ལས་ཞུགས་ནི་སློབ་མར་མཚོན་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

“འགྲན་བསྡུར་བྱས་པའི་འབྲས་བུ་ཐོན་སོང་། ཀུའེ་དབྱང་དུ་གཉེར་བའི་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་གཉིས་པའི་སྟེང་དུ་བོད་ལྗོངས་ཡོངས་ནས་མི་བཞིར་ཕུལ་བྱུང་གི་བྱ་དགའ་ཐོབ་པ་དང་ང་ཚོའི་སློབ་གྲྭ་ནས་མི་གསུམ་ཡོད་པ་རེད”ཅེས་བོད་ལྗོངས་ལག་རྩལ་པའི་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུན་པེའོ་རན་གྱིས་འཚམས་འདྲིར་ཕེབས་མ་ཐག་པའི་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པར་ངོ་སྤྲོད་གནང་བཞིན་དུ།  གདོང་ཡོངས་ལ་དགའ་སྤྲོ་དང་སྤོབས་སེམས་ཀྱིས་ཁེངས་ཡོད། འདི་ནི་སློབ་གླིང་ལ་བྱ་དགའ་ཐོབ་ཐེངས་དང་པོ་མ་ཡིན་ཏེ། སློབ་གྲྭ་གཉེར་ནས་ལོ་ལྔ་སོང་ཚུན་དུ།  སློབ་གླིང་གི་སློབ་མས་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ཆེན་མོ་སྣ་ཚོགས་ཁྲོད་ཟངས་ཀྱི་རྟགས་མ་ཡན་ཐོབ་པའི་བྱ་དགའ་མི་ཐེངས50ལྷག་ཙམ་ཟིན་ཡོད། ཏུན་པེའོ་རན་གྱིས་བོད་ལྗོངས་ལག་རྩལ་པའི་སློབ་གྲྭས་རྒྱལ་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར་ནང་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་པ་དང་། རྩལ་ནུས་སློབ་གསོ་དང་། རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་། དེ་བཞིན་ལས་རིགས་རྩལ་ནུས་སློབ་གསོ་བཅས་ལ་སྐུལ་འདེད་གཏོང་བའི་ཐད་སློབ་གླིང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་གིས་སློབ་གླིང་ལ་གཟི་བརྗིད་བརྩོན་ལེན་བྱས་པ་མ་ཟད། བོད་ལྗོངས་ལས་རིགས་རྩལ་ནུས་སློབ་གསོ་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་སྤོབས་སེམས་ཆེན་པོས་བཤད།  

བོད་ལྗོངས་ལག་རྩལ་སློབ་གྲྭ་ནི་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་གནས་པ་དང་། 2019ལོར་སློབ་གྲྭ་བསྐྲུན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ལག་རྩལ་སློབ་གླིང་དང་པོ་ཡིན་ལ།  བོད་ལྗོངས་ཀྱི་གཞུང་ནས་གཉེར་བའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ལག་རྩལ་སློབ་གྲྭ་འབའ་ཞིག་དེ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཁོངས་སུ་གཏོགས་པ་དང་། མི་ཤུགས་སྤྱི་ཚོགས་འགན་སྲུང་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་བསྐྲུན་པ་ཞིག་རེད། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ374ཙམ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི13ལྷག་ཙམ་ཟིན་པ།མ་དངུལ་ལ་བསྡོམས་འབོར་སྒོར་དུང་ཕྱུར10བཏང་བ་རེད། སློབ་གྲྭར་སློབ་ཁྲིད་ཚན་ཁག6ཡོད་པ་དང་། ཆེད་ལས22བཙུགས་ཡོད་པ་དང་ལག་རྩལ་མཁས་ཅན་དང་མཐོ་རིམ་གོ་མིང་ཡོད་པའི་ཆུ་ཚད་མཐོ་བའི་དགེ་རྒན་གི་དཔུང་ཁག་ཡོད་པས།  “རྒྱལ་ཁབ་ཀྱི་འགྲན་བསྡུར”“འཛམ་གླིང་གི་འགྲན་བསྡུར”གྱི་ཚད་གཞི་མཐོ་བའི་དངོས་སྦྱོང་གི་ཆ་རྐྱེན་འཛོམས་ཡོད། དེའི་ནང་གློག་ཤུགས་སྒྲིག་ཆས་ཀྱི་རྣམ་གྲངས་དངོས་སྦྱོང་རྟེན་གཞི“འཛམ་གླིང་རྩལ་ནུས་འགྲན་བསྡུར་གྱི་ཀྲུང་གོའི་མཉམ་སྡེབ་སྦྱོང་བརྡར་རྟེན་གཞི”གྲས་སུ་བཅུག་པ་དང་།  གློག་ལས་ཉམས་གསོའི་དངོས་སྦྱོང་ཁང་དེ“བོད་རང་སྐྱོང་ལྗོངས་རྩལ་ནུས་མཁས་པའི་ལས་དོན་ཁང”ལ་ངོས་འཛིན་བྱས་པས།  རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་མཉེན་ཆས་དང་མཁྲེགས་ཆས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱས་ཡོད། ལག་ལེན་དངོས་ཀྱི་སྦྱོང་བརྡར་ཐད་བོད་ལྗོངས་ལག་རྩལ་སློབ་གྲྭས་མ་དངུལ་འབོར་ཆེན་བཏང་ནས། དེང་རབས་ཅན་གྱི་དངོས་སྦྱོང་ལྟེ་གནས་དང་དངོས་སྦྱོང་ཁང་བསྐྲུན་པ་དང་སྔོན་ཐོན་གྱི་སྒྲིག་ཆས་དང་ཡོ་བྱད་སྒྲིག་སྦྱོར་བྱས་ཡོད། སློབ་གྲྭས་ད་དུང་ཁེ་ལས་དང་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་དངོས་སྦྱོང་རྣམ་གྲངས་སྤེལ་ནས། སློབ་མས་ལག་ལེན་ཁྲོད་ལས་རིགས་ཀྱི་སྔོན་ཐོན་ལག་རྩལ་དང་ཁྲོམ་རའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱ་རྒྱུ་རེད། དེ་དང་ཆབས་ཅིགསློབ་གྲྭས་དུས་ལྟར་རྩལ་ནུས་འགྲན་བསྡུར་དང་གསར་གཏོད་ལས་གཏོད་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས།  སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་སྐུལ་སྤེལ་དང་སློབ་མའི་ལག་ལེན་གྱི་འཇོན་ཐང་སྦྱོང་བརྡར་བྱེད་ཀྱི་ཡོད་པ་རེད།

