མཐོ་སྒང་གི་དྲོད་ཁང་ཆེན་མོར“བདེ་སྐྱིད་ཀྱི་འབྲས་བུ”སྨིན་པ།

མཐོ་སྒང་གི་དབྱར་ཁར། ནམ་ཟླར་འགྱུར་ལྡོག་ཤིན་ཏུ་ཆེ་སྟེ། ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་ལང་ལོང་དུ་རྒྱུ་ནས་ཅང་མ་འགོར་བར་གློ་བུར་དུ་སྤྲིན་ནག་འཁྲིགས་ནས་ཆར་བ་བབས་བྱུང་། ཟླ7པའི་ཚེས1ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མཁར་དུ་རླངས་འཁོར་བསྐོར་ནས་ལམ་ལ་ཆས་ཏེ། རྫ་ཆུའི་བཞུར་རྒྱུན་དེད་ནས་ཧ་ལམ་དུས་ཚོད་ཕྱེད་ཀའི་རིང་ལ་ཕྱིན་མཐར། གསར་འགོད་པ་ནང་ཆེན་རྫོང་ཉག་ར་ཞང་ཉག་སྨད་སྡེ་བར་ཐོན།

ཉག་ར་ཞང་ནི་ནང་ཆེན་རྫོང་གི་ཤར་ལྷོའི་མཚམས་ཀྱི་མཚོ་སྔོན་དང་བོད་ལྗོངས་ཀྱི་འདྲེས་མཚམས་སུ་གནས་ཤིང་། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ལ་སྨི3580དང་། ཆ་སྙོམས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ4.3ཡིན་ལ་ཞིང་ཕྱུགས་ལས་ཀྱི་བར་སར་གཏོགས། ཉག་སྨད་སྡེ་བ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཞང་སྨྱོ་དོམ་སྡེ་བ་དང་འདམ་ཐོག་སྡེ་བ་གཉིས་དང་འབྲེལ་ཞིང་བར་ཐག་ལ་ཧ་ལམ་སྤྱི་ལེ3མ་གཏོགས་མེད། སྡེ་བར་ཞིང་ས་སྤྱི་ཆིང218ཡོད་པས་ཉག་ར་ཞང་གི་ཞིང་སའི་རྒྱ་ཁྱོན་ཆེས་ཆེ་བའི་སྡེ་བ་ཡིན་ལ། འབྲུ་རིགས་བཏབ་ཆོག་པའི་ཞིང་སའི་རྒྱ་ཁྱོན་ལ་སྤྱི་ཆིང187.6ཡོད།

རི་འདབས་ཀྱི་སྤང་ཐང་ཞིག་ཏུ་དྲོད་ཁང་ཆེན་མོ་རེ་རེ་གྲལ་ཕྲེང་བསྒྲིགས་པ་མིག་ལམ་དུ་གསལ་པོར་མཐོང་ཡོང་། དྲོད་ཁང་དུ་སོང་བ་ན་ཚ་ལམ་ལམ་གྱི་ཚོར་བ་སྦྱིན་ལ། སུར་པན་དང་ཀྲོ་མ་ཀྲུ། ཞོག་ཁོག་སོགས་མུ་ནས་མུ་རུ་སྔོ་ཡུག་ཡུག་ཏུ་སྐྱེས་འདུག་པ་མིག་ལམ་དུ་མངོན། དྲོད་ཁང་གི་བདག་པོ་འཕྲིན་ལས་ཀྱིས་ང་ཚོར“སུར་པན་སྔོ་རིལ་འདི་དག་ཟླ་དྲུག་པའི་ཟླ་མགོར་བཙུགས་པ་ཡིན། ཟླ་བདུན་པའི་ཟླ་མཇུག་ཏུ་ཕལ་ཆེར་བཏོག་ནས་བཙོང་ན་ཆོག འགྲམ་གྱི་དྲོད་ཁང་དུ་ཀྲོ་མ་ཀྲུ་བཏབ་ཡོད་ལ། ད་ལོའི་ཀྲོ་མ་ཀྲུ་སྐྱེ་བ་ཧ་ཅང་བཟང”ཞེས་མཚམས་སྦྱོར་བྱས་བྱུང་།

