ཤེག་སི་པེ་ཡར་གྱི་ཟློས་གར་འཁྲབ་གཞུང་བོད་འགྱུར་མར་དཔྱད་པ།
ཤ་འབྲུག་འཚོ།
གླེང་གཞི།
སྤྱིར་ལོ་ཙཱ་ལ་ལོ་ཙཱའི་རྩ་དོན་དང་ལོ་ཙཱའི་ཚད་གཞི། ལོ་ཙཱ་བྱེད་ཐབས་སམ་སྒྱུར་ཐབས། བྱེ་བྲག་གི་སྒྱུར་རྩལ། ལོ་ཙཱའི་སྒྲིག་སྲོལ་གཏན་འབེབས་སོགས་ཡོད་པ་ལས། «སྒྲ་སྦྱོར་བམ་གཉིས»ལས་བསྟན་པའི་རྩ་དོན་ནི། “ཐེག་པ་ཆེ་ཆུང་གི་ཆོས་ལས་ཇི་ལྟར་གསུངས་པ་དང་། གནའི་མཁན་པོ་ཆེན་པོ་ནཱ་གཱ་རྫུ་ན་དང་། བ་སུ་བནདྷུ་ལ་སོགས་པའི་ཇི་ལྟར་གསུངས་པ། བྱཱ་ཀ་ར་ཎའི་སྒྲའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན”ཞེས་པ་དང་། ལོ་ཙཱའི་ཚད་གཞི་ནི“དོན་དང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་དང་།དེ་ནས་ལོ་ཙཱ་བྱེད་ཐབས་སམ་སྒྱུར་ཐབས་ནི“དང་པོ་དམ་པའི་ཆོས་བསྒྱུར་བ་ལ་རྒྱ་གར་སྐད་ཀྱི་གོ་རིམ་ལས་མི་བསྣོར་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མི་བསྣོར་བར་སྒྱུར་ཅིག”ཅེས་བསྟན་པའི་ཐད་སྒྱུར། “སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱི་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས”ཞེས་བསྟན་པའི་དོན་སྒྱུར། “སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་ཏུ་བཏགས”ཞེས་བསྟན་པའི་སྒྲ་སྒྱུར་དང་བཅས་ཐབས་ཤེས་ཆེ་བ་གསུམ་དུ་བསྟན་པ་བཞིན། ཤེག་སི་པེ་ཡར་གྱི་འཁྲབ་གཞུང་བོད་འགྱུར་དུ་ཡང་ཆེ་ས་ནས་ཐབས་ཤེས་འདི་གསུམ་གང་དགོས་དེ་བསྟུན་གྱིས་བསྒྱུར་ནས། འཛམ་གླིང་གི་ལེགས་རྩོམ་འདི་གྲུབ་པ་གདོན་མི་ཟ་ལ། བརྩམས་ཆོས་གཞན་དང་མི་འདྲ་བའི་ལོ་ཙཱ་བ་རང་གི་སྒྱུར་རྩལ་ཕུལ་བྱུང་ཡང་འདི་ནས་སྨིན་ཡོད།
དང་པོ། སྒྲ་སྒྱུར་གྱི་སྐོར།
སྒྲ་སྒྱུར་ཞེས་པ་ནི་བོད་ཀྱི་སྲོལ་རྒྱུན་ཡིག་སྒྱུར་སྤྱི་ལ་གོ་བ་ཡིན་ཡང་། འདིར་སྒྲ་ཡངས་འཇུག་གི་དོན་མ་ཡིན་པར་ཡིག་སྒྱུར་གཞུང་གི་སྒྱུར་ཐབས་དམ་པ་བཞིའི་ནང་གསེས་ལ་གོ་དགོས་ཤིང་། ཡིག་རིགས་གཉིས་ཀྱི་ཐུན་མིན་ཁྱད་ཆོས་རང་རྐྱ་བ་གཉིས་ཕན་ཚུན་སྒྲ་དོན་གཉིས་དོད་མཚུངས་པའི་མིང་ཚིག་མེད་པ་དང་གཅིག