བོད་ལྗོངས་ལག་རྩལ་སློབ་གྲྭའི་སློབ་མས་སློབ་ཚན་ཐོག་ཀེག་བཟོ་བཞིན་པ།

བོད་ལྗོངས་ལག་རྩལ་སློབ་གྲྭའི་སློབ་མས་ཚོད་ལྟ་བྱེད་བཞིན་པ།

སློབ་གྲྭ་ནི་གཙོ་རྒྱུན་སློབ་གསོ་འགན་ལེན་དང་སྦྱོང་བརྡར་བྱེད་ས་རེད།

ཁོར་ཡུག་དང་ནུས་རྒྱུའི་ཐོན་ལས་ཚན་ཁག་གི་ཀྲུའུ་རེན། ཚོད་ལྟ་ཁང་གི་མཐོ་རིམ་བཟོ་སྐྲུན་དགེ་རྒན་ཧོང་ཝུའེ་ཡིས་སློབ་ཁྲིད་སྐབས་གསུམ་བྱས་ཡོད་པ་རེད། ཁོང་གིས་ང་ཚོར་ངོ་སྤྲོད་གནང་དོན། བོད་ལྗོངས་ལག་རྩལ་སློབ་གྲྭ་ནི་རྒྱལ་ཡོངས་ཀྱི་ཡོངས་ཁྱབ་ཀྱི་མཐོ་རིམ་སློབ་གྲྭ་དང་། འབྲིང་རིམ་ལས་རིགས་དང་ལག་རྩལ་པ་སོགས་སློབ་གྲྭའི་སློབ་ཐོན་སློབ་མར་ཕྱོགས་པ་དང་། སློབ་མའི་ཁྲོད99%ཡན་ཞིང་འབྲོག་ཁུལ་ནས་ཡིན་པ་དང་། མང་ཆེ་བ་མཐོ་རྒྱུགས་ཡག་པོ་མ་བྱུང་བ་དང་། རྨང་གཞིའི་འཇོན་ཐང་ཞན་མོད། འོན་ཀྱང་སློབ་མ་ཚང་མར་སེམས་ཤུགས་ཆེན་པོ་ཡོད་པས། སློབ་གྲྭར་ཞུགས་རྗེས་ཐད་ཀར་རྩལ་ནུས་སློབ་སྦྱོང་བྱས་པ་དང་འབྲེལ་ལག་ལེན་བྱས་པ་བརྒྱུད་རིམ་བཞིན་འབུར་དུ་ཐོན་ནས་མི་ཚེའི་ཁ་ལོ་བསྒྱུར་བའི་གོ་སྐབས་ཐོབ་ཡོད། ཁོར་ཡུག་དང་ནུས་རྒྱུའི་ཐོན་ལས་ཚན་ཁག་གི་སློབ་མར་དཔེ་བཞག་ན། ཁོང་ཚོ་སློབ་གྲྭ་ཐོན་རྗེས་མང་ཆེ་བ་ཚོད་ལྟ་ཁང་དང་། ཕྱོགས་གསུམ་པའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཀུང་སི། བཙོག་ཆུ་གཙང་སེལ་བཟོ་གྲྭ། དེ་བཞིན་གསར་དར་ཚྭ་མཚོའི་ལིས་ཐི་ཐོན་ལས་སུ་ཞུགས་ཡོད་པ་རེད། བོད་ལྗོངས་ལ“འཛམ་གླིང་གི་ཡང་རྩེ”དང་“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”“སའི་གོ་ལའི་གླིང་སྣེ་གསུམ་པ”ཞེས་བརྗོད་པ་དང་། རང་རྒྱལ་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི“གཙང་པོའི་འབྱུང་ཁུངས”དང“སྐྱེ་ཁམས་ཀྱི་འབྱུང་ཁུངས”ཡིན་ལ། རང་རྒྱལ་དང་ཐ་ན་འཛམ་གླིང་གི་གནམ་གཤིས་མ་ལག་གི“སྙོམས་སྒྲིག་ཡོ་བྱད”དང“བརྟན་ལྷིང་ཡོ་བྱད”ཀྱང་ཡིན་པས། སྐྱེ་ཁམས་འཐབ་ཇུས་ཀྱི་གོ་གནས་ཧ་ཅང་གལ་ཆེན་བཟུང་ཡོད། བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་འགོར་འགྱངས་བྱེད་མི་རུང་བ་ཞིག་ཡིན་པ་དང་ཁོར་ཡུག་དང་སྣོད་བཅུད་སྲུང་སྐྱོང་ཐོན་ལས་ཀྱི་འབྲེལ་ཡོད་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེའང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། སློབ་གྲྭའི་འབྲེལ་ཡོད་ཆེད་ལས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་བྱེད་ཚད100%ཟིན་ནས་ཤེས་ལྡན་པའི་ཁྲོམ་རའི་ཐོག་མཁོ་སྤྲོད་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད། དོན་སྙིང་དེའི་ཐོག་ནས་བརྗོད་ན། བོད་ལྗོངས་ལག་རྩལ་སློབ་གྲྭ་ནི་གཙོ་རྒྱུན་སློབ་གསོ་འགན་ལེན་དང་སྦྱོང་བརྡར་བྱེད་ས་ཅིག་རེད། སློབ་གྲྭ་བཙུགས་པ་ནས་བཟུང་སློབ་ཁྲིད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སློབ་གྲྭར་ཡོད་པའི་སློབ་མའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། སློབ་ཁྲིད་ཀྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། སློབ་ཐོན་སློབ་མའི་ལས་ཞུགས་བྱེད་ཚད་དང་ལས་ཞུགས་ཀྱི་སྤུས་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་སློབ་གླིང་གིས་ད་དུང་སྤྱི་ཚོགས་ཀྱི་ཞབས་ཞུ་ཧུར་ཐག་སྤེལ་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤེས་ལྡན་པའི་འགན་ལེན་དང་ལག་རྩལ་གྱི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