འཕྲིན་ལས་ནི་སྡེ་བའི་ནང་གི་ཕྱུག་བསྒྱུར་སྣེ་ཁྲིད་པ་ཡིན་ལ། ནང་ཆེན་ཉག་རའི་དཔའ་བོ་ཚང་གི་འདེབས་འཛུགས་གསོ་སྤེལ་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་པའང་ཡིན། འཕྲིན་ལས་ཀྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། ཁོ་ཆུང་དུས་སུ་ཁོའི་ཨ་ཕ་ར་བསྐོར་ནང་དུ་སྔོ་ཚལ་འདེབས་རྒྱུར་དགའ། ཁྱིམ་ཚང་གི་བཟའ་རྒྱུའི་ལ་ཕུག་དང་ཚོད་ཀར། ཀུབ་སེར་སོགས་ཚང་མ་ཨ་ཕས་བཏབ་པ་ཡིན།”ང་ཡང་སྔོ་ཚལ་འདེབས་པར་དགའ། ལོ་རིམ་གསུམ་པའི་སྐབས་ནས་བཟུང་ཨ་ཕའི་རྗེས་དེད་ནས་ཚོད་རའི་ནང་དུ་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ཀ་ལས་པ་ཡིན། གཞུག་ནས་ཕ་ཨ་ཚེ་ལས་འདས་རྗེས། ངས་ཨ་ཕའི་ཚབ་ཏུ་ཚོད་ལྟའི་ཚུལ་དུ་སྔོ་ཚལ་སྣ་ཚོགས་བཏབ་པ་ཡིན།”

2012ལོར། འཕྲིན་ལས་ཀྱིས་རང་ཚང་གི་ས་སྟོང་སྟེང་དུ་མཐིལ་སྙོམས་པའི་ས་དོང་ཞིག་བརྐོས་ཏེ། “ཚོད་ལྟའི་རྟེན་གཞི”ཞིག་བཙུགས་པ་དང་། དེ་ནི་ཁོའི་ཚོད་ལྟའི་དྲོད་ཁང་ཐོག་མ་ཡིན། དྲོད་ཁང་ཆེ་རྒྱུ་མེད་རུང་འོན་ཀྱང་དེའི་ནང་བཏབ་པའི་སྔོ་ཚལ་སྣ་ཁ་མང་སྟེ། ཙོང་རིལ་དང་རྡོ་ལུ་མ། མ་རྨོས་ལོ་ཏོག་སོགས་རང་རང་སར་བཏབ་ཡོད།  “ཐོག་མར་ཚོད་ལྟའི་ཚུལ་དུ་འདེབས་པའི་སྐབས་སུ་སེམས་ན་གདེང་ཚོད་མེད་རུང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ལོ་དང་པོར་བཏབ་པའི་ཕན་འབྲས་ཧ་ཅང་བཟང་བ་དང་། ཚོད་ལྟའི་ཚུལ་དུ་བཏབ་པའི་ཆུ་ཀུབ་དང་འབྲི་ཏ་ས་འཛིན་ཀྱང་བདེ་བླག་ངང་སྐྱེས་བྱུང་།” འཕྲིན་ལས་ཀྱིས་མ་རྨོས་ལོ་ཏོག་གི་གཞུང་རྟ་སྟོན་ཞོར་དུ་སེམས་ཕངས་ནས། “ལོ་ཏོག་གཞན་པ་ཚང་མ་སྐྱེས་པ་ཧ་ཅང་བཟང་རུང་། མ་རྨོས་ལོ་ཏོག་ངས་ལོ་བདུན་བརྒྱད་ཅིག་ལ་བཏབ་རུང་ཐེངས་གཅིག་ལ་མ་གཏོགས་བདེ་བླག་མ་བྱུང་། ནམ་ཟླའི་ཤུགས་རྐྱེན་ཐེབས་པ་ཡིན་སྲིད་རུང་། ངས་སྔར་བཞིན་རྒྱུན་ཆད་མེད་པར་ཚོད་ལྟ་བྱེད་རྒྱུ་ཡིན”ཟེར།

2020ལོར། རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཞིང་ཕྱུགས་ཅུས་བཅས་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར་འོག་ཏུ། འཕྲིན་ལས་ཀྱིས་དྲོད་ཁང10བཙུགས་ཏེ་ནང་ཆེན་ཉག་ར་དཔའ་བོ་ཚང་འདེབས་འཛུགས་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། དྲོད་ཁང་འདེབས་འཛུགས་ཀྱི་གཞི་ཁྱོན་རིམ་བཞིན་ཇེ་ཆེར་བཏང་བ་དང་སྡེ་མི་རྣམས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ནས། ཉེ་འགྲམ་གྱི་སྡེ་མི་དང་ཟ་ཁང་། སློབ་གྲྭ་སོགས་ཀྱི་ལས་ཁུངས་ལ་གསར་བཏོག་སྔོ་ཚལ་འདོན་སྤྲོད་བྱས།“ན་ནིང་། ངས་ཡང་བསྐྱར་དྲོད་ཁང9ཇེ་མང་དུ་གཏོང་རྒྱུའི་རེ་འདུན་ཞུས་པས། ད་ལྟ་དྲོད་ཁང་གི་རྒྱ་ཁྱོན་ལ་བསྡོམས་པས་སྤྱི་ཆིང0.76ཡོད། ལོ་རེའི་ཡོང་སྒོ་ཕལ་ཆེར་སྒོར་ཁྲི11ལ་སླེབས”ཞེས་འཕྲིན་ལས་ཀྱིས་བཤད།

