ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་བོད་དང་འཛམ་གླིང་གི་འབྲེལ་བ་ཉེ་བར་སྦྲེལ་མཁན་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཉི་མ་བཀྲ་ཤིས་ལགས།

ཉི་མ་བཀྲ་ཤིས་ལགས་ཀྱིས་ང་ནི་བོད་ལྗོངས་གསར་པའི་ཉི་འོད་ཀྱིས་བསྐྱངས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ཐུ་འོག་ནས་འཚར་ལོངས་བྱུང་བའི་བོད་རིགས་ཤེས་ཡོན་པ་ཞིག་ཡིན། རྒྱལ་ཁབ་དང་སྤྱི་ཚོགས་ལ་དགོས་མཁོ་ཡོད་དུས་ངས་མི་སྒྲུབ་སུ་ཡིས་བསྒྲུབ་ཅེས་ཞི་འཇམ་ངག་གི་གླེང་མོལ་ཁྲོད་བརྟན་ཚུགས་དང་བཅས་དེ་ལྟར་བརྗོད་བྱུང་།

ལོ་ངོ་བཅུ་ཡི་རིང་ལ། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་ལགས་ཀྱིས་བོད་ལྗོངས་སུ་དཔུང་སྡེ་ཡི་སྣེ་ཁྲིད་དེ་བོད་ཡིག་ཆ་འཕྲིན་ཐག་གཅོད་ཁྱབ་ཁོངས་དང་འབྲེལ་བའི་རྒྱལ་སྤྱིའི་ཚད་གཞི་ཞིབ་འཇུག་གསར་གཏོད་གནང་པ་མ་ཟད་བཀོལ་སྤྱོད་ཁྱབ་གདལ་བཏང་སྟེ། རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་མ་ལག་གིས་རྒྱལ་སྤྱིའི་ཁྱབ་ཁོངས་སུ་གཙོ་ཁྲིད་ཀྱི་གོ་གནས་ཟིན་ཐུབ་པར་རྨང་གཞི་བརྟན་པོ་བཏིངས་བ་དང་། འཛམ་གླིང་དུ་བོད་ཡིག་པར་མའི་གྲངས་ཀ་དང་རིག་ནུས་འཁྱེར་སྤྱོད་བདེ་བའི་མ་ལག་ཐོག་མ་གསར་དུ་བཏོད་དེ། རང་རྒྱལ་གྱི་བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་ཆ་འཕྲིན་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་བཏང་། བོད་ཀྱི་གནའ་དཔེ་དང་དཔྱད་གཞི་ཡིག་ཚགས་གྲངས་ཀ་ཅན་དུ་བསྒྱུར་བའི་ལག་རྩལ་གསར་དུ་གཏོད་དེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་སྐུལ་འདེད་བཏང་། བོད་སྐད་ཡིག་རང་འགུལ་གསལ་འབྱེད་ཐུབ་པའི་གནད་འགག་གི་ལག་རྩལ་ལ་ཞིབ་འཇུག་བྱས་ཏེ། ལག་རྩལ་གྲུབ་འབྲས་དེ་མཐའ་མཚམས་ས་ཁུལ་གྱི་གྲངས་ཀ་དང་རིག་ནུས་ཁྱབ་ཁོངས་བཟོ་སྐྲུན་ཅན་བསྒྱུར་ཁྲོད་ཀྱི་བེད་སྤྱོད་བྱེད་སྟངས་འཚོལ་ཞིབ་ལ་སོགས་ཞིབ་འཇུག་གསར་གཏོད་རབ་དང་རིམ་པ་བྱས་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ལ་དྲིན་བཟོ་དང་། ཕ་ཡུལ་འཛུགས་སྐྲུན་ལ་བཅིངས་བའི་ལྷག་བསམ་མ་བོར་བར། དཔུང་སྡེ་ཡི་སྣེ་ཁྲིད་དེ་ཚན་ཞིབ་ཀྱི་ལས་ལ་བློ་རྩ་གཅིག་ཏུ་ཕྱོགས་ཤིང་། ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་བོད་དང་འཛམ་གླིང་གི་བར་ཐག་ཉེ་བར་སྦྲེལ།