བོད་ལྗོངས་ལག་རྩལ་སློབ་གླིང་གི་སློབ་མས་ཚ་ལ་རྒྱག་སྟངས་ཀྱི་སློབ་ཚན་ཉན་བཞིན་པ།

བོད་ལྗོངས་ལག་རྩལ་སློབ་གླིང་གི་སློབ་མས་ངོས་མཉམ་ཇུས་འགོད་སློབ་ཚན་ཉན་བཞིན་པ།

ཧོང་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གླིང་གི་སློབ་མའི་གསུམ་ཆ་གཅིག་ཙམ་གྱི་ཁྱིམ་ཚང་གི་ཆ་རྐྱེན་ཡག་པོ་མེད་པ་རེད། དེའི་ཐད་སློབ་གླིང་གིས་སློབ་མ་ཡོངས་ལ་སློབ་ཡོན་མི་བསྡུ་བར་ལོ་ལྟར་སྒོར1500ཙམ་གྱི་སྡོད་གནས་དང་། སློབ་དེབ་ཀྱི་གྲོན་དངུལ། ལས་གོས་ཀྱི་གྲོན་དངུལ་བཅས་ལས་བསྡུ་གི་མེད་པ་རེད། གཞན་ཡང་སློབ་གྲྭར་ཡོད་པའི་སློབ་མར་རྒྱལ་ཁབ་ཀྱི་བྱ་དགའ་དང་སློབ་ཞུགས་རོགས་དངུལ་དང་རྩལ་ནུས་བྱ་རྒོད་ཀྱི་བྱ་དགའ་དང་སློབ་ཞུགས་རོགས་དངུལ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་བྱ་དགའ་དང་རོགས་དངུལ་ཐོབ་ཆོག་པ་དང་རོགས་དངུལ་བྱེད་ཚད100%ཟིན་ཡོད་པ་རེད། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་སློབ་གྲྭ་ཐོན་པའི་ལོ་དེར་ད་དུང་ཐེངས་གཅིག་རང་བཞིན་གྱི་ལས་ཀ་འཚོལ་བའི་ཁ་གསབ་སྒོར4200ལེན་རྒྱུ་ཡོད། སློབ་མ་སློབ་གྲྭ་ཐོན་རྗེས་སློབ་གྲྭའི་ལས་སྟེགས་བརྒྱུད་ཁེ་ལས་ལ་འོས་སྦྱོར་བྱས་ནས་མི་གཅིག་ལས་ཞུགས་ཐུབ་ཚེ་ཁྱིམ་ཚང་དེ་རང་ལ་བདེ་སྐྱིད་ཡོང་བ་བྱེད་ཀྱི་ཡོད།   

བོད་སྐྱོར་དགེ་རྒན་གྱིས་སྤྲོ་སྣང་ལྡན་པའི་སྒོ་ནས་སོ་སོས་དགའ་ཞེན་ཡོད་པའི་ལས་ཀ་བྱེད་ཅེས་བརྗོད་པ།