སྒྲ་སྒྱུར་གཞུང་དུ“སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས་པ”ལ་སྒྲ་སྒྱུར་ཟེར་ཞིང་། སྤྱིར་མིའི་མིང་དང་ས་མིང་། གསར་བྱུང་བརྡ་ཆད་དམ་ལས་རིགས་ཁྱད་པར་བའི་མིང་སོགས་གཞི་ནས་ནང་དོན་འདི་ཞེས་བརྗོད་དུ་མེད་པའམ། ནང་དོན་བརྗོད་དུ་ཡོད་ཀྱང་མིང་དེའི་སྐབས་སུ་མིང་ཙམ་ལས་བསྟན་དོན་གཞན་མེད་པ་ལྟ་བུ་སྒྲ་ཇི་བཞིན་དུ་བསྒྱུར་རིགས་པ་དག་སྒྲ་སྒྱུར་བྱེད་དུས། དེ་ལ་ཡང་ས་གནས་ཐ་དད་པའི་རྐྱེན་གྱིས་བོད་ཀྱི་མིང་ཚིག་གསར་པ་ལ་གཅིག་མཐུན་མ་བྱུང་བ་དང་། རྒྱ་སྐད་གཙོས་པའི་མིང་ཚིག་གསར་པ་རྣམས་ལ་གོ་བ་ལེན་སྟངས་མ་མཐུན་པ་དང་། ཡིག་སྒྱུར་བ་དང་སྐད་སྒྱུར་བ་སོ་སོས་རང་སྟོབས་ཀྱིས་མིང་གསར་པ་རེ་འཕྲལ་འཕྲལ་དུ་བཏགས་པ་དང་། དབུས་གཙང་དང་ཁམས་ཕྱོགས་ཨ་མདོ་སྟེ་ས་ཁུལ་ཆེན་པོ་གསུམ་གྱི་ཁ་སྐད་མི་མཐུན་པའི་ཁྱད་པར་གྱིས། སྐད་རིགས་གཅིག་ཡིན་རུང་མིང་ཚིག་གཅིག་ལ་སྒྱུར་སྟངས་མི་འདྲ་བ་དུ་མ་ཐོན་ཡོད་ལ། ལྷག་པར་དུ་སྒྲ་སྒྱུར་མི་འདྲ་བ་བྱུང་ཡོད། དཔེར་ན། དེབ་འདིའི་དཔྱད་གཞིར་གྱུར་པའི་ཤེག་སི་པེ་ཡར་ལྟ་བུ་སྒྲ་སྒྱུར་ཡིན་ཡང་གཟུགས་མི་འདྲ་བ་རིགས་ལྔ་ཙམ་བྱུང་འདུག་པ་ལྟ་བུའོ། །
༡ མིའི་མིང་།
ཟློས་གར་འཁྲབ་གཞུང་བྱིངས་ལ་འཁྲབ་གཞུང་གི་མི་སྣ་མེད་མི་རུང་ལ། དེ་བཞིན་དུ་འགྱུར་མར་ཡང་མི་སྣ་རེ་རེ་བཞིན་ཆད་ལྷག་མེད་པར་ཐོན་དགོས་པས། སྒྲ་སྒྱུར་རམ་དོན་སྒྱུར་རམ་སྒྲ་དོན་ཟུང་འབྲེལ་གྱི་ཐབས་གང་ལ་གང་འཚམ་གྱིས་སྒྱུར་འོས། དེ་ལྟར་མིའི་མིང་གི་ལོ་ཙཱ་ལ་སྒྲ་སྒྱུར་དང་དོན་སྒྱུར། གཉིས་ཀ་ཟུང་འབྲེལ་གྱིས་སྒྱུར་བར་བྱེད་ཀྱང་། མིའི་མིང་གི་བསྟན་དོན་གླེང་ཡོད་ན། འགྱུར་ཡིག་ཁྲོད་ཅི་ཐུབ་ཀྱིས་དོན་སྒྱུར་བྱེད་པ་ཡིན་ཏེ། དཔེར་ན། Simon Catlingསི་མོན·རྒྱུས་སྐུད། Hugh Rebeck ཧུག·ཨོག་ལེན། James Sound Post ཇེམ་སི·རྒྱབ་ཤིང་། ལྟ་བུའི་མིང་སོགས་ལ་ཤེག་སི་པེ་ཡར་གྱིས་བསྩལ་བའི་དོན་ཁྱད་པར་བ་ལྡན་པ་སྟེ། དེ་དག་ནི་རྩོམ་པ་པོས་པེ་ཀྲེར་གྱི་ངག་ལ་བརྟེན་ནས། Catlingརྒྱུས་སྐུད་དམ་རྒྱུད་སྐུད། Rebeckདུས་རབས་བར་མའི་རྒྱུད་གསུམ་པི་ཝང་། Sound Postསྒྲ་ཤིང་ཞེས་པའི་དོན་ཏེ། “རོལ་ཆ་བ་ཚོར་དམའ་འབེབས་སུ་བཏགས་པའི་མིང”ཡིན། དེ་དག་རྒྱ་འགྱུར་ཁ་ཤས་ལ་སྣང་མེད་དུ་བཞག་ཡོད། དེ་ལྟ་བུ་ནི་བརྩམས་ཆོས་ཀྱི་ལེགས་ཆའམ་ཁྱད་ཆོས་སུའང་མཐོང་བས། མ་ཡིག་རྩོམ་པ་པོ་ཁོང་གི་ཤེས་རབ་ཀྱི་ཉིང་བཅུད་འདུས་པ་དག་ལ་སེམས་རྣལ་མོས་དབྱེ་ཞིབ་མ་སོང་བར། འགྱུར་ལ་བརྡ་ལེགས་པོ་མ་འཕྲོད་ན་མ་ཡིག་གི་དོན་མི་གོ་བའི་ཀློག་པ་པོ་དག་གི་གྱོང་གུན་ཞིག་ཏུ་སོང་འདུག་བསམས།