“བྱ་བ་དེ་ངས་མི་སྒྲུབ་སུ་ཡིས་བསྒྲུབ”ཟེར།

དུས་རབས་གོང་མའི་ལོ་རབས60བའི་ནང་དུ། ཉི་མ་བཀྲ་ཤིས་གནས་མཆོག་ལྟ་ས་རུ་སྐྱེས་ཤིང་འཚར་ལོངས་བྱུང་ལ། ཁོང་ཕ་མེས་རྣམས་དང་མི་འདྲ་བར་དེང་རབས་ཀྱི་ཅུང་མ་ལག་ཚང་བའི་སློབ་གསོ་མྱོང་བའི་སྐལ་བ་བྱུང་པས། རྣམ་ཀུན་མེས་རྒྱལ་དང་ཕ་ཡུལ་ལ་ལེགས་སྐྱེས་འབུལ་རྒྱུ་དེ་འདོར་ཐབས་མེད་པའི་ཕུགས་ཀྱི་འདུན་མ་རུ་གྱུར།

1988ལོར་ཉི་མ་བཀྲ་ཤིས་ཧྭ་ཏུང(华东)དགེ་ཐོན་སློབ་ཆེན་གྱི་རྩིས་འཁོར་ཚན་རིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་བོད་ལྗོངས་སུ་ལོག་སྟེ། བོད་ལྗོངས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གཉེར། སྐབས་དེར་ཀྲུང་གོའི་ཆ་འཕྲིན་ལག་རྩལ་ཐོག་མར་དར་ཞིང་འཕེལ་བཞིན་པའི་སྒང་ན་གནས་ཤིང་། རྩིས་འཁོར་ཤེས་མཁན་དང་བཀོལ་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཁོང་ཧྲང་ཧའེ་རུ་སློབ་གཉེར་བྱེད་དུས་རྒྱ་ཡིག་གི་ཆ་འཕྲིན་ཐག་གཅོད(གཙོ་བོ་རྒྱ་ཡིག་རེད)མ་ལག་དེ་ཉིན་རྒྱུན་གྱི་སློབ་སྦྱོང་དང་གཞུང་སྒྲུབ་ཐད་ལ་སྤྱོད་ཀྱི་ཡོད་པས། ཆ་འཕྲིན་ཐག་གཅོད་ཀྱི་ཕན་ཕྱོད་ཇེ་ཆེར་ཕྱིན་ཡོད། ཡིན་ན་ཡང་བོད་ལྗོངས་སློབ་ཆེན་ལ་མཚོན་ན་རྩིས་འཁོར་གྱི་ཆེད་ལས་ནི་ལྟ་ཅི། ཉིན་རྒྱུན་གྱི་གཞུང་ཡིག་ཐག་གཅོད་དང་། བོད་ཡིག་གི་སློབ་དེབ་སྒྲིག་རྩོམ། ཡིག་ཚགས་ལེགས་སྒྲིག་ལ་སོགས་ཁྱབ་ཁོངས་སུ་རྩིས་འཁོར་ལ་བརྟེན་ནས་བོད་ཡིག་ཐག་གཅོད་ཐུབ་པའི་མ་ལག་ཅིག་དེ་ལས་ཀྱང་ག་ལ་ཡོད། ཁོང་གིས་བསམ་པར“སྤྱི་ཚོགས་ཀྱི་དགོས་མཁོ་དེ་ང་ཚོས་བསྐང་དགོས་ན་ལས་དེ་ང་རང་ཚོས་མི་སྒྲུབ་སུ་ཡིས་བསྒྲུབ་སྙམ”པའི་ཡིད་ཆེས་བརྟན་པོས་ཀུན་ནས་བསླངས་ཏེ། ལག་རྩལ་ཞིབ་འཇུག་དང་གསར་གཏོད་ཀྱི་ལས་ལ་སོམ་ཉིའི་དྲི་མ་དང་བྲལ་བས་གཞོལ།