ད་ལོ་ལོ55ལ་སླེབས་པའི་བོད་སྐྱོར་དགེ་རྒན་ལིའུ་ཧའེ་ཧྲེང་ནི་ཧྲན་ཏུང་ཝུའེ་ཧྥང་ནས་ཡིན་པ་དང་། ཁོང་ནི་བོད་ལྗོངས་ལག་རྩལ་སློབ་གླིང་རིག་ནུས་ལག་རྩལ་ཐོན་ལས་ཚན་ཁག་གི་ཀྲུའུ་རེན་ཡིན་པ་དང་། 2020ལོར་སློབ་གླིང་དུ་ལས་ཀ་བྱེད་པར་ཕེབས་ནས་སློབ་གྲྭར་ལས་འགན་འཁུར་ནས་ལོ་བཞི་ལྷག་ཙམ་སོང་ཞིང་ཟླ12པར་སླེབས་སྐབས་བོད་སྐྱོར་དུས་ཡུན་གསུམ་ཟིན་གྱི་ཡོད། ལིའུ་ཧའེ་ཧྲེང་གིས་ཕྱིར་དྲན་བྱས་པར་གཞིགས་ན། ཁོང་བོད་ལ་རོགས་སྐྱོར་བྱེད་པར་མ་ཡོང་གོང་བོད་ལྗོངས་སུ་ཡོང་མྱོང་ཞིང་། དེ་གའི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། རྗེས་སུ་ལོ48མན་གྱི་བོད་སྐྱོར་ལས་བྱེད་པ་བསྡུས་ནས་ཁོང་གིས་ཚོད་ལྟ་བྱེད་པའི་སེམས་ཁམས་བཅངས་ནས་མིང་ཐོ་བཀོད་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་དངོས་གནས་བསྡུས་པ་རེད།  

ལིའུ་ཧའེ་ཧྲེང་གིས་རང་ཉིད་ཀྱི་བོད་སྐྱོར་བརྒྱུད་རིམ་དེ“སྤྲོ་སྣང་ལྡན་པའི་སྒོ་ནས་སོ་སོས་དགའ་ཞེན་ཡོད་པའི་ལས་ཀ་བྱེད”ཅེས་པར་ཕྱོགས་སྡོམ་བྱས་ཡོད། ཁོ་རང་བོད་ལྗོངས་ལ་ཡོང་བའི་ཐོག་མའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་ཆེད་དུ་ལས་དོན་ཞིག་སྒྲུབ་འདོད་པ་དེ་ཡིན། ཁོང་གིས་བོད་ལྗོངས་ཀྱི་ལག་རྩལ་ནང་ས་དང་བསྡུར་ན་ཅུང་རྗེས་ལུས་ཡིན་མོད། འོན་ཀྱང་འཕེལ་རྒྱས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད། ཁོང་གིས་ནང་སའི་ལག་རྩལ་སློབ་གླིང་གི་སློབ་མར་བརྒྱུད་སྤྲོད་བྱས་པ་དང་སློབ་གླིང་གིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ་མ་ཟད་སློབ་མ་ཚོས་རང་འགུལ་ངང་སློབ་སྦྱོང་བྱེད་པར་དགའ་པོ་བྱེད་ཀྱི་ཡོད་པས་ཁོང་གི་ལས་ཀའི་སྤྲོ་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། དུས་ཚོད་ཡོད་ཚེ་ཁོང་གིས་ནག་ཆུའི་འབྲོག་ཁུལ་གྱི་སློབ་མའི་ཁྱིམ་ཚང་ལ་འཚམས་འདྲིར་འགྲོ་གི་ཡོད། ཁྱིམ་བདག་ཚོས་སྤྱི་སྐད་ཡག་པོ་ཤོད་ཤེས་ཀྱི་མེད་མོད། འོན་ཀྱང་ཇ་དང་ཚགས་ཤ་སྐམ་པོ་ཁྱེར་ནས་སྤྲོ་སེམས་འཁོལ་བའི་ངང་ཁོང་ལ་སྣེ་ལེན་བྱེད་ཀྱི་ཡོད།  

