ང་ཚོས“མི་དམངས་ལྟེ་བར་འཛིན་པ”རྒྱུན་འཁྱོངས་བྱས་ཤིང་། ནོར་སྲིད་ཀྱི་སྤྱིའི་འགྲོ་གྲོན་ལས80%ཡན་དམངས་འཚོའི་ཕྱོགས་སུ་བཏང་ནས། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་བཏང་།

དབུལ་ཐར་འགག་སྒྲོལ་གྱི་ཚུན་ཆད་དུ། ང་ཚོས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་ལ་དམ་དུ་དམིགས་ནས། ཁུལ་ཡོངས་ནས་དབུལ་ཐར་འགག་སྒྲོལ་ལ་འབད་པས། ཁུལ་ཡོངས་ཀྱི་རྫོང6གི་དབུལ་ཞྭ་ཕུད་ཅིང་། སྡེ་བ74དབུལ་ཕོངས་ཀྱི་གྲས་ནས་བཏོན། ཚགས་བཙུགས་བྱང་སྒྲིག་གི་ཁྱིམ་ཚང13898དང་མི47262དབུལ་ཕོངས་ལས་ཐར་ཅིང་། ལྟོས་མེད་དབུལ་ཕོངས་མི་འབོར་ཡོངས་སུ་བསལ། དབུལ་ཐར་མང་ཚོགས་ཀྱི་མི་རེའི་ཡོང་སྒོ་སྨར་རྐྱང2015ལོའི་སྒོར1930ནས་སྒོར15473དུ་འཕར་བས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ལོ་ངོ་སྟོང་ཕྲག་རིང་གི་ལྟོས་མེད་དབུལ་ཕོངས་ཀྱི་སྣང་ཚུལ་རྩ་བ་ནས་སེལ་ཞིང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས། ནང་སྒོས་སུ་མི་རིགས་སློབ་གསོ་སྔོན་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། ད་ལྟར་འོས་འགན་སློབ་གསོའི་སློབ་གྲྭ67དང་བྱིས་སྙོར་ཁང38། རིམ་པ་དང་རིགས་སྣ་ཚོགས་ཀྱི་སློབ་གྲྭའི་སློབ་མ་ཁྲི5.55བཅས་ཡོད། གཞན་ཡུལ་དུ་སློབ་གྲྭ་སྒྲུབ་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དུ་བཏང་ལ། མ་དངུལ་སྒོར་དུང་ཕྱུར1.3བཏང་བའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ལེགས་འགྲུབ་བྱུང་སྟེ་དངོས་སུ་ཚོགས་པ་དང་། ཁྱོན་བསྡོམས་སློབ་མ5813གཞན་ཡུལ་དུ་སློབ་གཉེར་བྱེད་པར་བཏང་། དུས་མཚུངས་སུ་ང་ཚོས“བདེ་ཐང་མགོ་ལོག”གི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། མཁར་གྲོང་གི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ལ། ཁུལ་རྫོང་ཞང་སྡེ་བཅས་རིམ་པ་བཞིའི་སྨན་བཅོས་སྡེ་ཁག་ཚང་མ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་པས། མཚོ་སྔོན་ཞིང་ཆེན་དུ་ཐོག་མར་སྨན་བཅོས་འཕྲོད་བསྟེན་ཆ་འཕྲིན་ཅན་གྱི་ལག་རྩལ་ཚད་གཞི་བསྐྲུན་པ་དང་། ཐོག་མར་བོད་སྨན་ཞབས་ཞུའི་མནའ་འབྲེལ་བཙུགས།

ལོ་ངོ70ཡི་རིང་ལ། མགོ་ལོག་གི་མཁར་གྲོང་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་།

