བོད་ཀྱི་གསོ་རིག་བརྡ་ཆད་ཀྱི་མིང་འདོགས་ཚུལ་སྐོར་རོབ་ཙམ་གླེང་བ།
དཔལ་ལྡན་མཚོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།
སྤྱིར་འཇིག་རྟེན་གྱི་དངོས་པོ་ཀུན་ལ་བརྡ་ཆད་ཀྱི་འདོགས་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་། དེ་དག་མདོར་བསྡུས་ན་དངོས་བོ་གང་ཞིག་ལ་རྒྱུ་མཚན་མེད་པར་འདོད་པ་ལྟར་བརྡ་ཞིག་སྦྱར་ནས་བཏགས་པའི་འདོད་རྒྱལ་གྱི་མིང་དང་། ཆོས་གང་གི་གཟུགས་དང་ཡོན་ཏན། བྱེད་ནུས་དང་སྦྱོར་སྡེབ། དབྱིབས་དང་ཁ་དོག་སོགས་ལ་རིག་པས་དཔྱད་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞེས་མིང་ལ་འདོགས་ཚུལ་རིགས་གཉིས་ཡོད་པ་ལས། བོད་ཀྱི་གསོ་རིག་བརྡ་ཆད་ཁྲོད་དུ་རྗེས་གྲུབ་ཀྱི་མིང་གི་འདོགས་ཚུལ་ལ་གཙོ་ཆེ་བ་རྣམ་པ་བཅུ་གཅིག་ཙམ་ཡོད་པ་རེ་རེ་བཞིན་དཔྱད་པ་ལ།
གཅིག བྱེད་ལས་ཀྱི་སྒོ་ནས་བཏགས་པ།
དཔེར་ན་གོང་གི་རེའུ་མིག་ལས། ཁུས་འདེབས་ཞེས་པ་ནི་ངུ་སྐད་ཀྱི་ཆོ་ངེ་འདེབས་པའི་བྱ་བའི་མིང་དང་། སྨན་མར་ཞེས་པ་ནི་སྨན་གྱི་དྭངས་མ་མར་ལ་བསྟིམས་ཏེ་ལུས་སྟོབས་གསོ་བ་སོགས་ལ་ཕན་པའི་སྨན་སྦྱོར་ཞིག་སྟེ། མིང་བརྡ་དེ་གཉིས་ལྷན་དུ་སྦྱར་བས“ཁུས་འདེབས་སྨན་མར”[1]ཞེས་པའི་སྨན་མིང་གི་བརྡ་ཆད་འདི་གྲུབ་པ་རེད། དེ་ནི “འབྱུང་པོའི་གདོན་གྱིས་རྒྱུད་དཀྲུག་ནས་རྣམ་ཤེས་གཞན་དབང་དུ་གྱུར་པ་ལ་སྨན་འདི་བཏང་ན་འབྱུང་གདོན་ལས་གྲོལ་ཏེ་རྣམ་ཤེས་རང་བཞིན་དུ་བག་ཕེབས་པར་འགྱུར”[2]བ་ལ་རྣམ་ཤེས་འབོད་པ་ལྟ་བུའི་ནུས་པ་དང་ལྡན་པས་དེ་ལྟར་བཏགས་པ་དང་། མཁལ་རྩ་རྐང་འདེགས་ནི“མཁལ་མ་དང་འབྲེལ་བའི་རྩ་དཀར་གྱི་མིང”[3]ཡིན་ལ། དེས་རྐང་བ་འདེགས་འཇོག་གི་ལས་ཆེར་བྱ་བའི་ཕྱིར་མིང་དེ་ལྟར་བཏགས། མཁྲིས་པ་མདངས་སྒྱུར་ནི་ལུས་ཀྱི་རྩ་བའི་མཁྲིས་པ་ལྔའི་ཡ་གྱལ་ཞིག དེས“དྭངས་མ་ལ་སོགས་ཁ་དོག་མ་ལུས་སྒྱུར།”[4]ཞེས་པ་ལྟར་བྱེད་ལས་ཀྱི་སྒོ་ནས་བཏགས་པའོ། །
གཉིས། དབྱིབས་ཀྱི་སྒོ་ནས་བཏགས་པ།
