བོད་རིགས་བུ་མོ་བདེ་ཆེན་གཡང་མཚོ་ལ་པེ་ཅིང་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་འབྱོར།

ཟླ7པའི་ཚེས12ཉིན་གྱི་སྔ་དྲོར། པེ་ཅིང་སློབ་ཆེན་གྱི་མགོ་ཁྲིད་དང་དགེ་རྒན་གྱིས་ཆར་པར་མ་འཛེམ་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་ནན་ཁྲོན་ནུབ་ལམ་དུ་ཡོད་པའི་བདེ་ཆེན་གཡང་མཚོ་ཡི་ཁྱིམ་དུ་ཁོ་མོའི་སློབ་བསྡུའི་བརྡ་ཐོ་བསྐྱལ་བར་སླེབས་ཡོད།

བདེ་ཆེན་གཡང་མཚོ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནས་ཡིན་པ་དང་། བོད་རིགས་བུ་མོ་འདིར་ད་ལོའི་མཐོ་རྒྱུགས་ཁྲོད་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ནས་པེ་ཅིང་སློབ་ཆེན་ལོ་རྒྱུས་ཚན་ཁག་གིས་བསྡུས་ཡོད།

གཏམ་བཟང་འབྱོར་རྗེས། སྨྱན་སྦྱོར་གྱི་གསར་འགོད་པ་མང་པོ་ཞིག་བདེ་ཆེན་གཡང་མཚོ་ཡི་ཁྱིམ་དུ་བཅར་འདྲིར་སླེབས་པས། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆུང་ཆུང་དེ་འཁྲུག་ཆ་དོད་པོར་བཏང་ཡོད། བདེ་ཆེན་གཡང་མཚོས་སེམས་འགུལ་ཐེབས་པའི་ངང་། པེ་ཅིང་སློབ་ཆེན་ལ་འགྲོ་ཐུབ་པ་ནི་སློབ་གྲྭ་དང་དགེ་རྒན། སློབ་གྲོགས་བཅས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བ་དང་ཁ་བྲལ་ཐབས་མེད། དེ་བས་ཀྱང་ནང་མི་ཚོས་ང་རང་ལ་ཐུགས་ཁུར་ཟབ་བཞེས་གནང་བ་དང་ཁ་བྲལ་ཐབས་མེད་ཅེས་བཤད་ཡོད། ཁོ་མོའི་ཨ་ཕས་འབྲི་སྟོད་རྫོང་གི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས་སུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཨ་མ་ནི་ཕྱུགས་རིགས་སྨན་པ་ཞིག་ཡིན། ལས་ཀའི་དབང་གིས་ནང་མི་མཉམ་དུ་འཛོམས་པའི་དུས་སྐབས་ཉུང་ཉུང་ཡིན་ཞིང་། དུས་རྒྱུན་མང་ཆེ་བ་རྨོ་མོས་ཁོང་ལ་ལྟ་རྟོག་གནང་གི་ཡོད། ཁྱིམ་ཚང་གི་བརྩེ་བ་ཟབ་མོ་དེ་ཁོང་གིས་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད།

མ་འོངས་པའི་ཐད་བདེ་ཆེན་གཡང་མཚོར་རེ་བས་ཁེངས་ཡོད། མཐོ་རྒྱུགས་ཀྱི་སྐར་འབྲས་ནི་ད་བར་འབད་བརྩོན་བྱས་པར་ར་སྤྲོད་བྱས་པ་ཙམ་ཡིན་པ་དང་པེ་ཅིང་སློབ་ཆེན་ནི་རང་ཉིད་ཀྱི་སློབ་རའི་འཚོ་བའི་མགོ་འཛུགས་ས་གསར་རྐྱང་ཞིག་ཡིན་པ་ཁོ་མོས་གསལ་པོར་ཤེས་ཀྱི་ཡོད། ཁོ་མོས་རིག་གཞུང་འཚོལ་ཞིབ་ཀྱི་འགྲུལ་བཞུད་གསར་རྐྱང་ཞིག་གི་མགོ་བརྩམས་ཤིང་། མུ་མཐུད་ཤེས་བྱ་སློབ་སྦྱོང་དང་ཕུགས་འདུན་འཚོལ་སྙེག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་དང་ཕ་ཡུལ་འཕེལ་རྒྱས་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ་པ་བྱ་རྒྱུ་རེད།

བདེ་ཆེན་གཡང་མཚོ་ཡི་ནང་མིས། གུང་ཁྲན་ཏང་དང་རླབས་ཆེན་མེས་རྒྱལ་གྱིས་ཕྲུ་གུ་ཚོར་སློབ་གསོའི་ཁོར་ཡུག་ཡག་པོ་ཞིག་གནང་ཡོད། སློབ་སྦྱོང་ཧུར་ཐག་བྱེད་པའི་བྱིས་པ་ཚང་མར་མཐོ་རིམ་སློབ་གྲྭར་ཟབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་སྟེ། དཔའ་ངར་ཆེན་པོས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན་ཞེས་བཤད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号