དེ་ལྟར་མིའི་མིང་ལ་བསྟན་དོན་ཡོད་ཅིང་། བསྟན་དོན་དེ་གླེང་བའི་དགོས་པ་ཡོད་ན། འགྱུར་ཡིག་ཁྲོད་ཅི་ཐུབ་ཀྱིས་དོན་སྒྱུར་བྱེད་པ་ལས། བསྟན་དོན་གསལ་པོ་ཡོད་ཀྱང་དེ་བཞིན་གླེང་བའི་དགོས་པ་མེད་ན་སྒྲ་སྒྱུར་བྱེད་པ་ཡིན། དཔེར་ན། རོ་མེའོRomeoདང་ཇུ་ལིཀྲིJulietལྟ་བུར། RomeoནིRose Marryཞེས་དང་། Julietནི born in julyཞེས་པའི་བསྟན་དོན་ཡོད་ཀྱང་། དེ་འདྲའི་བསྟན་དོན་བསྒྱུར་ན་མིའི་མིང་དེ་ཚིག་ཏུ་འགྱུར་ཉེན་ཆེ་ལ། མིང་དེ་མིང་ལ་བསྒྱུར་བའི་དགོས་པ་ཆེ་བས་རྒྱ་བོད་ཀྱི་འགྱུར་གང་ལ་ཡང་སྒྲ་སྒྱུར་མཛད་ཡོད། དེ་བཞིན་དུ་བོད་ཡིག་གི་རྡོ་རྗེ་ལྟ་བུ་དབྱིན་ཡིག་ལ་ཇི་ལྟརVajraལེགས་སྦྱར་སྐད་ཀྱི་སྒྲ་སྒྱུར་སོར་འཇོག་གམDorjeཞེས་བོད་སྐད་ཀྱི་སྒྲ་སྒྱུར་སོར་འཇོག ཡང་ནHardSkinཞེས་དོན་སྒྱུར་བྱེད་དམ་ཞེ་ན། དེ་ཡང་དེ་ལ་སྐབས་བསྟུན་གྱིས་བོད་མི་ཞིག་སྟོན་པའི་སྐབས་སུ། Dorjeཞེས་སྒྱུར་ཞིང་། ལེགས་སྦྱར་སྐད་ཀྱི་གཞུང་ཞིག་སྒྱུར་བ་ཡིན་ནVajraདང་། དབྱིན་ཡིག་རང་སྟེང་ནས་རྡོ་རྗེ་ཞེས་མི་འགྱུར་བའི་རང་བཞིན་དུ་གྲུབ་པ་གང་ཞིག་སྟོན་དུསHardSkinསྤྱོད་རྒྱུ་གདོན་མི་ཟ། སྤྱིར་མིའི་མིང་བསྒྱུར་བར་སྒྲ་སྒྱུར་གཙོ་བོ་བྱེད་པ་ཡིན། དེ་ཡང་སྒྲ་སྒྱུར་གཅིག་གྱུར་ཡོང་དགོས། དེ་མིན་ན་ཀློག་མཁན་ལ་དཀའ་ལས་བཟོ་བ་ཡིན། དཔེར་ན། ཤེག་སི་པེ་ཡརShakspareགཅིག་པུའི་མིང་ལ་ཡང་ཤེག་སི་པེ་ཡར་ཞེས་སྒྱུར་ཡོད་པ་དང་གཅིག ཞད་ཀི་སི་པར་དང་གཉིས། རྩོམ་རིག་གཞུང་ལུགས་ཀྱི་དེབ་གཞན་ན་ཧྲ་ཧྲི་པེ་ཡ་ཞེས་བསྒྱུར་ཡོད་པ་དང་གསུམ། དཔྱད་རྩོམ་རེ་ཟུང་ན་ཧྲག་ཧྲུ་པེ་ཡཱ་ཞེས་དང་། ཧྲ་ཁི་སི་པེ་ཞེས་སྒྱུར་བའང་ཡོད། ཤེག་སི་པེ་ཡར་འཁྲབ་གཞུང་རྒྱ་འགྱུར་འགྱུར་དཔྱད་གྱི་ཁྲོད་དུ“མིའི་མིང་གི་སྒྲ་སྒྱུར་གནས་བབ་ཕྱོགས་གཉིས་ནས་གླེང་ཡོད་དེ། གཅིག་མ་ལག་ཚང་བའི་རྩ་དོན་དང་ཚད་གཞི་མེད་པ། པར་གཞི་མི་འདྲ་བའི་བར་སྒྲ་སྒྱུར་གྱི་ཁྱད་པར་ཆེ་བ། པར་གཞི་གཅིག་གི་ནང་དུའང་སྒྲ་སྒྱུར་ལ་གཅིག་གྱུར་མེད་པ”ཇི་བཞིན་དུ་བོད་འགྱུར་ཁ་ཤས་ལ་ཡང་གནས་ཚུལ་དེ་བྱུང་འདུག