དཔེར་ན། ཁྱུང་སྡེར་དཀར་སྨུག་ཞེས་པ་ནི་ཤིང་སྨན་ཞིག་གི་མིང་སྟེ། “ཁྱུང་སྡེར་དཀར་པོ་བྱ་ཕོའི་ཕྱི་སྡེར་འདྲ”[5] ཞེས་པ་ལྟར་དབྱིབས་ཀྱི་སྒོ་ནས་བཏགས་པ་དང་། བྱ་རྒོད་སུག་པ་ཞེས་པ་ནི་སྔོ་སྨན་གྱི་རིགས་ཤིག་སྟེ། དབྱིབས་བྱ་རྒོད་རྐང་སུག་དང་འདྲ་བས་དེ་ལྟར་བཏགས་པ་དང་། ཆུ་སྲིན་སྡེར་མོ་ནི་སྲོག་ཆགས་ཀྱི་སྨན་གྱི་རིགས་ཤིག་སྟེ། “ཉ་ཁྲབ་ཅན་གྱི་ཕྱི་ཡི་པགས་པའི་ངོས་སེན་མོའི་དབྱིབས་ལྟ་བུའི་རུས་པ་ན་གི”[6]ཞེས་པ་ལྟར་དེའང་དབྱིབས་ལ་བལྟས་ནས་བཏགས་པ་རེད།
གསུམ། ཁ་དོག་གི་སྒོ་ནས་བཏགས་པ།
དཔེར་ན། རྩ་དཀར་ཞེས་པ་ནི“ཀླད་པ་ལས་བྱུང་ཞིང་རྐྱང་མ་དང་འབྲེལ་བ་རླུང་གཙོ་བོར་གྱུར་པས་རྩ་དཀར།”[7]ཞེས་སྲོག་གི་གནས་རྟེན་བྱེད་པའི་རྩ་བར་གྱུར་བའི་རྩ་རིགས་གཉིས་ལས་རྩ་དཀར་ཞེས་པ་དེ་ལ་བྱ་ཞིང་། རྩ་ནག་དང་བསྡུར་ན་མདོག་ཀྱང་ཅུང་དཀར་པོ་ཡིན་པས་ཁ་དོག་ལ་བལྟས་ནས་བཏགས་པ་དང་། ཆུ་སེར་ནི་ལུས་ཀྱི་པགས་པའི་བར་དང་ཚིགས་ལ་ཤས་ཆེར་གནས་པའི་མདོག་དམར་སེར་ཆུ་ལྟར་སླ་ལ་འབྱར་བག་གི་གཤིས་དང་ལྡན་པའི་ནད་ཅིག་ལ་གོ་བས་འདི་དག་ནི་མདོག་ལ་བལྟས་ནས་བཏགས་པའི་མིང་ཡིན།
བཞི། འདྲ་བའི་སྒོ་ནས་བཏགས་པ།
དཔེར་ན། ཁྲོས་སྣ་ཞེས་པ་ནི་གྲུ་མོའི་དཔུང་པའི་ཚིགས་མཚམས་སུ་གནས་པའི་རྨེན་བུ་སྨུག་པོའི་མིང་སྟེ། “ལག་པ་བརྐྱང་བསྐུམ་བྱས་ན་ཁྱི་ཁྲོས་པ་ལྟར་ཉེར་ཉེར་བྱེད་པ་དེའི་སྣ་ནས་གྱེན་དུ་སོང་བ་ན་དཔུང་བའི་རྨེན་བུ་སྨུག་པོ་ཞེས་བྱ་བ་གཉིས་ཡོད་པ་དེའི་མིང་།”[8]ཞེས་འདྲ་བའི་སྒོ་ནས་བཏགས་པའོ། སྟོབས་ལྡན་མུ་ཏིག་གོས་ཅན་ནི་སྲོག་ཆགས་ཀྱི་སྨན་གྱི་རིགས་ཤིག་སྟེ། དེ་ཉིད“གངས་ཀྱི་ནང་རྟག་པར་གནས་ཐུབ་པའི་ལུས་སྟོབས་ལྡན་ཞིང་རྒྱབ་ལ་པགས་པ་མུ་ཏིག་གི་གོས་གཡོགས་པ་ལྟར་འོད་ཆེམ་མེར་གནས་པས་མུ་ཏིག་གོས་ཅན་ཞེས་བཏགས”[9]པ་དང་། རྒྱལ་བོ་གཙུག་ན་ནོར་བུ་ནི་སྔོ་སྨན་པ་ཡག་གི་འབྲས་བུ་སྟེ། དེའི་འབྲས་བུ་ལོ་འདབ་ཀྱི་སྟེང་དུ་རྒྱལ་བོའི་དབུ་རུ་ནོར་བུ་བཅིབས་པ་ལྟར་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའོ། །