ཡིན་ན་ཡང་ཉི་མ་བཀྲ་ཤིས་རང་ཉིད་ལ་མཚོན་ན་རྒྱ་ཡིག་གི་ཆ་འཕྲིན་ཐག་གཅོད་ལག་རྩལ་སྦྱངས་མྱོང་མེད་པ་དང་། མཉེན་ཆས་སྲ་ཆས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་པ། དྲ་རྒྱ་མེད་པ་ལ་སོགས་བེད་སྤྱོད་ཆོག་པའི་བརྡ་འཕྲིན་གཏོང་ལེན་དང་དེ་ཤེས་མཁན་མི་སྣ་ཉུང་བ་ལ་སོགས་ཀྱི་གནས་ཚུལ་འོག ཁོང་གིས་དཔུང་སྡེ་ཡི་སྣེ་ཁྲིད་དེ་དཀའ་སྤྱད་སྡུག་རུས་བསྐྱེད་ནས་མ་མཐའི་རྨང་གཞི་ཤེས་བྱ་ནས་མགོ་བརྩམས་ཏེ་བོད་ཡིག་ཆ་འཕྲིན་ཐག་གཅོད་ལག་རྩལ་ལ་ཞིབ་འཇུག་བགྱིས།

1992ལོའི་ཟླ10བར། ཉི་མ་བཀྲ་ཤིས་ལགས་ཀྱི་དཔུང་སྡེས་ལོ་ངོ་གཉིས་རིང་ལ“TCEབོད། རྒྱ། དབྱིན་གསུམ་གྱི་ཆ་འཕྲིན་ཐག་གཅོད་མ་ལག”མཉེན་ཆས་ཞིབ་འཇུག་གསར་གཏོད་བྱས་ཏེ། བོད་ཡིག་གི་ཆ་འཕྲིན་ལག་རྩལ་གོང་ནས་གོང་དུ་འཕེལ་བར་རྨང་གཞི་བརྟན་པོ་བཏིངས།

ཐེངས་དེའི“ཚོད་ལྟའི་ཚུལ་གྱི”ཞིབ་འཇུག་ཁྲོད། ཁོང་གིས་བོད་ཡིག་གི་ཆ་འཕྲིན་ཕན་ཚུན་བརྗེ་སྤེལ་མི་ཐུབ་པའི་གནད་དོན་དེ་གཞི་ནས་རྟོགས་ཏེ། ཁོང་དང་ཁོའི་དཔུང་སྡེས་དུས་ཐུང་ནང་ལག་རྩལ་གྱི་ཡིག་ཆ་འབོར་ཆེན་བཀླགས་ཤིང་། བོད་ཀྱི་ཡི་གེ་ཡི་ཁྱད་ཆོས་ལ་སྦྱར་ནས་དུས་ཚོད་དམ་འཛིན་གྱིས་འཆར་ཟིན་བཀོད་པར་མ་ཟད། ཨང་སྒྲིག་ཚད་གཞི་ཡི་ཇུས་གཞི་ཡར་ཞུ་བྱས། དེ་ཡང“ཤོག་ངོས་སྟོང་པ”ཞིག་ནས་འབྲེལ་ཡོད་ཀྱི་ཚད་གཞི་སྒྲིག་བཟོ་བྱས་ཤིང་། ལན་རེར་བོད་ཡིག་གི་ཨང་སྒྲིག་ཡིག་རྟགས་ཚོགས་ཀྱི་ཇུས་གཞི་སྤུས་ལེགས་པ་ཞིག་བཟོ་ཆེད། ཞོགས་པ་སྔ་མོ་ནས་ཕྱི་ཉིན་གྱི་མཚན་གོང་བར་ལ་ཕྱག་ལས་ལྷོད་མེད་དུ་གནང་དགོས་དུས་ཀྱང་ཡོད།

1997ལོའི་ཟླ7པར། ཉི་མ་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་དཔུང་སྡེས་ཞིབ་འཇུག་ཐོག་གྲུབ་པའི་བོད་ཡིག་གི་ཨང་སྒྲིག་བཟོ་བའི་ཇུས་གཞི་ལ་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་རྩ་འཛུགས་ཀྱིས«ཆ་འཕྲིན་བརྗེ་སྤེལ་ལ་སྤྱོད་པའི་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས»ཞེས་པའི་རྒྱལ་སྤྱིའི་ཚད་གཞིར་དངོས་སུ་གཏན་འཁེལ་བྱས་པས། བོད་ཡིག་དེ་ཉིད་དུས་དེ་ནས་བཟུང་རང་རྒྱལ་གྱི་ཨང་སྒྲིག་རྒྱལ་སྤྱིའི་ཚད་གཞི་བཟོས་པ་ལེགས་པར་གྲུབ་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ཐོག་མར་གྱུར་ཏེ། བོད་ཡིག་ཆ་འཕྲིན་ཐག་གཅོད་ལ་ཨང་སྒྲིག་མེད་པའི་སྟོང་ཆ་བསྐངས་པར་མ་ཟད། ཆ་འཕྲིན་མཉམ་སྤྱོད་དང་བརྗེ་སྤེལ་བྱེད་ཐབས་མེད་པའི་དཀའ་གནད་གཞི་ནས་སེལ།

གོ་ལ་ཧྲིལ་བོའི་སྟེང་བོད་ཡིག་ཆ་འཕྲིན་མ་ལག་གི་ལག་རྩལ་ཚད་གཞི་ཡིན་པའི་ཆ་ནས་ཇུས་གཞི་དེ་ནི་རྒྱལ་ཁབ་ཕྱི་ནང་གི་མཉེན་ཆས་དང་ཆ་འཕྲིན་སྟེགས་བུ་གང་རུང་དུ་བོད་ཡིག་ཐག་གཅོད་ཀྱི་བྱེད་ནུས་མངོན་འགྱུར་ཡོང་བའི་རྨང་གཞི་རུ་གྱུར་ཡོད་ཅིང་། རྒྱལ་ཁབ་ཀྱི་ཁེ་དབང་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད་པར་མ་ཟད། རང་རྒྱལ་གྱིས་རྒྱལ་སྤྱིའི་བོད་ཡིག་ཆ་འཕྲིན་མ་ལག་ཁྱབ་ཁོངས་སུ་གཙོ་ཁྲིད་ཀྱི་གོ་གནས་ཟིན་པ་དང་། བོད་ཡིག་ཆ་འཕྲིན་མ་ལག་གོང་ནས་གོང་དུ་སྤེལ་བཅས་ལ་རྨང་གཞི་བརྟན་པོ་བཏིངས།

ཆ་འཕྲིན་དུས་རབས་འདི་ལ་བོད་ལྗོངས་རྗེས་སུ་ལུས་མེད།

རྩིས་འཁོར་གྱིས་མཚོན་པའི་ཆ་འཕྲིན་ལག་རྩལ་དེས་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བར་གཞི་ནས་འགྱུར་ལྡོག་ཆེན་པོ་བཏང་། ཉི་མ་བཀྲ་ཤིས་ཀྱིས་འདི་སྐད། བོད་ལྗོངས་དུས་རབས་འཕེལ་རྒྱས་ཀྱི་གོམ་ཁ་དང་བསྟུན་ཐུབ་པ་བྱུང་སོང་ཞེས་ཉམས་དགའ་བའི་ངང་བརྗོད་བྱུང་།

1996ལོའི་ཟླ4བར། ཉི་མ་བཀྲ་ཤིས་ཏན་མེག་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་གྲོས་ཚོགས་སུ་ཞུགས་དུས། ད་གཟོད“ཨན་ཐེར་དྲ་རྒྱ”ལ་སོགས་ཐ་སྙད་དང་མིང་གསར་པ་ཐོག་མར་མཐོང་བ་ཡིན། སྐབས་དེར་ཧ་དེ་འདྲ་གོ་མ་བྱུང་ཡང་། དེ་ནི་མ་འོངས་པ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ལག་རྩལ་གལ་ཆེན་ཞིག་ཡིན་ངེས་སྙམ་པའི་ཚོར་བ་སྐྱེན་པོ་ཞིག་སྐྱེས། ཕྱིར་རྒྱལ་ནང་དུ་ལོག་རྗེས། ཁོང་གློག་རྡུལ་ཚན་རྩལ་སློབ་ཆེན་དུ་ཕྱིན་ཏེ། དེ་གར་ཟླ་བ་གཅིག་རིང་ལ་འབྲེལ་ཡོད་ཀྱི་དཔེ་ཀློག་ཉིན་མཚན་དབྱེར་མེད་དུ་བཀླགས་ཤིང་། མི་ཤེས་པ་མི་རྟོགས་པའི་གནད་དོན་ལ་འཕྲད་ཚེ་གློག་རྡུལ་ཚན་རྩལ་སློབ་ཆེན་ཆ་འཕྲིན་ལྟེ་གནས་སུ་བཅར་ནས་དེ་གས་སློབ་སྟོན་གནང་བར་ཞུས། ཐོག་མའི་ཆེད་ལས་ཀྱི་ཐ་སྙད་ནས་སྦྱངས་བྱས་ཏེ། རིམ་བཞིན་དུ་ཨན་ཐེར་དྲ་རྒྱའི་ཤེས་བྱར་སློབ་སྦྱོང་བྱས།

