ཆོས་དབྱིངས་སྐྱིད་ཀྱི་དངོས་བཤུས་གློག་བརྙན«མཐོ་སྒང་གི་གཙོད»ཞེས་པ་ཐོག་མར་བསྟན་པ།
རྩོམ་པ་པོ།:ཚེ་རིང་རྒྱ་མཚོས་བསྒྱུར།
“མཐའ་ཡས་པའི་མཚོ་བོད་མཐོ་སྒང་དུ་ངོ་མཚར་ཆེ་བའི་བོད་པའི་བུ་མོ་ཞིག་ཡོད་ལ། མོ་ནི་མཐོ་སྒང་གི་རི་དྭགས་གཙོད་དང་འདྲ་བར་ལུས་རྩལ་འགྲན་ར་ནང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། མོའི་མིང་ལ་ཆོས་དབྱིངས་སྐྱིད་ཟེར”ཟླ12པའི་ཚེས30ཉིན་དངོས་བཤུས་གློག་བརྙན«ཀྲུང་གོའི་བོད་རིགས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོག་མ་ཐོབ་མཁན་འཛངས་མ་ཆོས་དབྱིངས་སྐྱིད་ཀྱི་ཕུགས་འདུན་དོན་གཉེར་གྱི་འགྲུལ་བཞུད»ཅེས་པའི་ཐོག་མའི་འགྲེམ་སྟོན་མཛད་སྒོ་ཟི་ལིང་དུ་འཚོགས།
དངོས་བཤུས་གློག་བརྙན«མཐོ་སྒང་གི་གཙོད»ཅེས་པ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་ཕབ་སྐྲུན་བྱས་པ་དང་། མོའི་ཕུགས་འདུན་དོན་གཉེར་གྱི་མགོ་ཚུགས་ས་ནས་གཟི་བརྗིད་ཀྱི་རྩེ་བར་དུ་བློ་བརྟན་འགྱུར་མེད་ངང་རང་ཉིད་ལས་བརྒལ་བའི་ལུས་རྩལ་སྙིང་སྟོབས་ཞིབ་ཅིང་ཕྲ་བའི་སྒོ་ནས་མངོན་པ་དང་། མཚོ་སྔོན་ལུས་རྩལ་གྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་དང་གཏིང་ཟབ་པའི་རྨང་གཞི་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་པས། མཚོ་སྔོན་ལུས་རྩལ་རིག་གནས་འཛུགས་སྐྱོང་ཁྲོད་ཀྱི་མཛེས་ལྗོངས་ཤིག་ཡིན།
དངོས་བཤུས་གློག་བརྙན་གྱི་གསར་སྐྲུན་མི་སྣ་གཙོ་བོའམ། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་སྨྱན་སྦྱོར་གསར་པའི་ལྟེ་གནས་ཀྱི་འགན་འཁུར་བ་ལིའུ་ལུང་གིས་ཆོས་དབྱིངས་སྐྱིད་ཀྱི་མི་ཚེའི་རྗེས་ཤུལ་ནི་བློ་སྒོ་འབྱེད་པར་དོན་སྙིང་ཆེན་པོ་ལྡན་པ་དང་མི་རྣམས་ལ་སྐུལ་སློང་བྱེད་པའི་གཏམ་རྒྱུད་ཀྱི་བརྗོད་བྱ་ཞིག་ཡིན་པདང་། ཁོ་མོ་མཚོ་སྔོན་པོ་འགྲམ་གྱི་རྩྭ་ཐང་བུ་མོ་ནས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་དུ་འགྱུར་བ་དང་། འཚར་ལོངས་ཀྱི་གོམ་པ་རེ་རེ་མི་ཚང་མའི་མིག་དཔེ་ལྟ་ས་རུ་གྱུར། ཆོས་དབྱིངས་སྐྱིད་ཀྱི་གཏམ་རྒྱུད་ནི་དོན་གཉེར་ལྷོད་མེད་དང་ཡིད་ཆེས་བརྟན་པོ་བྱེད་པ། ནམ་ཡང་དོར་མེད་པའི་སྙིང་སྟོབས་བཅས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། སྙིང་སྟོབས་འདིའི་རིགས་ཀྱིས་མི་ཚང་མར་སྐུལ་ལྕག་བྱས་པ་མ་ཟད། དངོས་བཤུས་གློག་བརྙན་གྱིས་བརྒྱུད་སྤྲོད་བྱེད་དགོས་པའི་ལྟེ་བའི་རིན་ཐང་ཡང་གྲུབ་ཡོད། ཐེངས་འདིའི་ཆོས་དབྱིངས་སྐྱིད་ཀྱི་དངོས་བཤུས་གློག་བརྙན་ཕབ་སྐྲུན་བྱས་པ་དེ་ནི་མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་དངོས་བཤུས་གློག་བརྙན་ཕབ་སྐྲུན་བྱེད་པའི་ཐད་ཀྱི་ཚད་བརྒལ་གལ་ཆེན་ཞིག་ཡིན་ཞིང་། ཕྱི་རྒྱལ་དུ་ཕབ་སྐྲུན་བྱེད་པ་ཐེངས་དང་པོ་དང་། ཐོག་མའི་གསར་རྩོམ་རོལ་དབྱངས་བཟོ་སྐྲུན། ཀྲུང་གོ་དང་དབྱིན་ཇིའི་སྐད་གཉིས་བཟོ་བ་ཐེངས་དང་པོ་བཅས་མངོན་འགྱུར་བྱུང་། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注