སླད་མར་ཡང་འབྱུང་སྲིད་པས། མིའི་མིང་སྒྲ་སྒྱུར་བྱེད་པ་ལ་འགྱུར་ཡིག་གི་ཁྱད་ཆོས་སྔོག་འདོན་བྱས་ནས། ཆེས་ཉེ་བའི་སྒྲ་གདངས་ཀྱིས་བསྒྱུར་དགོས། དེ་བས་དཔྱད་རྩོམ་འདིར་ཚོད་ལྟའི་ཚུལ་དུ་གོང་མ་དག་གི་ལེགས་ཆ་ཟུར་རེ་བསྣན་ཏེ། དབྱིན་ཡིག་གི་སྒྲ་གདངས་དང་ཉེ་བ། སྒྱུར་མཁན་དང་པོའི་སྒྱུར་ལུགས་ལ་བསྟུན་པ། སྒྲ་སྒྱུར་གྱི་འབྲུ་རེ་རེ་ལ་ནང་དོན་གོ་ལོག་གི་ཉེན་ཁ་མེད་པ། ཡིག་འབྲུ་གཅིག་ནང་འི་འུ་འེ་འོ་ཕུད་པའི་དབྱངས་གཅིག་རང་སྦྱར་ཏེ་ཚིག་ངོས་གཙང་མ་ཞིག་གིས་མིང་བཏགས་ན་སྙམ།
བྷེན་ཝི་ལིའོBenvolioདང་ཀྲི་བྷལཀྲིTybaltལྟ་བུ་སྒྲ་གྲིམ་ལྷོད་བར་མའི་ཡི་གེ་མི་འདྲ་བ་ལ་དེ་དང་ཁ་གཏད་གྱི་གྲིམ་པར་གྲིམ་པའི་སྒྲ་ཡི་ཡི་གེས་བསྒྱུར་བ་དང་། ལྷོད་པའི་ཡི་གེར་ལྷོད་པའི་ཡི་གེས་བསྒྱུར་ན་འགྲིག་བསམས། མོན་ཀྲག་པMontagueལྟ་བུར་མོན་ཀྲགས་པ་ཞེས་སྒྱུར་ན་ཡི་གེའི་ཟོར་ལྕི་བ་མ་གཏོགས་སྒྲ་དག་འདོན་དང་དགོས་པ་གཞན་གང་ཡང་མེད་པས། ཡང་འཇུག་བསྡུས་ནས་བསྒྱུར་ན་དགའ་བསམས། ཕོ་མོའི་མིང་དགར་ཅི་ཐུབ་བྱེད་པ། འགྱུར་ལ་ཡི་གེ་ཆ་མེད་མི་བཀོལ་བ། ཆེས་རྒྱུན་སྤྱོད་ཡི་གེ་མི་བཀོལ་བ། ཡིད་འགྱུར་མཚོན་པའི་ཚིག་ལ་གཡོལ་བ་དང་། བོད་མིང་བསམ་གཟས་ནས་ཕྱི་མི་ལ་འདོགས་མི་རུང་སྙམ།
མིང་གི་འགྱུར་སྐྱོན་ནི་རིགས་དང་བྱ་བ་ཡོན་ཏན་རྫས་སོགས་ཀྱི་མིང་རྣམས་ཕན་ཚུན་བསྒྱུར་བ་ལ། མ་རྟོག་ལོག་རྟོག་གི་དབང་དུ་སོང་ནས་ལོག་པར་བསྒྱུར་བ་ལ་བྱ་སྟེ། དེ་ལ་འདིར་སྐད་སོར་བཞག་ལས་བྱུང་བའི་སྐྱོན་དང་། དོན་སྒྱུར་ལས་བྱུང་བའི་སྐྱོན་གཉིས་བསྟན་པ་ལས། སྔ་མ་སྐད་སོར་བཞག་ལས་བྱུང་བའི་སྐྱོན་ལ་ཡང་སྒྲ་སྐྱོན་དང་། གཟུགས་སྐྱོན། དོན་སྐྱོན། སྒྲ་གཟུགས་གཉིས་ཀའི་སྐྱོན། སྒྲ་དོན་གཟུགས་གསུམ་གྱི་སྐྱོན་བཅས་ལྔ་བོས་མ་གོས་པའི་སྒྲ་སྒྱུར་ལེགས་པོ་ཞིག་དང་། དེ་ལས་ཀྱང་རང་རེའི་བོད་ཀྱི་སྐད་འདི་ཡུལ་སྐད་ཆེན་པོ་གསུམ་དུ་གྱེས་པའི་དབང་གིས། ལོ་ཙཱ་བ་རང་གི་ཡུལ་སྐད་བྱེ་བྲག་པའི་དབང་གིས་ཡུལ་སྐད་ལ་གཞོལ་བའི་སྒྲ་སྒྱུར་མཐོང་དུ་ཡོད་པ། དཔེར་ན་གོང་ཞུས་བཞིན། ལྷ་ས་བས་ཤེག་སི་པེ་ཡར་རམ་ཤེག་སེ་ཕིག་ལྟ་བུ་དང་། ཞད་ཀི་སི་པེར་རམ་ཤེག་སི་པེ་ཡར་ལྟ་བུ་ནི་སྔ་མ་ལྷ་སའི་ཡང་བའི་སྐད་གདངས་ཀྱི་ཤུགས་རྐྱེན་ཐེབས་པ་མངོན་གསལ་ཡིན་ལ། ཕྱི་མ་ནི་ཨམ་སྐད་ཀྱི་ལྕི་བའི་སྒྲ་གདངས་ཀྱི་ཤན་ཞུགས་པ་མང་། དེ་བས་ལོ་ཙཱ་བ་ཞིག་ཡིན་ཕྱིན་སྒྲ་སྒྱུར་ལ་ཡུལ་སྐད་བྱེ་བྲག་པའི་དབང་དུ་མི་འགྲོ་བ་ཡང་གལ་ཆེ་སྙམ།
