སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་དཔྱད་གཏམ།
ཟླ8པའི་ཚེས9ཉིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང«སྦྲང་ཆར»རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི“ཛམ་དཀར”རྟགས་ཅན་གྱི་སྦྲང་ཆར་རྩོམ་རིག་བྱ་དགའ་སྐབས་བཅུ་གཅིག་པ་སྤེལ་པའི་མཛད་སྒོ་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་སྤེལ། མཛད་སྒོའི་སྟེང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧྲེ་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ་བསམ་གྲུབ་སོགས་འབྲེལ་ཡོད་མགོ་ཁྲིད་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིན་ཆེན་བཀྲ་ཤིས་སོགས་རེབ་འདིའི་དཔྱད་འདེམས་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་སོགས་བྱ་དགའ་ཐོབ་པའི་རྩོམ་པ་པོ། «བོད་ཀྱི་དམངས་སྲོལ་རིག་གནས»དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་པ་རང་སྒྲ་སོགས་ཚགས་དེབ་རྩོམ་སྒྲིག་ཁང་གི་འཐུས་ཚབ་པ། རྩོམ་པ་པོ་གངས་ཞུན་སོགས་གདན་ཞུས་སྐུ་མགྲོན། འབྲོང་བུ་རྡོ་རྗེ་རིན་ཆེན་སོགས་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་མི་སྣ་དྲུག་བཅུ་ལྷག་ཞུགས་ཡོད།
ཚོགས་འདུས་རྩོམ་པ་པོ་ཚེ་ལོ་ཐར་གྱི་སྒྲུང་གཏམ«ཟླ་འོད་འོག་གི་ལོང་བ»དང་། མཚོ་སྐྱེས་ཀྱི་སྙན་ངག«གོ་ཁ»སོག་རུ་ཀརྨ་ཀུན་ཁྱབ་ཀྱི་ལྷུག་རྩོམ«ས་ཡི་རྟེན་ཕུར་ནམ་ར»གསུམ་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། བདུད་ལྷ་རྒྱལ་གྱི་དཔྱད་བརྗོད«ལོ་རྒྱུས་ཀྱི་བསྡུས་གཟུགས»ལ་སྦྲང་ཆར་དཔྱད་བརྗོད་བྱ་དགའ། སྒར་བ་ཚེ་བཀྲའི་སྒྲུང་གཏམ«ལས་འཕྲོའི་མདུད་པ»དང་གཡུ་སྒྲོན་འཚོའི་སྒྲུང་གཏམ«གསེར་གྱི་རྣ་ལོང་ཡ་གཅིག»གཉིས་ལ་སྦྲང་ཆར་སྨྱུག་གསར་བྱ་དགའ་སྤྲད།
“སྦྲང་ཆར་རྩོམ་རིག་བྱ་དགའ”ནི་སྤྱི་ལོ1994ལོར་སྤེལ་མགོ་ཚུགས་པ་དང་། ལོ་གསུམ་རེའི་ནང་ཐེངས་རེ་སྤེལ་གྱིན་ཡོད་ལ། ད་ལྟའི་བར་ཐེངས་བཅུ་གཅིག་ལ་སྤེལ་ཏེ། སྔ་ཕྱིར་རྩོམ་ལུས་མི་འདྲ་བ70ལ་བྱ་དགའ་ཐོབ། སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱིས་བོད་པའི་དེང་རབས་རྩོམ་རིག་གི་སྡིངས་ཆ་རུ་སྒྱུ་རྩལ་དང་བསམ་བློ་གང་ཆ་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་ཆེས་མཐོའི་བྱང་ཚད་མངོན་ཡོད་པར། བྱ་དགའ་འདི་ཉིད་རྩོམ་རིག་ལ་དགའ་ཞེན་ཆེ་བ་དང་བོད་རྩོམ་ཞིབ་མཇུག་པ་རྣམས་ཀྱི་དོ་སྣང་ཆེན་པོ་བྱེད་གཞི་དང་དམངས་ཁྲོད་དུ་ཤུགས་རྐྱེན་ཆེ་བའི་བྱེད་སྒོ་ཞིག་ཏུ་གྱུར་ཡོད།