ལོ་དེའི་ཟླ7པར། ཁོང་ཕྱིར་ལྷ་སར་འབྱོར་བ་དང་། ཀྲུང་གོའི་སློབ་གསོ་དང་ཚན་ཞིབ་རྩིས་འཁོར་དྲ་བ(CERNET)ཡིས་སློབ་སྟོན་དང་གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་རོགས་རམ་ལ་བརྟེན་ཏེ། དཔུང་སྡེའི་སྣེ་ཁྲིད་དེCERNETབོད་ལྗོངས་གཙོ་ས་ཚིགས་བཙུགས(ད་ལྟ་ལྷ་སའི་ལྟེ་གནས་ས་ཚིགས)ནས་བོད་རང་སྐྱོང་ལྗོངས་ཀྱི་ཨན་ཐེར་དྲ་རྒྱ་སྦྲེལ་མཐུད་ཞབས་ཞུ་ཡི་ལས་ཁུངས་ཐོག་མར་གྱུར། རྨང་གཞི་དེ་ལ་བརྟེན་ནས་ཁོང་གིས་འགན་འཁུར་ནས་བོད་ལྗོངས་སློབ་ཆེན་གྱི་སྐབས་གསུམ་པའི་སློབ་རའི་དྲ་རྒྱ་དང་། སྣ་མང་སྨྱན་སྦྱོར་གྱི་སློབ་ཁྲིད་མ་ལག བོད་ལྗོངས་ཀྱིIPv6གླིང་ཁུལ་དྲ་རྒྱ་ཐོག་མ་བཅས་བསྐྲུན།

ཁོང་གིས་དེ་ནི་རྒྱལ་ཁབ་ལ་བཅིངས་པའི་བརྩེ་བ་ལག་ལེན་དུ་བསྟར་བའི་སྦྱོར་བ་དངོས་ཡིན་སྙམ། སྐབས་དེར་ཁོང་དགེ་རྒན་དཀྱུས་མ་ཞིག་ཡིན་ན་ཡང་། ལས་གནས་དེར་དགོས་མཁོ་ཡོད་ན། ང་ཚོས་རང་འགན་གཞན་ལ་དཀྲི་དོན་མི་འདུག ད་ལྟ་བོད་ལྗོངས་ཀྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་རྨང་གཞི་སྒྲིག་ཆས་ཞིང་ཆེན་གཞན་དག་དང་བསྡུར་ན་འདྲ་མཉམ་ཡིན་ཞེས་ན་བརྗོད་མི་ཕོད་རུང་རྗེས་སུ་ལུས་མེད་ཟེར།

གལ་སྲིད་དུས་རབས་སྔོན་མའི་ལོ་རབས90བའི་མཇུག་ཙམ་གྱི་སྔོན་ལ། ཉི་མ་བཀྲ་ཤིས་ཀྱིས་བོད་དུ“དྲ་བ་འདྲེན་པར”སྐུལ་རོགས་བྱས་པ་རེད་ཟེར་ན། དེའི་ཕྱིས་ཀྱི་ཀྲུང་གོའི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་ཁྱབ་ཁོངས་གསར་པ་འདི་གཏོད་མཁན་ཀྱང་ཁོང་རེད།

སྤོ་འགུལ་དྲ་རྒྱའི་དུས་རབས་དང་། སྤོ་འགུལ་བརྡ་འཕྲིན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་ཐམས་ཅད་ལ་འགྱུར་ལྡོག་ཆེན་པོ་བཏང་། ཡིན་ན་ཡང་ང་ཚོར་བོད་ཡིག་པར་གཞི་ཡི་སྤོ་འགུལ་བེད་སྤྱོད་མ་ལག་མེད་ཕྱིར། བོད་པ་རྣམས་ཀྱིས་སྤོ་འགུལ་ཁ་པར་ཁོ་ནར་བརྟེན་ན་མ་གཏོགས་བོད་ཡིག་ཆ་འཕྲིན་ཐག་གཅོད་དང་། བརྒྱུད་གཏོང་། མཉམ་སྤྱོད་ལ་སོགས་ཀྱི་ལམ་ནས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་ཐུབ་ཀྱི་མེད་པས། སྤྱི་ཚོགས་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་ལ་ཚོད་འཛིན་ཐེབས།