མིག་སྔར་མཉམ་ལས་ཁང་དུ་ཁྱིམ་ཚང8ཞུགས་པ་དང་མི55ཡོད། དྲོད་ཁང་དོ་དམ་སྟབས་བདེ་ཡོང་ཆེད་འཕྲིན་ལས་ཀྱིས་ཁྱིམ་ཚང་གཉིས་རེ་གཟའ་འཁོར་རེར་ལས་རེས་འཁོར་དུ་འཇུག་བཞིན་ཡོད། ཁྱིམ་ཚང་རེའི་ལས་ཡུན་གྱི་དུས་ཚོད་ཐོ་འགོད་བྱེད་བཞིན་ཡོད། སྡེ་མི་དབང་འདུས་ཀྱིས“མཉམ་ལས་ཁང་བཙུགས་མ་ཐག ངས་འཕྲིན་ལས་ཀྱི་རྗེས་དེད་ནས་འདེབས་འཛུགས་ཤེས་བྱ་བསླབ་པ་ཡིན། དྲོད་ཁང་གི་དྲོད་ཚད་ཏུའུ་གྲངས་ག་ཚོད་དུ་སྲུང་འཛིན་བྱེད་པ་དང་། ཀུབ་སེར་གྱི་མེ་ཏོག་བཞད་པ་ག་འདྲ་ཡིན་པ། བཏབ་པའི་ས་བོན་བར་གྱི་བར་ཐག་ག་ཚོད་འཇོག་པ་སོགས་ཡིན། འདི་དག་ཚང་མ་ཁོའི་ཐབས་ཤེས་ཡིན་ལ། ཁོའི་སྣེ་ཁྲིད་འོག་ཏུ། ལོ་འདི་གཉིས་ཀྱི་ནང་གི་སྔོ་ཚལ་སྐྱེས་པ་ཇེ་བཟང་ནས་ཇེ་བཟང་རེད། ན་ནིང་ངེད་ཚང་ལ་ཁེ་སྤོགས་སྒོར་ཁྲི་གཅིག་སྟོང་བརྒྱད་ཐོབ་པས། ང་ཚོས་མཉམ་ལས་ཁང་ལ་བཅངས་པའི་ཡིད་ཆེས་ཇེ་ཆེ་ནས་ཇེ་ཆེར་གྱུར”ཟེར།

ལོ34ཡིན་པའི་དཔལ་ལྡན་གྱིས་ཀྲོ་མ་ཀྲུ་ཡི་ཞིང་ནང་གི་རྩྭ་ལྡུམ་འབལ་ཞོར་དུ། “དྲོད་ཁང་ནང་དུ་ཉིན་རེར་རླུང་རྒྱུ་རུ་འཇུག་དགོས། གཟའ་འཁོར་གཅིག་གི་ནང་དུ་རྩྭ་ལྡུམ་འབལ་བ་དང་ཆུ་གཏོང་དགོས། ལོ་ཏོག་སྨིན་པའི་སྐབས་སུ་ང་ཚོ་ཕལ་ཆེར་ཉིན་རྒྱུན་དུ་ཡོང་སྟེ། ངེས་པར་སེམས་ཞིབ་མོས‘ནོར་བུ’འདི་དག་ལ་བདག་སྐྱོང་ལེགས་པོ་བྱེད་དགོས”ཟེར།

རང་ཉིད་ཀྱི་ལས་རེས་ལ་ཐོན་མེད་རུང་སྡོད་མི་ཐུབ་པའི་འཕྲིན་ལས་ཉིན་རེ་རེར་དྲོད་ཁང་རེ་རེའི་ནང་དུ་ཉུལ་བཞིན་ཡོད། “ཚང་མའི་ཕྱུག་བསྒྱུར་ལ་སྣེ་ཁྲིད་བྱེད་ཐུབ་པ་དང་མཉམ་དུ། ང་ཚོས་བཏབ་པའི་སྔོ་ཚལ་མང་ཚོགས་ལ་སྤྲོ་བས་ཟ་བ་དང་སེམས་བདེ་མོས་ཟ་རུ་འཇུག་ཐུབ་པས། དཀའ་ལས་མྱངས་པ་ཚང་མ་རིན་ཐང་ཡོད་པར་སྙམ”ཞེས་འཕྲིན་ལས་ཀྱིས་བཤད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号