ལྔ། ནད་རྟགས་ཀྱི་སྒོ་ནས་བཏགས་པ།
དཔེར་ན། གོང་གི་བརྡ་ཆད་ལས་ཁྲག་རླུང་སྟོད་འཚངས“རྒྱུ་ནི་ལུས་ཀྱི་ཤ་ངན་ཁྲག་རྣམས། ཁྱབ་རྒྱུའི་རླུང་འཁྲུགས་སྟོད་དུ་འཕྲུལ། དབུགས་དང་རྩ་ལམ་འཚངས་པ་ལ། ཁྲག་རླུང་སྟོད་འཚངས་ཞེས་སུ་བཤད།”[10]ཅེས་ཁྲག་རླུང་འཐབ་པའི་ནད་རྟགས་ལ་བལྟས་ནས་བཏགས་པ་ལྟ་བུའོ། །
དྲུག གཏམ་རྒྱུད་ཀྱི་སྒོ་ནས་བཏགས་པ།
དཔེར་ན། རྒྱལ་བའི་སྤྱན་ཅན་ཞེས་པ་ནི་སྔོ་སྨན་མེ་ཏོག་གི་རིགས་ཤིག་སྟེ། “སྔོན་ཚེ་རྒྱལ་པོ་བཤེས་གཉེན་གྱིས་ལྷ་དང་དྲང་སྲོང་ཐམས་ཅད་བོས། མཆོད་སྦྱིན་རྒྱ་ཆེན་པོ་བྱས་པའི་ཚེ། ལྷ་ཆེན་དབང་ཕྱུག་ཆེན་པོ་དེ་ཀུན་གྱི་མཇུག་ཏུ་གདན་དྲངས་པས་ལྷ་ཆེན་དྲག་པོར་ཁྲོས་ནས་ནི། མེ་འབར་མིག་ནས་རིམས་ནད་བྱུང་། དེ་ཚེ་འཕགས་པ་འཇམ་དཔལ་གྱིས། ཨུ་མ་དེ་ཝྭའི་མིག་བླངས་ཏེ། རྒྱལ་བའི་སྤྱན་དུ་བྱིན་བརླབས་ནས་བཞི་བརྒྱ་རྩ་བཞིའི་གཉེན་པོ་རུ་གྱུར་ཅིག་སྨོན་ནས་སར་བཏབ་པས་བདེན་པའི་མཐུ་ཡིས་འཁྲུངས་པ་ལ་རྒྱལ་བའི་སྤྱན་ཅན་ཞེས་སུ་བརྗོད།”[11]ཞེས་པ་ལྟར་གཏམ་རྒྱུད་ལ་སྦྱར་ནས་བཏགས་པ་ལྟ་བུ།
བདུན། གབ་མིང་གི་སྒོ་ནས་བཏགས་པ།
དཔེར་ན། ཟླ་བ་གསལ་བའི་བདུད་རྩི་ནི་སྔོ་སྨན་གཡའ་ཀྱི་མའི་གབ་མིང་སྟེ། “སུམ་ཅུ་དིག་སྡེའི་རྩི་ཤིང་གཞུང་རྟ་རྗེན་པའི་གཡའ་ཀྱི་མ་དང་ལོ་མ་མཁལ་དབྱིབས་ཅན་གྱི་གཡའ་ཀྱི་མ་ལས་གྲུབ་པའི་སྨན་རྩ་སྐམ་པོ་ཞིག”[12] དེ་ཡིས་དཔེ་ཆུ་ཤེལ་གྱི་དབང་པོ་མཁའ་ལམ་དུ་འཕྲོ་བའི་ཚེ་ས་གཞི་ཐམས་ཅད་བསིལ་བར་བྱེད་པ་ལྟར། གཡའ་ཀྱིས་ཀྱང་ཚ་བའི་ནད་ཐམས་ཅད་འཇོམས་ཤིང་གསོད་པའི་ཕྱིར་ཟླ་བ་གསལ་བའི་བདུད་རྩི་ཞེས་པའོ། །གནམ་ལྕགས་ཟིལ་བ་ནི་དངུལ་ཆུའི་གབ་མིང་སྟེ། “རིན་པོ་ཆེའི་སྨན་གྱི་རིགས་ཤིག ནུས་པས་གཉན་ནད་དང་གདོན་ནད་སེལ།”[13]ཞེས་པ་ལྟར། ནད་གདོན་གྱི་རིགས་ཀུན་འཇོམས་པར་བྱེད་པས་ན་དཔེ་ཅན་དངུལ་ཆུ་དཔེ་གནམ་ལྕགས་ཀྱི་གཟུགས་སུ་བཀོད་ནས་མིང་བཏགས་པ་ལྟ་བུ།