ལོ་བཅུ་ཕྲག་གི་སྔོན་ལ། ཚོང་རྟགས་འདི་དང་ཡང་ན་གན་གྱི་སྟེང་བོད་ཡིག་སྤྱོད་ཐུབ་མིན་དྲི་སྲིད། ད་ལྟ་དེ་ལྟ་བུའི་སྣང་ཚུལ་མི་འདུག་སྟེ། རྒྱུ་མཚན་འདས་པའི་ལོ་ངོ་བཅུ་ཡི་རིང་གི་འབད་འབུངས་ལྷོད་མེད་ལ་བརྟེན་ནས་སྤོ་འགུལ་ཁ་པར་གྱིས་བོད་ཡིག་ཐག་གཅོད་ཐུབ་པ་དེ་རྒྱུན་ལྡན་གྱི་བཀོལ་སྤྱོད་ཅིག་ཏུ་གྱུར་བས་རེད་ཅེས་ཉི་མ་བཀྲ་ཤིས་ལགས་ནས་བརྗོད་བྱུང་། ཚོང་རྟགས་གྲགས་ཅན་ག་གེ་མོའི་ཁ་པར་གྱི་ཁ་བརྡའི་མཉེན་ཆས་ནང་བོད་ཡིག་གི་བཀྲ་ཤིས་བདེ་ལེགས་ཞེས་པའི་ཡི་གེ་བསྐུར་ན། ཚོང་རྟགས་མི་གཅིག་པའི་ཁ་པར་གཞན་ནང་དུ་འཕྲིན་དེ་ཇི་མ་ཇི་བཞིན་འབྱོར་ཐུབ་པ་ཡིན་པས། ཕར་བལྟས་ཚོད་ཀྱིས“ལས་སླ་བ་ཞིང་ལུགས་དང་མཐུན་པའི”དོན་དག་ཅིག་རེད་ཨང་། དེ་ནི་ཁོང་དང་ཁོང་གི་དཔུང་སྡེ་ཡིས་ལོ་ངོ་བཅུའི་རིང་ལ་དཀའ་ལས་ཆེན་པོ་བརྒྱབ་ཅིང་། འབད་འཐབ་ལྷོད་མེད་བྱས་ནས་ད་གཟོད་གྲུབ་པ་ལགས།

2005ལོར། ཉི་མ་བཀྲ་ཤིས་ཀྱི་དཔུང་སྡེས་ཁེ་ལས་བར་མཉམ་འབྲེལ་བྱས་ཏེ། འཛམ་གླིང་ཡོངས་སུ་བོད་ཡིག་པར་གཞིའི་གྲངས་ཀ་སྤོ་འགུལ་བེད་སྤྱོད་མ་ལག་ཐོག་མ་གསར་དུ་བཏོད་པ་དང་། སྤོ་འགུལ་ཁ་པར་ཐོན་སྐྱེད་བྱེད་མཁན་གྱིས་དེ་གཞི་བྱས་ཏེ་འཛམ་གླིང་དུ་བོད་ཡིག་གྲངས་ཀའི་སྤོ་འགུལ་ཁ་པར་ཐོག་མ་བཏོན། 2014ལོར་ཁོ་ཚོ་དང་ཁེ་ལས་བར་མཉམ་ལས་བྱས་ཏེ། བོད་ཡིག་པར་གཞིའི་རིག་ནུས་སྤོ་འགུལ་ཁ་པར་བེད་སྤྱོད་མ་ལག་ཐོག་མ་གསར་དུ་བཏོད་པ་དང་། འབྲེལ་ཡོད་ཁེ་ལས་ཀྱིས་དེ་གཞི་བྱས་ཏེ་འཛམ་གླིང་གི་བོད་ཡིག་རིག་ནུས་སྤོ་འགུལ་ཁ་པར་ཐོག་མ་བཏོན།