ལོ་ངོ70སྔོན་གྱི་མགོ་ལོག་ཏུ། འབྲོག་པ་མང་ཚོགས་རྩྭ་ཆུ་ལ་བསྙེགས་ནས་འཚོ་ཞིང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་ནས་སྟོང་ཆ་འབའ་ཞིག་ཏུ་ལུས་ཡོད། ལོ་ངོ70ཡི་རིང་ལ་དཀའ་སྤྱད་ལས་གཏོད་བྱས་མཐར། སྦྲ་གུར་ནས་ཐོག་ཁང་དུ་སྤར་ཞིང་། འབྲོག་མི་ནས་གཞིས་དམངས་སུ་གྱུར་ཏེ། མགོ་ལོག་གི་མཁར་གྲོང་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། མགོ་ལོག་གནམ་ཐང་ཤར་གཏོང་བྱས་པར་མ་ཟད། ཟི་ལིང་དང་ལྷ་སར་མཁའ་ལམ་བཏོད་པས། “མགོ་ལོག་ཏུ་ཐག་རིང་པོ་མེད་པ”མངོན་འགྱུར་བྱས། མཛོ་རྒན་ར་བར་ནས་གཅིག་སྒྲིལ་དང་གུང་ཧོ་ནས་ཡུས་ཧྲུའུ་བར་གྱི་མྱུར་ལམ་དང་། རྟ་བོ་ནས་པད་མ་དང་དར་ལག་ནས་ཡུས་ཧྲུའུ་བར་གྱི་གཞུང་ལམ་ཤར་གཏོང་བྱས་ཏེ། མགོ་ལོག་ལ་མྱུར་ལམ་མེད་པའི་ལོ་རྒྱུས་མཇུག་རྫོགས་ཤིང་། རྫོང་མཁར་ལ་རིམ་པ་གཉིས་པ་ཡན་གྱི་གཞུང་ལམ་གཏོད་པའི་དམིགས་འབེན་གྲུབ། དེ་བཞིན་འགྲིམ་འགྲུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་ནུས་པ་སྔར་ལས་མངོན་གསལ་དུ་གྱུར། ཁུལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་བྱས་པའི་ལམ་ཐག་སྤྱི་ལེ་ཁྲི1.3ལས་བརྒལ་ཞིང་། ཞང་དང་གྲོང་རྡལ། སྡེ་བ་དང་ཧྲེ་བཅས་ཡོངས་སུ་རྫོགས་པར་གཞུང་ལམ་བཏོད་ལ། འགྲུལ་སྐྱེལ་རླངས་འཁོར་ཞང་དང་སྡེ་བར་གཏོང་ཚད་སོ་སོར100%དང95%ལ་སླེབས་པས། མང་ཚོགས་ཀྱི་འགྲོ་འོང་སྔར་ལས་སྟབས་བདེར་གྱུར། རྒྱལ་ཁབ་གློག་དྲ་ཁུལ་ཡོངས་ཀྱི་ཞང་དང་གྲོང་རྡལ44ཡི་སྲིད་འཛིན་སྡེ་བ188ལ་ཁྱབ་ཅིང་། རྨ་སྟོད་རྫོང་རྒྱལ་ཡོངས་ཀྱི་མཚོ་འཕགས་མཐོ་ལ་གྲང་ངར་ཆེ་སའི་ལྷད་མེད་དྲོད་འདོན་གྱི་དཔེ་སྟོན་རྫོང་དང་པོར་གྱུར། ཞང་སོ་སོར་དྲ་བ་དང་སྡེ་བ་སོ་སོར་ཁ་པར་འཐེན། ཁྱིམ་ཚང་སོ་སོར་བདེ་འཇགས་འཐུང་ཆུ་ཡོད་པ་སོགས་ཀྱིས། ད་ལྟའི་འབྲོག་ཁུལ་གྱི་འཚོ་བ་ལ་དེང་རབས་དཔལ་ཡོན་གྱི་ཉམས་ཤར་ཡོད།

ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད་པ་ནི། འདས་པའི་ལོ་ངོ་བདུན་ཅུའི་རིང་གི་མགོ་ལོག་ལ་ཐོབ་པའི་གྲུབ་འབྲས་ལས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་མངོན་པར་མཚོན་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ནམ་ཡང་ཏང་གི་དྲིན་དྲན་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་། མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་ལག་བསྟར་ལེགས་པོ་བྱས་ན། ད་གཟོད་མི་རིགས་སོ་སོའི་འཕེལ་རྒྱས་རྣམ་པ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་ཞིང་། འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་བ་སོགས་སྒོ་ཀུན་ནས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བགྲོད་ནུས་པ་གདོན་མི་ཟའོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号