༢ ས་མིང་།
ཟློས་གར་འཁྲབ་གཞུང་ནི་ཡུལ་དང་དུས་ཀྱི་མཉམ་འབྲེལ་སྒྱུ་རྩལ་ཞིག་ཡིན་སྟབས། ཡུལ་གྱི་མིང་ངམ་ས་མིང་ཡང་འཁྲབ་གཞུང་ཁྲོད་མང་དུ་ཡོད། «རོ་མེའོ་དང་ཇུ་ལིཀྲི»ཡི་ནང་དུ་ཡང་། དབྱིན་ཇིའམ་ས་དེ་གའི་མི་རིགས་རང་གི་སྡོད་གནས་སམ་འཚོ་གནས་ཀྱི་ཁོར་ཡུག་ལ་མིང་བཏགས་ཡོད་པའི་ཁྲོད།
གཉིས་པ། འགྲེལ་སྒྱུར་གྱི་སྐོར།
བོད་དབྱིན་ཐུན་མོང་གི་ཆར་གྱུར་བའི་མིང་གི་ཆ་ཤས་ཤིན་ཏུ་ཉུང་། དེ་བས་ས་མིང་དག་སྒྲ་བཙན་པར་བགྱིས་ཏེ་སྒྲ་བཞིན་མི་སྒྱུར་ཀ་མེད་ཡིན། ཡིན་ཡང“བོད་ཡིག་གི་ལོ་རྒྱུས་དེབ་ཐེར་དག་ཡིག་རིགས་སྣ་ཚོགས་སུ་བསྒྱུར་བའི་ཁྲོད། ས་མིང་སྒྲ་སྒྱུར་བྱས་ཡོད་ཀྱང་འགྱུར་སྣ་མི་གཅིག་པ་སྣ་ཚོགས་བྱུང་སྟེ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལ་རྙོག་དྲ་བཟོས་པ་མ་ཟད། གཞན་ལ་ལོག་བརྡ་སྤྲད་དེ”ཞེས་པ་ནང་བཞིན། འཁྲབ་གཞུང་བོད་འགྱུར་ལ་ས་མིང་གི་སྒྲ་སྒྱུར་དག་མོ་ཞིག་མ་ཐོན་ཚེ། ཀློག་པ་པོའི་ཀློག་མི་བདེ་ཞིང་འགྱུར་མའི་རིན་ཐང་ཡང་དེ་བཞིན་འདོན་མི་ཐུབ།
ཤེག་སི་པེ་ཡར་འཁྲབ་གཞུང་བོད་དུ་འགྱུར་བ་ནི་བོད་སྐད་ཡིག་རིག་གནས་ཀྱི་ར་བ་ལས་རིང་དུ་འགོངས་པའི་རིག་གནས་གསར་རྐྱང་ཞིག་ཚུར་འདྲེན་བྱེད་པ་ཡིན་པས། འཁྲབ་གཞུང་འདིའི་ནང་དུ་མཆིས་པའི་བརྡ་དོན་གསར་པ་མཚོན་པའི་བརྡ་ཆད་གསར་པ་དང་གའུ་ཁ་སྦྱོར་ལྟར་འཕྲོད་པའི་བརྡ་ཆད་བོད་ཡིག་ཏུ་མེད་པ་དང་། ལྷག་པར་དུ་ས་མིང་གི་ཐད་གཅིག་གྱུར་མེད་པའི་འགྱུར་མང་པོ་སྣང་། དཔེར་ན། Italianལ་སྤྱིར་དབྱི་ཐ་ལིའམ་དབྱི་ཏ་ལི་ཞེས་རྒྱ་འགྱུར་གྱི་ཤན་ཞུགས་པའི་སྒྲ་གདངས་གསལ་ལ། འདི་བཀོལ་རྒྱ་ཆེ། ཡུལ་ཨི་ཀྲ་ལི་ཞེས་འཁྲབ་གཞུང་གི་འགྱུར་དུ་དབྱིན་སྐད་གྱི་གདངས་ལ་བསྟུན་ཡོད་པ་དང་། Denmarkལ་གྲེན་མག་ཞེས་མིང་བདག་པོར་བསྟུན་ནས་བསྒྱུར་འདུག