དང་ཐོག་ལིའུ་ཧའེ་ཧྲེང་གི་ཁྱིམ་མིས་ཁོང་རང་བོད་ལྗོངས་སུ་ལས་ཀ་བྱེད་པར་སྐྱོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད། ཁོང་དང་བཟའ་ཟླའི་ཕ་མ་གཉིས་ཀ་ལོ་བརྒྱད་ཅུ་ལྷག་ལ་སླེབས་ཡོད་པ་དང་། བཟའ་ཟླ་ཉེ་བའི་ལོ་ཤས་རིང་ལས་འཁྱུར་ངལ་གསོ་བརྒྱབ་མ་ཐག་ཡིན་པས་ཁེར་རྐྱང་དུ་འཚོ་བ་ནི་སྐྱེལ་དགོས་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད། དེའི་ཁར་ཁོང་ཐོག་མར་ཡོང་སྐབས་ས་མཐོར་མ་འཕྲོད་ནས་ཟ་མ་ཡག་པོ་བཟའ་མ་ཐུབ་པ་དང་། གཉིད་ཡག་པོ་མི་ཁུག་པ། སྐྲ་དཀར་པོ་ཆགས་པ། ཤ་རིད་ནས་རྒྱ་མ30ལྷག་མ་ཆག་པས་ཁྱིམ་མིས་ཁོང་ནང་སར་ལོག་དགོས་པའི་ཁ་ཏ་བྱས། དེར་བརྟེན་ལིའུ་ཧའེ་ཧྲེང་གིས་གོ་སྐབས་བཙལ་ནས་བཟའ་ཟླ་བོད་ལྗོངས་སུ་འཚོ་བ་སྐྱེལ་དུ་བཅུག་ནས་ཁོང་ཁྲིད་ནས་ཁྱིམ་དུ་འཚམས་འདྲིར་བསྐྱོད་པ་རེད། ག་ལེར་བཟས་སླས་ཀྱང་དེ་གའི་སློབ་མ་ཚོས་ལག་རྩལ་སྦྱོང་འདོད་ཆེན་པོ་བྱེད་པ་དང་། ལིའུ་ཧའེ་ཧྲེང་གིས་ཀྱང་དེ་གའི་སློབ་མ་དང་བོད་ལྗོངས་ཀྱི་སློབ་གསོར་བཅངས་པའི་དད་ཞེན་མྱོང་ཚོར་ཟབ་མོ་བྱུང་ཡོད། དེ་ནས་ཁོང་ལ“ཁྱེད་རང་འདི་གར་བསྡད་ཀྱང་ཆོག་མོད། འོན་ཀྱང་གཟུགས་པོར་དོ་སྣང་བྱེད་དགོས”ཞེས་བཤད། རྗེས་ཕྱོགས་ཀྱི་སེམས་ཁྲལ་སེལ་རྗེས་ལིའུ་ཧའེ་ཧྲེང་གིས་སྤྲོ་སེམས་འཁོལ་པོས་་སློབ་ཁྲིད་ལ་ལས་ལ་གཞོལ། བོད་སྐྱོར་བྱས་ཚུན་ཁོང་ལོ་གསུམ་བསྟུད་མར་ཕུལ་བྱུང་དགེ་རྒན་ལ་བདམས་པ་རེད། ཁོང་གིས་རྒྱུན་དུ་བཤད་རྒྱུར། རང་ཉིད་ཀྱིས་དགའ་ཞེན་ཡོད་པའི་ལས་ཀར་གཞོལ་ཚེ་ད་གཟོད་སྒུལ་ཤུགས་ཡོད་ལ་སེམས་ཁམས་ཀྱང་ཇེ་ལེགས་དང་ལུས་པོ་ཡང་ཡག་ཏུ་འགྲོ་གི་འདུག སྐབས་འགར་སློབ་གྲྭའི་ཕྱི་རོལ་དུ་སློབ་ཐོན་སློབ་མ་དང་འཕྲད་སྐབས། ཁོང་ཚོའི་འཚོ་བ་དང་ལས་ཀ་ཡག་པོ་ཡོད་ཅེས་གོ་ཐོས་བྱུང་བ་དང་ཁ་བྲལ་སྐབས་ཁོང་ལ་བཀའ་དྲིན་གྱིས་ཆེ་ཞེས་བཞུས་ནས་འཐམ་འཁྱུད་ཡང་བྱེད་ཀྱི་ཡོད། ཁོང་གིས་གནས་ཚུལ་དེ་འདྲ་འཕྲད་སྐབས་ཚང་མ་བློས་གཏོང་བྱེད་རིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།  

ལིའུ་ཧའེ་ཧྲེང་གིས་སློབ་མར་སློབ་ཁྲིད་བྱེད་བཞིན་པ།

ནང་སར་ལོག་རྗེས་བློ་ཕམ་འདུག་གམ་ཞེས་དྲིས་སྐབས་ལིའུ་ཧའེ་ཧྲེང་གིས་སེམས་ཁྲལ་ཆེ་ཤོས་ནི་ཁོང་གིས་འཁྲིད་པའི་ཚ་ལ་རྒྱག་པའི་ཆེད་ལས་ཀྱི་སློབ་མ་སང་ལོའི་རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་གསུམ་པའི་ནང་ཞུགས་རྒྱུ་ཡིན་པ་དང་། དེ་སྔོན་གྱི་འགྲན་བསྡུར་ནང་གྲུབ་འབྲས་ཡག་པོ་མ་ཐོབ་པས་ད་ལྟ་ཁོང་གིས་སློབ་མར་སྦྱོང་བརྡར་བྱེད་བཞིན་པའི་སྒང་ཡིན་མོད། འོན་ཀྱང་དངོས་སུ་རུ་ཁག་ཁྲིད་ནས་འགྲན་བསྡུར་ནང་ཞུགས་ཐབས་མེད་པ་དེ་རེད། འོན་ཀྱང་ཁོང་གིས་ཤེས་བྱ་དང་རྩལ་ནུས་ཚང་མ་བུམ་པ་གོང་བྱོའི་ཚུལ་གྱིས་བསླབས་ཚར་བས་བོད་ལྗོངས་ནས་བློ་བདེ་པོས་ཁ་བྲལ་ཐུབ་བྱུང་ཞེས་བརྗོད་པ་རེད།

ལས་ཞུགས་ནི་སློབ་གླིང་དང་སློབ་མའི་སྲོག་རྩ་ཡིན།

“ལས་ཞུགས་ནི་སློབ་གླིང་དང་སློབ་མའི་སྲོག་རྩ་ཡིན”ཞེས་དགེ་རྒན་མང་པོས་དེ་ལྟར་བརྗོད་ཀྱི་ཡོད། སློབ་གླིང་གི་དགེ་རྒན་ཚང་མས་ལས་ཞུགས་དམིགས་ཚད་ཀྱི་འགན་འཁུར་ནས་ཁེ་ལས་དང་མཉམ་ལས་བྱ་རྒྱུའི་གྲོས་མོལ་བྱེད་ཞིང་། ཆབས་ཅིག་ཁེ་ལས་དང་ཚུར་ལན་ལམ་སྲོལ་བཙུགས་ནས་དགེ་རྒན་གྱིས་ཁེ་ལས་ཀྱི་ཚུར་ལན་ལ་གཞིགས་ཏེ། སློབ་ཁྲིད་ཀྱི་ནང་དོན་དང་བྱེད་སྟངས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་འཁོར་རྒྱུག་བཟང་པོ་ཞིག་ཆགས་པ་དང་ཁེ་ལས་ལ་མི་ཤུགས་དཀོན་པའི་སྐབས་སུ་རང་འགུལ་ངང་སློབ་གླིང་དང་འབྲེལ་བ་བྱེད་ཀྱི་ཡོད་པ་རེད།  