རྩིས་འཁོར་གྱི་བོད་ཡིག་བེད་སྤྱོད་མ་ལག་གི་ཕྱོགས་ནས་དང་ཐོགWindowsལ་སོགས་པའི་རྩིས་འཁོར་བེད་སྤྱོད་མ་ལག་ཁོ་ནའི་སྟེང་བོད་ཡིག་གཏག་འཇུག་དང་ཕྱིར་གཏོང་ལ་སོགས་ཐག་གཅོད་ཐུབ་པ་ཙམ་ལས་ཞིབ་འཇུག་གསར་གཏོད་ཀྱི་ཆ་ལ་ངེས་དོན་གྱིས་ཕན་པའི་བོད་ཡིག་བེད་སྤྱོད་མ་ལག་ངོ་མ་ཞིག་མངོན་འགྱུར་བྱུང་ཐུབ་མེད། 2021ལོར་ཉི་མ་བཀྲ་ཤིས་ཀྱི་དཔུང་སྡེ་དང་རྒྱལ་སྲུང་ཚན་རྩལ་སློབ་ཆེན། ཆི་ལིན་མཉེན་ཆས་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་རྩིས་འཁོར་བཀོལ་སྤྱོད་མ་ལག་བོད་ཡིག་པར་གཞི་ཐོག་མ་སྟེ་རྒྱལ་ཁབ་ཀྱིས་བཟོས་པའི“ཡན་ཧི་ཆི་ལིན་བཀོལ་སྤྱོད་མ་ལག་བོད་ཡིག་པར་གཞི”(银河麒麟操作系统藏文版)ཞིབ་འཇུག་གསར་གཏོད་བྱས།

ཉི་མ་བཀྲ་ཤིས་ཀྱིས་ལས་ཀ་དེ་དག་ལ་བརྟེན་ནས་བོད་ལྗོངས་དང་རང་རྒྱལ་གྱི་བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་ཕྱིན་པས། ཆ་འཕྲིན་དྲ་རྒྱའི་དུས་རབས་འདི་ལ་བོད་ལྗོངས་ཀུན་གྱི་རྗེས་སུ་ཆེན་པོ་ལུས་མེད་ཅེས་བརྗོད

འགན་འཁྲི་གསར་པ་དང་། ཁག་ཁུར་གསར་པ།

ཉི་མ་བཀྲ་ཤིས་ཀྱི་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་དགེ་མཚན་ཅི་ནུས་བཏོན་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་དད་སེམས་ནམ་ཡང་འདོར་མེད། “སྨྲ་བརྗོད་དབང་ཆ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན། ད་ལྟ་ཕྱིར་དྲན་བྱེད་དུས་ལས་ཀ་ལ་ལ་ཞིག་གལ་ཏེ་དུས་དེར་མ་བསྒྲུབ་པ་ཡིན་ན། ང་ཚོས་དེ་རིང་རྒྱལ་ཁབ་ལ་གྲུབ་འབྲས་ཅི་ཡང་སྤྲོད་ཐུབ་མེད”ཟེར། 

མིས་བཟོས་རིག་ནུས་དུས་རབས་སུ་སླེབས་པ་བསྟུན་ནས་ཉི་མ་བཀྲ་ཤིས་ལགས་ལ་བསམ་ཕྱོགས་གསར་བ་ཞིག་བྱུང་བ་ནི། སྐད་ཡིག་རིག་ནུས་ཁྱབ་ཁོངས་ཀྱི་ལག་རྩལ་གསོག་འཇོག་བེད་སྤྱད་དེ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་ཞབས་ཞུ་ཇི་ལྟར་བསྒྲུབ་རྒྱུ་དེ་རེད། ད་སྔ་ཉི་མ་བཀྲ་ཤིས་ལགས་ཀྱིས་སྣེ་ཁྲིད་དེ་ཚན་རྩལ་གསར་གཏོད2030སྟེ“རབས་གསར་པའི་མིའི་བཟོས་རིག་ནུས”ཀྱི་ལས་གཞི་གལ་ཆེན་སྒྲུབ་བཞིན་པའི་སྒང་རེད།