Veronaནི་རྒྱ་སྐད་ལ་ར་སྒྲ་འདི་དག་པར་མི་ཐོན་པས། རང་རེ་ལ་ཝེ་རོ་ན་ཞེས་བོད་སྐད་གྱི་སྒྲ་གདངས་ཁྱད་ཆོས་སྔོག་འདོན་བྱས་ནས་མ་ཡིག་གི་སྒྲ་དག་པར་འགྱུར་ཡོད། Troyལ་ཀྲི་རོའེ་གྲོང་ཁྱེར་ཞེས་དང་། Hyrcanianཧིར་ཁ་ནིའན་ཡུལ་གྱི་ཞེས་དེ་དག་ལ་ཡུལ་གྱི་མིང་གི་བླ་ཐབས་སུ་ཡུལ་ཨི་ཀྲ་ལིའམ་གྲོང་ཁྱེར་ཝེ་རོ་ན་ཞེས“ཡུལ་དང་སེམས་ཅན་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ནི། སྒྲ་འོལ་སྤྱི་ཙམ་བསྒྱུར་དུ་བཏུབ་ཀྱང་དོན་ལ་ཐེ་ཚོམ་ཟ་བ་རྣམས། མགོ་ལ་ཡུལ་ཞེས་མིང་གཅིག་བླ་ཐབས་སུ་བསྣན་ནས་རྒྱ་གར་སྐད་སོ་ན་ཞོག་ཅིག”གསུངས་པ་ལྟར་བསྒྱུར་ཡོད། དེ་བས། མིའི་མིང་ངམ་ས་མིང་གི་སྒྲ་སྒྱུར་གང་ཡིན་རུང་མཉམ་འཇོག་དགོས་ས་མང་པོ་ཡོད་དེ། སྤྱི་སྐད་ཡིན་དགོས་ཤིང་ཡུལ་སྐད་ཀྱི་གདངས་ལ་འཛེམ་དགོས། འདིར་སྤྱི་སྐད་ཅེས་པའང་ཡིག་སྐད་ལ་ངོས་འཛིན་དགོས་ཤིང་། ཚད་ལྡན་གྱི་སྒྲ་གདངས་བཀོལ་ནས་སྒྱུར་བ་དང་། མ་ཡིག་དབྱིན་ཡིག་གི་སྒྲ་གདངས་ལ་བསྟུན་ཅི་ཐུབ་བྱེད་པའི་ཁར། འགྱུར་ཡིག་བོད་ཡིག་གི་སྤྱི་སྐད་ཀྱི་སྒྲའི་འབྱིན་སྟངས་དང་ཐོ་གཏུག་དགོས། འདི་ལྟར་མཛད་ན་ད་གཟོད་ཡུལ་སྐད་ལ་འཛེམ་ཐུབ་པ་དང་། མིང་ནི་བདག་པོའི་རྗེས་འབྲང་བྱ་ཞེས་པ་ལྟར་བསྒྱུར་དགོས། སྒྲ་སྒྱུར་གྱི་སྒྲ་བསྡུ་རུང་ལ་སྣོན་མི་རུང་། དེ་ལྟར་བྱས་ན་འགྱུར་བཀོལ་བདེ་ཞིང་མྱུར། སྒྲ་སྒྱུར་བྱས་པའི་མིང་ལ་ཚེག་བར་མང་མི་འོས་པའི་རྒྱུ་མཚན་ནི། ཀློག་པ་པོས་ཡིད་ལ་འཛིན་དཀའ། དེའི་ཕྱིར་མ་ཡིག་དབྱིན་ཡིག་ཏུ་དེ་འདྲ་མི་གསལ་བའི་སྒྲ་བསྡུ་རུང་བ་དག་བསྡུས་ནས་བསྒྱུར་ན་འགྲིག གཞན་སྒྲ་སྒྱུར་ལ་སྒྲ་གཞུང་ལས་བསྟན་པའི་སྔགས་ཡིག་ཀློག་ཐབས་ནང་བཞིན། རིང་བ་ཐུང་བ། ཤིན་ཏུ་རིང་བ། གསལ་བྱེད་བརྩེགས་མ་ལ་རང་སྒྲ་ཐོན་ཙམ་མྱུར་བར་བཀླག ཁ་ཁེངས་མཐོན་པོའི་གདངས་ཀྱིས་བཀླག་ཚུལ་དང་། རྣམ་བཅད་ཕལ་ཆེ་བ་ནང་བཞིན་དྲག་པོར་བཅད་དེ་བཀླག་ཚུལ་སོགས་གདངས་ཀྱི་མཐོ་དམའ། རིང་ཐུང་། མྱུར་བུལ། གྲིམ་ལྷོད། དལ་སྙོམས་སོགས་དབྱིན་སྐད་ཀྱི་སྒྲ་གདངས་ལ་སྦྱར་ནས་སྒྲ་སྒྱུར་བྱས་ཆོག་ཆོག་ཡིན་ལ། དེ་ལྟ་བུའི་སྒྲ་སྒྱུར་ཞིག་འཁྱོངས་ན་ཧ་ཅང་ལེགས་སྙམ།
ཅི་ཞན་ལིན་གྱིས། འགྱུར་དཔྱད་ནི་སྐད་དང་ཡི་གེ་རྐྱང་རྐྱང་གི་དཔྱད་བརྗོད་ཅིག་མིན་པར། རིག་གནས་དཔྱད་བརྗོད་ཡིན་པ་ཕྱོགས་ཆེ། ཞེས་པ་ནང་བཞིན། མིའི་རིགས་ཀྱི་སྤྱི་ཚོགས་སུ་ཆེས་གལ་ཆེ་བའི་ཕན་ཚུན་འབྲེལ་འདྲིས་བྱེད་སྤྱད་ཀྱི་སྐད་བརྡ་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཀྱང་ཡིན། སྐད་བརྡས་རང་ཉིད་འཕེལ་རིམ་གྱི་ལོ་རྒྱུས་རིང་མོའི་ཁྲོད་དུ་གྲངས་ལས་འདས་པའི་རིག་གནས་གསོག་ཉར་བྱས་ཡོད་ཅིང་། རིག་གནས་ནི་སྐད་བརྡ་ལ་བརྟེན་ནས་སྐྱོང་བ་དང་། ཁྱབ་སྤེལ། རྒྱུན་འཛིན་བྱེད་དགོས་ལ། རིག་གནས་དར་རྒྱས་སོང་ན་སྐད་བརྡ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མ་ཟད། རིག་གནས་ཀྱིས་མིའི་སྤྱི་ཚོགས་ཀྱི་ཟུར་མང་པོ་ཞིག་ལ་ཚོད་འཛིན་ཐེབས་པ་དང་། མིའི་སྐད་བརྡ་བེད་སྤྱོད་ལ་རིག་གནས་ཀྱི་ཚོད་འཛིན་ཀྱང་ཐེབས། རིག་གནས་ཀྱི་ཉིང་བཅུད་དེའང་སྐད་བརྡའི་ཁྲོད་དུ་སིམ་ཡོད། དེ་ལྟ་བུའི་མིང་བརྡ་དང་། མ་ཡིག་གི་རྩོམ་སྟངས་ཁྱད་པར་བ་ཀློག་མཁན་ལ་ཆ་རྒྱུས་མེད་པའི་འཁྲབ་གཞུང་བསྒྱུར་བའི་གོ་རིམ་ཁྲོད། མི་རིགས་སོ་སོའི་འཚོ་སྡོད་ཀྱི་ཁོར་ཡུག ལོ་རྒྱུས་རྒྱབ་ལྗོངས། སྤྱི་ཚོགས་ཀྱི་འཕོ་འགྱུར་གནས་ཚུལ་གཅིག་འདྲ་མིན་པའི་དབང་གིས། མི་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད། ལྟ་བ། ཆོས་ལུགས། དད་མོས། འཚོ་བའི་གོམས་གཤིས་སོགས་ཕྱོགས་ཡོངས་ལ་ཧེ་བག་ཆེན་པོ་ཤོར་བ་དང་། ཁོ་ཚོས་བྱ་དངོས་གང་རུང་ལ་ངོས་འཛིན་ཚུལ་དང་གོ་བ་ལེན་སྟངས་ཀྱང་ཐ་དད་དུ་གྱུར་པས། ཧེ་བག་དེ་བརྒལ་ཆེད་མི་རིགས་དང་སྐད་ཡིག་མི་གཅིག་པ་སོ་སོའི་དབར་ལོ་ཙཱ་བྱེད་དགོས་བྱུང་ཞིང་། ལོ་ཙཱ་ལས་ཀྱང་འགྲེལ་མཆན་དང་བཅས་པའི་ལོ་ཙཱ་བྱེད་དགོས་པ་བྱུང་།
༡ ལྷ་སྒྲུང་གི་མིང་བརྡ།
ཤེག་སི་པེ་ཡར་གྱི་འཁྲབ་གཞུང་ནང་དུ་ལྷ་སྒྲུང་དང་འབྲེལ་བའི་མིང་བརྡ་མང་པོ་ཡོད་པ་དག་འགྲེལ་སྒྱུར་མ་མཛད་ན་ཀློག་པ་པོ་གོ་ལོག་ཏུ་འཕྱན་པའམ་གོ་བ་རབ་རིབ་ཏུ་འགྱུར་ཉེན་ཡོད་པས། “མིང་གི་མགོ་ལ་ཡུལ་ལམ་མེ་ཏོག”བླ་དྭགས་སམ་མཆན་དུ་བཀོད་དེ་མ་ཡིག་ལ་གོ་བ་ཡང་དག་བསྐྱེད་པའི་ལས་བྱ་དགོས་སྙམ
ཀ Fortuneལས་དབང་ལྷ་མོ། “གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་བརྩེ་དུང་གི་ལྷ་མོ་ཞིག སྒྱུར་པ་པོས། ”ཁ Nero ནེ་རོ། “གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་བཙན་བདག་སྟེ་རང་གི་ཨ་མ་གསོད་མཁན་ཞིག སྒྱུར་པ་པོས།”ཞེས་འགྲེལ་སྒྱུར་རམ་འགྲེལ་མཆན་མཛད་དེ་རིག་གནས་ཀྱི་འདྲ་ས་དང་མི་འདྲ་བའི་ཧེ་བག་མངོན་ཐུབ་ཅིང་། སྐབས་ལ་རེར་དཔེར་ན། ག Aurora བོད་འགྱུར་ལ་ཉི་མའི་འོད་ཅེས་དང་། ང Death