ཚེ་རིང་དོན་གྲུབ་ནི་སློབ་གླིང་གི2022ལོའི་ངོས་མཉམ་ཇུས་འགོད་ཆེད་ལས་ཀྱི་སློབ་ཐོན་སློབ་མ་ཡིན་ལ་རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་དང་པོའི“ནུབ་རྒྱུད་རྩལ་ནུས་གྲགས་ཅན”ཐོབ་མཁན་ཡང་ཡིན། ང་ཚོ་འཚམས་འདྲིར་བསྐྱོད་སྐབས་ཁོང་སློབ་གྲྭར་ལོག་ནས་སྡེ་ཚན་འགྲེམས་སྟོན་བྱེད་པའི་སྒང་རེད། ཚེ་རིང་དོན་གྲུབ་སློབ་གྲྭ་ཐོན་རྗེས་མཉམ་གཉེར་པ་བཞི་དང་མཉམ་དུ་ལྷ་སར་ལས་གཏོད་བྱས་ནས་ཡོན་ཚང་ཚོང་རྟགས་ཇུས་འགོད་ཚད་ཡོད་ཀུང་སི་བཙུགས་པ་དང་ལས་སྒོ་གཙོ་བོ་ནི་ཐོན་རྫས་ཐུམ་སྒྲིལ་ཇུས་འགོད་དང་། མཚོན་རྟགས་ཇུས་འགོད། སྤུས་རྟགས་ཇུས་འགོད་བཅས་ཚུད་ཡོད་པ་རེད། དང་ཐོག་ལས་གཏོད་བྱེད་སྐབས་མཉམ་གཉེར་པ་ཁག་གཅིག་རང་ཉིད་ཀྱིས་ཕྱིར་ཚོང་བྱེད་ཀྱི་ཡོད། ད་ཆ་ཚོང་ཤག་རྙིང་པ་ཚོས་ངོ་སྤྲོད་བྱས་པ་བརྒྱུད་ཚོང་ཤག་མང་པོ་ཞིག་གིས་རང་འགུལ་ངང་ཁོང་ཚོ་འཚོལ་དུ་ཡོང་གི་ཡོད་པས་ཚོང་ལས་དེ་བས་ཡག་པ་བྱུང་ཡོད། “ལས་གཏོད་བྱས་ནས་ལོ་གཉིས་ལྷག་ཙམ་སོང་རྗེས་ངས་ཁེ་སྤོགས་ཁྲི40ལྷག་ཙམ་བགོས་པ་ཡིན། འདི་ལོ་ང་ཚོའི་མཉམ་གཉེར་པ་ཁ་ཤས་ཀྱིས་རླངས་འཁོར་ཉོས་ཡོད། འབྱུང་འགྱུར་ང་ཚོས་ཀུང་སིའི་ཚོང་ཁང་རྒྱ་ཆེ་རུ་བཏང་ནས་མཛེས་བཟོ་ཡག་པོ་བྱས་ཏེ་དྲ་ཐོག་ནས་ཐད་གཏོང་བྱེད་རྩིས་ཡོད། རྗེས་སུ་ལྷ་སར་ཁང་པ་ཉོས་ཏེ་ཆབ་མདོ་ནས་ཨ་མ་བསུས་ནས་མཉམ་དུ་འཚོ་བ་སྐྱེལ་གྱི་ཡིན”ཞེས་ཚེ་རིང་དོན་གྲུབ་ཀྱིས་ང་ཚོར་ངོ་ཤ་སྨིན་པོས་ངོ་སྤྲོད་བྱས་བྱུང་། 

2022ལོའི་སློབ་ཐོན་སློབ་མ་ཚེ་རིང་དོན་གྲུབ་ཀྱིས་བཅར་འདྲི་དང་ལེན་བྱེད་པ།

ཚེ་རིང་དོན་གྲུབ་ཀྱིས་ཇུས་འགོད་བྱས་པའི་ཐོན་རྫས།

ཚེ་རིང་དོན་གྲུབ་ཀྱི་དགེ་རྒན་ངག་དབང་རྡོ་རྗེ་ནི་སློབ་གླིང་མི་རིགས་རིག་གནས་ཐོན་ལས་ཚན་ཁག་གི་འགན་འཁུར་བ་ཡིན། ཁོང་གིས་ང་ཚོར“སློབ་མར་ང་ཚོ་ལས་དངུལ་མང་བ་རག་གི་ཡོད་པ་དེ་ང་ཚོས་མཐོང་འདོད་པ་ཞིག་ཡིན”ཞེས་བཤད། 