“ཛམ་དཀར”རྟགས་ཅན་གྱི་སྐབས་བཅུ་གཅིག་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་དཔྱད་གཏམ།
སྦྲང་ཆར་རྩོམ་རིག་བྱ་དགའ།
བརྩམས་ཆོས། «ཟླ་འོད་འོག་གི་ལོང་བ»
རྩོམ་པ་པོ། ཚེ་ལོ་ཐར།
«ཟླ་འོད་འོག་གི་ལོང་བ»ཞེས་པའི་སྒྲུང་གཏམ་ནི་གཏམ་རྒྱུད་ཀྱི་བྱུང་རིམ་ལ་འཁྲུག་ཆ་དོད་པས་ཀློག་འདོད་ཀྱི་སྤྲོ་བ་འདྲེན་ཞིང་། མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པ་གསོན་ཉམས་དོད་པ། ཚིག་སྦྱོར་བབ་ཆགས་ཤིང་དོན་ལ་གནས་པར་མ་ཟད། སྣེ་མང་ཅན་གྱི་གཏམ་རྒྱུད་ཀྱི་བྱུང་རིམ་བརྒྱུད་ནས། སྤྱི་ཚོགས་འཕེལ་འགྱུར་གྱི་གོ་རིམ་ཁྲོད། དེང་རབས་སྤྱི་ཚོགས་སུ་གནས་པའི་ཐད་གཏོང་གི་ཕན་གནོད་དང་དཔལ་འབྱོར་གྱིས་བསྐྱེད་པའི་མི་གཤིས་བཙོག་འགྱུར། མི་སྒེར་གྱི་ཁེ་ཕན་ཁོ་ན་བསམས་པ་སོགས་ཏེ། ཀློག་པ་པོ་ལ་བདེན་དགེ་མཛེས་གསུམ་དང་འདུ་ཤེས་འཛིན་སྟངས་ཀྱི་འགལ་འདུའི་ཁྲོད། གདམ་ཀ་ཇི་ལྟར་བྱ་དགོས་པའི་བསམ་གཞིག་གི་བར་སྟོང་ཆེན་པོ་ཞིག་སྤྲད་འདུག
བརྩམས་ཆོས། «གོ་ཁ»
རྩོམ་པ་པོ། མཚོ་སྐྱེས།
དུས་བབ་ཁྱད་པར་ཅན་དུ་ནད་ཡམས་ཀྱིས་བཀག་སྡོམ་ཐེབས་པའི་སྐབས་ཀྱི་སེམས་ཁམས་གང་ཞིག རྒྱུས་ཡོད་ཀྱི་དངོས་ཆོས་ཡིད་བརྙན་དུ་བསླངས་པའི་ཁམས་དེ་རུ། སེམས་གཏིང་དུ་སིམ་པའི་ཐུན་མོང་རང་བཞིན་དུ་གྱུར་པའི་སྐྱབས་མེད་ཀྱི་འཇིགས་པ་ཞིག་མཆིས། “གོ་ཁ”ཞེས་བོད་མིའི་ནང་སེམས་ལ་བདེ་སྐྱིད་སྩོལ་ནུས་ཤིང་འཇིགས་པ་སེལ་ནུས་པའི་གནས་དེའི་དུས་གསུམ་གྱི་བབ་ཏུ་མངོན་པའི་སེམས་འགྱུ་དེ་ཉིད། ཐུན་མོང་གི་ཚོར་སྣང་དུ་ཕྱུང་བས་ཀློག་པ་པོར་སྙིང་ཉེ་བ་དང་། བྱེ་བྲག་གི་ཆ་ཞིག་ཀྱང་མངོན་པས་རྒྱུན་རིང་བའི་རོ་བྲོའམ་བསམ་གཞིག་ཅིག་བསྟབས་འདུག
བརྩམས་ཆོས། «ས་ཡི་རྟེན་ཕུར་ནམ་ར»
རྩོམ་པ་པོ། སོག་རུ་ཀརྨ་ཀུན་ཁྱབ།
བརྩམས་ཆོས་འདིར་བྱང་ཐང་ས་ཡི་རྟེན་ཕུར་ལྟ་བུའི་ནམ་ར་རི་བོའི་ཡུལ་ལྗོངས་དང་། ནམ་རའི་རིག་གནས་སོགས་བརྗོད་བྱར་བདམས་པ་དང་། དེ་རྩོམ་མཁན་རང་གི་མཐོང་ཐོས་མྱོང་གསུམ་ལ་སྦྱར་ནས། ཐོག་མའི་གླེང་སློང་དང་བར་གྱི་གཞུང་སྲིང་། མཇུག་གི་སྤྱི་སྡོམ་བཅས་ཀྱི་རྒྱས་བསྡུས་རྐྱོང་སྐུམ་འཚམ་ཞིང་། གནའ་དེང་ཉེ་གསུམ་གྱི་བྱུང་རབས་དང་གནས་བབ་འོས་འཚམ་ངང་བཀྲལ་ཡོད་ལ། ཡུལ་གྱི་སྣང་རིས་དང་ཡུལ་ཅན་གྱི་མྱོང་འཆར་སྤེལ་མར་བསྡེབས་པའི་ཚིག་གི་གཏམ་སྦྱོར་ཡང་གོ་སླ་འཛིན་བདེའི་ལམ་དུ་དྲངས་པ་ཡིད་ལ་འབབ་ཅིང་སྙན་དུ་འཇེབས་པའི་སྦྱོར་བ་ལྷུར་བླངས་འདུག་གོ །