ལོ་ངོ36རིང་གི་ལས་ཀར་ཕྱིར་དྲན་རེ་བྱས་ན། ཉི་མ་བཀྲ་ཤིས་ལགས་ཀྱིས་ཚམ་ཚོམ་མེད་པར་འདི་སྐད། ཐོག་མ་ནས་ཚན་རིག་ཞིབ་འཇུག་གི་ལས་དེ་སྒྲུབ་འདོད་ཀྱི་བསམ་པ་བྱུང་ཉུང་མེད། གཙོ་བོ་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་དགོས་མཁོ་ཡིས་རང་ཉིད་ཚན་ཞིབ་ཀྱི་ལམ་ཁ་དེ་ལ་དེད་དེ་མདུན་དུ་སྐྱོད་པ་ཡིན། “ང་ཚོའི་དཔུང་སྡེ་ལ་མཚོན་ན་ཡང་མིག་མདུན་གྱི་ཁེ་ཕན་ཕར་བསྐྱར་ནས་རང་སྟེང་གི་ལག་རྩལ་དང་མི་སྣ། ཐོན་ཁུངས་ལ་སོགས་ཀྱི་ཆ་རྐྱེན་ལྟར་དུ། དགོས་མཁོ་ཁྲིད་སྟོན་དུ་བཟུང་སྟེ་ཕུགས་ཐག་རིང་བའི་དམིགས་འབེན་གཏན་འཁེལ་བྱས་ནས་བརྩོན་པ་ལྷོད་མེད་སྐྱེད་དེ་བློ་གཅིག་སེམས་གཅིག་གིས་ལས་སྣ་གཅིག་བསྒྲུབས་པ་ཡིན། དམིགས་འབེན་དེ་ནི་ངེས་པར་དུ་གནམ་ལ་མཆོངས་ཀྱང་ས་ལ་འབབ་ཐུབ་པ་ཞིག་ཡིན་དགོས་ཟེར།

ཉི་མ་བཀྲ་ཤིས་ལགས་ནི་ཚན་ཞིབ་པ་ཞིག་ཡིན་པར་མ་ཟད། དགེ་རྒན་ཞིག་ཀྱང་རེད། ལོ་ངོ36གི་རིང་ལ། ཁོང་གིས་དངོས་གཞི་སློབ་མ་རྣམས་ལ་སློབ་ཁྲིད་བྱས་པ་དང་། རབ་འབྱམས་དང་འབུམ་རམས་སློབ་མ་རྣམས་ལ་སློབ་སྟོན་མཛད་དེ་བོད་ལྗོངས་སློབ་ཆེན་གྱི་རྩིས་འཁོར་ཆེད་ལས་མེད་པ་ནས་ཡོད་པར་སྐུལ་འདེད་བཏང་སྟེ། དངོས་གཞི་དང་། རབ་འབྱམས། འབུམ་རམས་གསུམ་དུ་ཅུང་ཆ་ཚང་བའི་འཇོན་མི་སྐྱེད་སྲིང་གི་མ་ལག་གྲུབ། ཉི་མ་བཀྲ་ཤིས་ལགས་ཀྱིས“འཇོན་མི་སྐྱེད་སྲིང་དེ་ཚན་རིག་ཞིབ་འཇུག་ལ་སྦྱར་དགོས”ཟེར། 2023ལོའི་ཟླ11པར། ཉི་མ་བཀྲ་ཤིས་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ལ་བསྐོས། གཟི་བརྗིད་མཚན་སྙན་དེ་མགོ་རྩོམ་ས་གསར་པ་ཞིག་མཚོན་ཡོད་པས། རང་ཉིད་ཀྱིས་བོད་ཡིག་ཆ་འཕྲིན་མ་ལག་ཁྱབ་ཁོངས་སུ་མུ་མཐུད་དུ་ལས་ཀ་ལེགས་པོར་བསྒྲུབ་པར་སྐུལ་མ་གནང་བར་མ་ཟད། དེ་ལས་ཡངས་པའི་ཁྱབ་ཁོངས་དང་དེ་ལས་མཐོ་བའི་རིམ་པ་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བར་ཡར་སྐུལ་གནང་ཡོད་ཅེས་ཉི་མ་བཀྲ་ཤིས་ཀྱིས་བརྗོད་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号