བོད་ལག་རྩལ་སློབ་གླིང་གི་མཚོན་རྟགས།

ང་ཚོ་ལྷ་ས་འབྲིང་རིམ་ཞིབ་བཤེར་ཕྱོགས་བསྡུས་ཐོན་རྫས་ཞིབ་བཤེར་ཚད་ཡོད་ཀུང་སིར་འགྲོ་སྐབས་ཉི་མ་ཆུང་ཆོས་ཀྱིས་ཚོད་ལྟ་ཁང་དུ་ཤའི་དཔེ་མཚོན་གྱི་སོས་ཚད་ལ་ཞིབ་བཤེར་བྱེད་བཞིན་ཡོད། ཉི་མ་ཆུང་ཆོས་ནི་ནག་ཆུ་ནས་ཡིན་པ་དང་ན་ནིང་སློབ་གླིང་ནས་མཐར་ཕྱིན་ཏེ་སློབ་གླིང་གི་ངོ་སྤྲོད་བརྒྱུད་ལྷ་སའི་འབྲིང་རིམ་ཞིབ་བཤེར་ཁང་དུ་ལས་ཀ་བྱེད་པར་ཡོང་ཡོད། རང་ཉིད་ཀྱི་སློབ་གཉེར་དང་ལས་ཀ་འཚོལ་བའི་ལམ་བུའི་སྐོར་གླེང་སྐབས་ཉི་མ་ཆུང་ཆོས་ཀྱིས་སུའི་དཀའ་དྲིན་ཡིན་པ་ནམ་ཡང་བརྗེད་མེད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རང་ཉིད་ཀྱི་མཐོ་རིམ་སློབ་འབྲིང་སྐབས་སྦྱངས་འབྲས་དེ་ཙམ་ཡག་པོ་མེད་ཀྱང་རྫས་འགྱུར་ལ་ཧ་ཅང་དགའ་པོ་ཡོད་པས་འབྲེལ་ཡོད་ལག་རྩལ་ཞིག་སློབ་སྦྱོང་བྱེད་འདོད་བྱུང་། 2020ལོར་བོད་ལྗོངས་ལག་རྩལ་སློབ་གླིང་གི་ཁོར་ཡུག་སྲུང་སྐྱོང་དང་ཞིབ་དཔྱད་ཚད་ལེན་ཆེད་ལས་ལ་མིང་ཐོ་བཀོད་པ་ཡིན། སློབ་གྲྭས་སློབ་ཁྲིད་བྱེད་པ་ཚང་མ་ནི་ཁེ་ལས་ལ་དངོས་སུ་མཁོ་བའི་ཤེས་བྱ་དང་རྩལ་ནུས་རེད། སློབ་གྲྭ་ཐོན་རྗེས་ཁོ་མོ་བདེ་བླག་ངང་ངོ་རྒྱུགས་དང་ཚོད་ལྟའི་དུས་ཡུན་འཐིམས་ཡོད། ངའི་ཨ་མའི་མིག་གཅིག་ལོང་བ་དང་། ད་བར་ཨ་ཕས་ཁྱིམ་ཚང་གི་འགན་འཁུར་ནས་ང་དང་གཅུང་པོ་རྣམས་སློབ་གྲྭར་བཏང་བ་རེད། ད་ལྟ་ང་ལ་བློ་ཡིད་ཚིམ་པའི་ལས་ཀ་ཞིག་རག་བྱུང་། ཟླ་རེར་གླ་ཕོགས་སྒོར8000ཡོད། ལས་ཁུངས་ནས་སྡོད་ཁང་སྤྲད་པ་དང་དགུང་ཟས་བསྟེར་བཏང་གྱི་ཡོད་པས་གཞི་ནས་ངའི་ཨ་ཕའི་ཁུར་པོ་ཡང་དུ་གཏོང་ཐུབ་བྱུང”ཞེས་ཉི་མ་ཆུང་ཆོས་ཀྱིས་མིད་པ་ཆུད་བཞིན་བརྗོད་བྱུང་། 

སློབ་ཐོན་སློབ་མ་ཉི་མ་ཆུང་ཆོས་ཀྱིས་ཚོད་ལྟ་ཁང་དུ་ཤ་སོས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པ།

ལོ22ལ་སླེབས་པའི་སློབ་ཐོན་སློབ་མ་ཚེ་ཐར་ཐར་དང་ཕུ་ཚེ་གཉིས་ཀྱིས་བོད་ལྗོངས་ཁྲའོ་ཡུང་རླངས་འཁོར་ཕྱིར་ཚོང་ཞབས་ཞུ་ཚད་ཡོད་ཀུང་སིར་ཕྱིར་ཚོང་བློ་འདྲི་བ་བྱས་ནས་ལོ་གཉིས་ཙམ་ཕྱིན་ཡོད། ཁོང་གཉིས་ནི་བོད་ལྗོངས་ལག་རྩལ་སློབ་གླིང་གི་རླངས་འཁོར་ཚོང་གཉེར་ཆེད་ལས་ཀྱི་སློབ་མ་ཡིན་པ་དང་འདི་ལོའི་ཟླ6པར་སློབ་གྲྭ་ཐོན་པ་རེད། ཐོག་མའི་གྲུབ་འབྲས་འབྲིང་གྲས་ནས་ད་ལྟའི་བར་ཕྱིར་ཚོང་གྲངས་འབོར་མདུན་གྲལ་དུ་སླེབས་ཤིང་། ཁོ་གཉིས་སོ་སོས་རླངས་འཁོར་སུམ་བརྒྱ་ལྷག་ཙམ་བཙོངས་ཡོད། རླངས་འཁོར་རེ་རེའི་ཆ་བགོས་བསྣན་ན་ཟླ་རེར་ཆ་སྙོམས་གླ་ཕོགས་སྒོར9000ལྷག་ཙམ་ཟིན་གྱི་ཡོད། ལས་ཀ་དེའི་ཐད་ཀྱི་མྱོང་ཚོར་དྲིས་སྐབས་ཚེ་ཐར་ཐར་གྱིས“ང་ཚོས་སློབ་གྲྭར་སློབ་སྦྱོང་བྱས་པ་ནི་རླངས་འཁོར་ཕྱིར་ཚོང་བྱེད་པ་དང་དེའི་ཐད་དངོས་སྦྱོང་ཡང་བྱེད་མྱོང་ཡོད། སློབ་ཆེན་ལོ་རིམ་དང་པོའི་སློབ་དུས་རྗེས་མ་ནས་དངོས་སྦྱོང་བྱེད་ཆོག་པས་ད་ཆ་ཁོངས་མི་ངོ་མར་གྱུར་ཡོད། ང་ཕྱིར་ཚོང་བྱེད་པར་ཧ་ཅང་དགའ་པོ་ཡོད། མཁོ་མཁན་དང་སྤེལ་རེས་བྱས་ན་ངའི་འབྲེལ་གཏུག་ནུས་པ་ཆེ་རུ་འགྲོ་ཐུབ་ཀྱི་འདུག”ཅེས་ང་ཚོར་རླངས་འཁོར་གསར་པ་ངོ་སྤྲོད་བྱེད་སྐབས་བརྗོད་བྱུང་།  

སློབ་ཐོན་སློབ་མ་ཚེ་ཐར་ཐར་དང་ཕུ་ཚེ་གཉིས་ཀྱི་མཉམ་པར།

ལོ་མང་པོའི་རིང་ལ།  བོད་ལྗོངས་ལག་རྩལ་སློབ་གླིང་གིས་གསོ་སྐྱོང་བྱས་པའི་ལག་རྩལ་རྣམ་པའི་སློབ་མ་རྣམས་སྤྱི་ཚོགས་ཀྱི་མཁོ་སྤྲོད་དགོས་མཁོ་ལས་མི་འདང་བའི་ཤེས་ལྡན་མི་སྣར་གྱུར་ནས་ཁྱིམ་བདག་དང་། སློབ་མ། ཁེ་ལས་བཅས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ནས་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། རྩལ་ནུས་གསོ་སྦྱོང་ལས་ཞུགས་མཛུབ་ཁྲིད་ཞབས་ཞུ་བྱས་པ་བརྒྱུད་སློབ་གླིང་གིས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་དང་ལས་ཞུགས་བརྟན་པོ་ཡོང་བར་རོགས་རམ་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་ཕྱིན་པ་དང་བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། སློབ་ལུགས་སློབ་གསོ་བརྒྱུད་མཐོ་རིམ་བཟོ་པ་དང་གྲ་སྒྲིག་ལག་རྩལ་དགེ་རྒན་གསོ་སྐྱོང་བྱས་པར་བརྟེན་སློབ་གླིང་གི་སློབ་མ་ལས་ཞུགས་ལས་གཏོད་བྱེད་ཚད98%ཡན་ཟིན་པ་དང་སྤྱི་ཚོགས་ལ་ཁ་ཕྱོགས་ནས་མཐོ་རིམ་བཟོ་པ་དང་ལག་རྩལ་དགེ་རྒན་གྱི་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་དང་། ཞིབ་བཟོ། ལས་རིགས(ལས་རིགས)རྩལ་ནུས་གསལ་འབྱེད་བཅས་བྱས་ནས་གསོ་སྦྱོང་སྣ་ཚོགས་དང་གསལ་འབྱེད་མི་གྲངས་ཁྲི1ལྷག་ཙམ་ལེགས་གྲུབ་བྱུང་ཡོད། མིག་སྔར་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་། རྩལ་ནུས་རིམ་པ་ངོས་འཛིན། འགྲན་བསྡུར་མཉམ་སྡུད་སྦྱོང་བརྡར་སོགས་ནུས་མང་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྟེགས་བུ་འདུས་ཡོད་པ་དང་ལྗོངས་ནང་ཁུལ་དུ་སློབ་གླིང་སྣེ་ཁྲིད་པའི་ལག་རྩལ་བཟོ་པའི་སློབ་གསོའི་མ་ལག་གསར་པ་ཆགས་ཡོད་པ་རེད། སླད་ཕྱིན་སློབ་གླིང་གིས་རང་སྐྱོང་ལྗོངས་ཀྱི་ཀ་རྟེན་ཐོན་ལས་ཆེན་པོ་བདུན་ལ་དམིགས་ནས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ལམ་སྲོལ་གསར་གཏོད་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་སྟངས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་ཆེད་ལས་ཚོགས་པ་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ལས་ཞུགས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་དང་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུ་བཅས་བྱས་ཏེ་གསར་གཏོད་ཀྱི་ནུས་པ་ལྡན་པའི“བོད་ལྗོངས་ཀྱི་བཟོ་པ”དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་དང་ཆབས་ཅིག་བོད་ལྗོངས་ཀྱི་ལག་རྩལ་སློབ་གླིང་དེ་ཆུ་ཚད་མཐོ་ཞིང་ཤུགས་རྐྱེན་ལྡན་པའི་ལག་རྩལ་སློབ་གླིང་དུ་བསྐྲུན་ནས་མི་སྤྱི་པུས་སྤྲད་པའི་རྒྱལ་ཁབ་ཀྱི་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྦྱོང་གི་མངོན་གསལ་དོད་པའི་ལེགས་སྐྱེས་འབུལ་མཁན་ཚན་པ་དེ་བས་སྟོབས་ཤུགས་ལྡན་པ་དང་འོད་སྟོང་འཕྲོ་བར་བྱེད་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号