བརྒྱད། སྨན་གྱི་སྦྱོར་བའི་སྒོ་ནས་བཏགས་པ།
དཔེར་ན། སྐྱུར་འདོན་ཞེས་པ་ནི་རླུང་ནད་ཕྱིར་འདོན་པའི་སྨན་སྦྱོར་གྱི་མིང་སྟེ། དེ་ནི“གྲོ་ནས་བྱས་པའི་ཁུགས་ཤིང་སྨིན་པའི་གླུམ་ལ་ཉེའུ་སྟེ། ལག་པའི་བཙིར་བའི་གླུམ་གྱི་པགས་པ་རྣམས་ཕྱིར་དོར་བའི་ཁུ་བ་དེ་ལ་ལུག་མར་རྙིང་བ་དང་། བུ་རམ། སྒ་རྣམས་ཁ་ཚར་བཏབ་སྟེ་བཙོས་ནས་ཚོས”[14]ཞེས་པ་ལྟར་སྨན་འདི་གྲོའི་གླུམ་ལ་ཉེའུ་བྱས་ཏེ་སྦྱར་ནས་མིང་བརྡ་གྲུབ། ཁྲ་བོའི་ལུམས་ནི“ཡུང་སྐྱེར་ཆུ་རྩ་བཙོད་ཞུན་ཕོ་ཚོས་རམས། སོ་ཐོག་ལྦ་སྤྱང་གོང་མོ་སྦྲེ་སྦྲེལ་བྲུན། རི་བོང་རིལ་མ་ཞུན་ནན་གང་འཕྲོད་སྦྱར། “ཞེས་སྐྲངས་དང་རྨ་ངན་འདུལ་བྱེད་ལུམས་ཀྱི་སྦྱོར་སྡེ་ལ་བལྟས་ནས་བཏགས་པའོ། །
དགུ འབྱུང་འགྱུར་ངོ་བོ་ལོག་པའི་སྒོ་ནས་བཏགས་པ།
དཔེར་ན། སྐྲན་གསང་ནི“བྲང་གི་ལྷེན་སྣ་ནས་ཐུར་དུ་ཚོན་དོ་གཞལ་བའི་གནས་སུ་ཕོ་བའི་སྐྲན་ནད་ལ་ཕན་པའི་མེ་བཙའི་གསང”[15]ཞེས་གསང་མིག་གི་མིང་ཡིན་ལ། ལྷེན་སྣ་ནས་འོག་ཏུ་ཚོན་གསུམ་གྱི་གནས་ནི་ཕོ་བ་དང་རྒྱུ་མ་འབྲེལ་མཚམས་ཡིན་པས་དེར་ཕལ་ཆེར་སྐྲན་ནད་འབྱུང་ཕྱིར་འབྱུང་འགྱུར་ལ་དགོངས་ནས་བཏགས་པའོ། །
བཅུ། གནས་ཀྱི་སྒོ་ནས་བཏགས་པ།
དཔེར་ན།ཀླད་པའི་རྗེ་ཞབས་ཞེས་པ་ནི“ཀླད་སྙིང་དང་རྒྱུངས་བའི་བར་ན་གནས་པའི་སྲོག་རྩ་དཀར་པོའི་ཆ་ཤས་ཀྱི་མིང”[16]སྟེ། ཀླད་པའི་རྗེ་བོ་ལྟར་ཤིན་ཏུ་གཉན་པ་ནི་ཀླད་སྙིང་ཡིན་ལ་སྲོག་རྩ་དཀར་བོ་དེའི་འོག་ཏུ་གནས་པས་ན་དེ་ལྟར་བཏགས།
བཅུ་གཅིག བེད་སྤྱོད་ཡུལ་གྱི་ལུས་རྟེན་ལ་བརྟེན་ནས་བཏགས་པ།
དཔེར་ན། གློ་དཀར་ཅན་ཞེས་པ་ནི“ལྡེབས་སུ་བུག་པ་ཡོད་པ”[17]ཡི་ཡོ་བྱད་ཅིག་ཏུ་གོ་བ་དང་དེ་ལ་ཕོ་དང་མོ་སྦྱར་བས། ཕོའི་གཞང་འབྲུམ་གཅོད་བྱེད་ཀྱི་ཡོ་བྱད་དང་མོའི་གཞང་འབྲུམ་གཅོད་བྱེད་ཀྱི་ཡོ་བྱད་ཀྱི་མིང་སྟེ། ནད་པ་ཕོ་མོའི་ཁྱད་པར་གྱིས་མིང་དེ་ལྟར་བཏགས་པའོ།།
མཇུག་བསྡུ་བ།