དཔྱད་བརྗོད་བྱ་དགའ།
བརྩམས་ཆོས། «ལོ་རྒྱུས་ཀྱི་བསྡུས་གཟུགས»རྩོམ་པ་པོ། བདུད་ལྷ་རྒྱལ།
«ལོ་རྒྱུས་ཀྱི་བསྡུས་གཟུགས»ཞེས་པ་འདིར་སྣང་བརྙན་དང་བསྐྱར་མཚོན་སོགས་དངོས་ཡོད་རིང་ལུགས་ཀྱི་བརྡ་ཆད་ཁོ་ནས་འགྲེལ་བཤད་མ་བྱས་ཤིང་། དེ་བཞིན་དུ་འཚོ་གནས་དང་དོན་བརྗོད། མཚོན་དོན་སོགས་དེང་རབས་རིང་ལུགས་ཀྱི་བརྡ་ཆད་དག་གིས་ཀྱང་འགྲེལ་བཤད་མ་བྱས་པར། གཞུང་ལུགས་ཀྱི་སྒྲོམ་གཞི་ཐེར་ཟུག་ལས་འགོངས་ཏེ། འཚོ་བའི་ཕྲ་རབ་ཀྱི་འདེམ་སྒྲུག་དང་སྒྲིག་གཞི། གབ་དཔེ་བཅས་ཕྱོགས་གསུམ་ནས་སྒྲུང་རིང«མེས་པོ»ལ་འགྲེལ་བཤད་བྱས་པས། བརྩམས་ཆོས་ཀྱི་དེ་ཉིད་ལ་ཉེ་བར་བཅར་ཐུབ་སྟེ། བརྩམས་ཆོས་རང་གི་ངོ་བོ་དང་ཁྱད་ཆོས། དོན་སྙིང་ལ་འགྲེལ་བཤད་ལེགས་པོ་བྱས་ཡོད་པས། བརྩམས་ཆོས་ཀྱི་དགེ་མཚན་ཡང་མངོན་པར་བྱས་འདུག
སྨྱུག་གསར་བྱ་དགའ།
བརྩམས་ཆོས། «ལས་འཕྲོའི་མདུད་པ»
རྩོམ་པ་པོ། སྒར་བ་ཚེ་བཀྲ།
«ལས་འཕྲོའི་མདུད་པ»ཞེས་པའི་སྒྲུང་ཐུང་ནི་ཡིད་སྐྱོ་བའི་གཏམ་རྒྱུད་ཅིག་སྟེ། ཡིད་སྐྱོའི་གཏམ་རྒྱུད་དེ་ཡང་མཐའ་གཅིག་ཏུ་སྐྱོ་གདུང་གིས་བྲིས་པ་མ་ཡིན་པར། ཀུ་རེ་བཞད་གད་དང་ཕོ་མོའི་སྣང་བ། བཟའ་བཏུང་ལོངས་སྤྱོད། རོལ་དབྱངས། རེ་ལྟོས་སོགས་སྐྱོ་བ་དང་ཁ་ཐག་རིང་བའི་ཆོས་དག་གིས་གྲུབ་པར་བྱས་པས། ཉེ་ལམ་རྩོམ་པ་པོས་པར་སྐྲུན་འགྲེམས་སྤེལ་གནང་བའི་སྒྲུང་ཐུང་ཕྱོགས་བསྒྲིགས«སྦས་ཡུལ»ནང་གི་སྒྲུང་ཐུང་དག་དང་མཚུངས་པར། རྩོམ་ཐབས་ཀྱི་ཕྱོགས་ནས་ཀྱང་རྩོམ་པ་པོར་རང་ཆས་སུ་མངའ་བའི་ཐུན་མོང་མ་ཡིན་པའི་ཆ་ཞིག་མཐོང་ཡོང་ལ། སྒྲུང་གཏམ་ཞེས་པའི་རྩོམ་ལུས་འདིའི་ཡོན་ཏན་ཡང་མངོན་ཐུབ་པར་འདུག་གོ།
བརྩམས་ཆོས། «གསེར་གྱི་རྣ་ལོང་ཡ་གཅིག»
རྩོམ་པ་པོ། གཡུ་སྒྲོན་འཚོ།
“གསེར་གྱི་ན་ལོང་ཡ་གཅིག” ནི་ལམ་རྙེད་ཀྱི་དངོས་པོ་ཞིག་སྟེ། ཕྱིར་བདག་པོར་སྤྲོད་མ་ཐུབ་པར་ལུས་པའི་རྣ་ལོང་ཞིག་ཡིན་པ་དང་། ལྐོག་གྱུར་གྱི་སེམས་འདུན་ཤོར་སའི་ཕ་རོལ་སྐྱེས་པ་དེའི་བཏགས་མིང་ཞིག་ཀྱང་ཡིན། སྒྲུང་གཏམ་གྱི་སྐད་ཆ་ཞིབ་འབྲི་ཡང་། བྱུང་རིམ་རྒྱུད་སྐུད་གཙོ་བོར་བྱས་ཏེ་མུ་རུ་བསྟར་བས། སྒྲུང་གཏམ་འདི་ཉིད་མི་སྣའི་ནང་སེམས་ཞིབ་འབྲི་བྱས་པ་ཆེས་ཆེར་འཁྱོངས་འདུག་པའི་སྒྲུང་གཏམ་ཞིག་ཏུ་གྲུབ་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注