འདིར《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན》གཞིར་བཟུང་ན། བོད་ཀྱི་གསོ་རིག་བརྡ་ཆད་ནི་གྲུབ་ལུགས་ཀྱི་ཆ་ནས་ཐ་དད་མཉམ་འདུས་དང་། གཞི་ཆོས་མཉམ་འདུས། བྱ་ཡུལ་མཉམ་འདུས། བྱ་བྱེད་མཉམ་འདུས་དང་བཅས་རིགས་ཆེན་པོ་བཞི་ལ་འདུ་ཞིང་། དེ་དག་ནི་བྱེད་ལས་ལ་བལྟས་ནས་བཏགས་པ་དང་། དབྱིབས་ལ་བལྟས་ནས་བཏགས་པ་སོགས་བརྡ་ཆད་ཀྱི་མིང་བརྡའི་འདོགས་སྟངས་ཅི་རིགས་མཆིས་པས། དེང་གི་རིག་ཚན་གསར་པ་ནང་འདྲེན་དང་རིག་གཞུང་འཛུགས་སྐྲུན་ཁྲོད་དུའང་བརྡ་ཆད་གསར་བཟོ་བྱེད་པའི་སྐབས་སུ། ང་ཚོས་རང་རེའི་སྲོལ་རྒྱུན་བརྡ་ཆད་ཀྱི་གྲུབ་ཚུལ་དང་མིང་བརྡའི་འདོགས་ཚུལ་སོགས་ལ་ཅིས་ཀྱང་དཔེར་བལྟ་དགོས་པ་ཞིག་ཏུ་མཐོང་ངོ་། །
ཟུར་ལྟའི་དཔྱད་གཞི།
[1]དབང་འདུས་ཀྱིས་བསྒྲིགས། 《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན།》[Z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།
[2]ལེ་འདོད་མོས།《བོད་ཀྱི་གསོ་རིག་ཚིག་མཛོད་རབ་གསལ་མེ་ལོང་།》 [Z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།
[3]སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌཱུརྱ་སྔོན་པོའི་མལླི་ཀ》[M]ལྷ་ས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།
[4]སྐྱེམ་པ་ཚེ་དབང་། 《རྒྱུད་བཞིའི་རྣམ་བཤད།》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[5]བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན།ཞིན་ཅང་གི་འཕྲོད་བསྟེན་ཅུས། 《བོད་སྨན་གྱི་ཚད་གཞི། 》[Z] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[6]ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས།《བོད་རྒྱ་ཚིག་མཛོད་ཆེན་མོ།》[Z] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།
[7]སོག་པོ་ལུང་རིགས་བསྟན་དར་གྱིས་བརྩམས། 《རྒྱུད་བཞིའི་བརྡ་བཀྲོལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན།》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注