གཤིན་རྗེ། འདི་དག་ལ་སོགས་པའི་ཆོས་ལུགས་ཀྱི་མིང་བརྡ་མང་པོ་ཞིག་སྒྲ་སྒྱུར་དང་དོན་སྒྱུར་གང་རུང་གིས་འགྱུར་ཡོད་ཀྱང་། འདི་དག་རིག་གནས་ངོ་བོ་མི་འདྲ་བའི་མིང་བརྡ་ཡིན་སྟབས། བརྡ་རྙིང་པ་སྔོག་འདོན་ཙམ་གྱིས་མི་ཡོང་བར་འདུག་སྟེ། Deathལ་གཤིན་རྗེ་ཟེར་བ་ནི་རང་ཅག་གི་ཟེར་སྲོལ་ལ་གཤིན་རྗེ་ཆོས་རྒྱལ་ལྟ་བུ་ཞིག་ཏུ་གོ་ནོར་ཐེབས་པས། སྐབས་ལ་རེར་འགྱུར་རྩོམ་ཞིག་ཀློག་གིན་ཡོད་པའི་སྣང་བ་ཡལ་ནས་འགྱུར་མའི་རིན་ཐང་ཡང་ཉམས་པར་བྱེད། དེ་ལསFortuneལས་དབང་ལྷ་མོ་ཞེས་སྒྲ་སྒྱུར་མ་ཡིན། བཙན་སྒྱུར་མ་ཡིན། འདྲ་སྒྱུར་མ་ཡིན་པར་མིང་བརྡ་དེ་རང་ལ་རང་གི་ཁྱད་ཆོས་ཀྱིས་ཕྱུག་ལ། བོད་སྐད་ལ་ཡང་བརྗོད་བདེ་ལ་གོ་སླ་བ་ཞིག་ཏུ་ཐོན་པ་དང་འགྲེལ་མཆན་མཛད་པས་ཤིན་ཏུ་ལེགས་པར་མཐོང་། ཐུན་མིན་རིག་གནས་ཀྱི་རྒྱབ་ལྗོངས་མ་བོར་བ་ཞིག་ཡོང་འདུག་བསམས།
༢ ཆེད་སྤྱོད་མིང་བརྡ།
«རིག་གནས་ཀྱི་མཐོང་ཟུར་དང་ལོ་ཙཱའི་ལག་ལེན»ཞེས་པའི་ནང་དུ་རིག་གནས་མི་འདྲ་བའི་ཐ་སྙད་དང་ཚིག་དུམ་སྒྱུར་ཐབས་འགའ་བསྟན་ཡོད་པ་ནི། སྐད་རིགས་ཕན་ཚུན་གྱི་མིང་བརྡ་དེ་སྤྱིའི་ཆ་ནས་ཕན་ཚུན་ཁ་གཏད་ཀྱི་རྣམ་པ། འདུས་པའི་རྣམ་པ། ཟུར་འདུས་ཀྱི་རྣམ་པ། འཐུས་ཚབ་ཀྱི་རྣམ་པ། འགལ་ཟླའི་རྣམ་པར་གྲུབ་པས། སྣོན་འཕྲི་སྤོར་བཅོག་གི་སྒྱུར་ཐབས་དུ་མས་མ་ཡིག་གི་ནང་དོན་སྟོན་ཐབས་བྱེད་པའོ། དུས་ཆེན། Easter Sundayསྟོན་པ་ཡེ་ཤུ་འདས་ལོག་ལ་ཕེབས་པའི་དུས་ཆེན་ཏེ། བརྩི་སྲོལ་མི་འདྲ་བ་འགའ་རེ་འདུག་ལ། Pentecostསྟོན་པ་ཡེ་ཤུ་འདས་ལོག་ལ་ཕེབས་པའི་རྗེས་ཀྱི་ཉིན་བདུན་བདུན་ཞེ་དགུ་བ་ཡིན་ཞེས་བཤད། མི་འདས་རྗེས་ཀྱི་ཉིན་ཞེ་དགུ་བ་ལ་རང་རེས་དགུང་ཞག་ཏུ་འབོད་མོད། དེ་དོན་སྒྱུར་བྱེད་ན་མ་ཡིག་གི་རིག་གནས་སམ་ཆོས་ལུགས་ཀྱི་བྲོ་བ་ཡལ་འགྲོ་བས། འགྲེལ་སྒྱུར་ནི་འོས་ཤིང་འཚམ་པར་སྙམ། དངུལ་ལོར། Halfpennyཞེས་པ་དངུལ་པེ་ནེ་ཕྱེད་ཅེས་བསྒྱུར་ཡོད་དེ། མ་ཡིག་གི་དངུལ་ལོར་སྒྲིག་གཞི་ལ་སྣང་མེད་བཏང་བས་འགྱུར་གྱི་དགོས་པ་ཉམས་འགྲོ་བ་དག་སྒྲ་སྒྱུར་ལ་བླ་དྭགས་མཛད་ནས་དེའི་སྟེང་དུ་མཆན་བཀོད་པ་ནི། ལོ་ཙཱ་བས་མ་ཡིག་རིག་གནས་ལ་འདྲིས་ཆ་མེད་པའི་ཀློག་པ་པོར་བསམ་གཞིགས་གནང་བ་ཡིན་པར་འདོད། Ducatsཞེས་པ་གསེར་ཊམ་དེ་ཡང་དངུལ་ལོར་གྱི་ཚད་གཞི་ལ་ཟེར་བས། རིག་ཚན་བྱེ་བྲག་པ་དང་ཆེད་ལས་ཁྱབ་ཁོངས་ངེས་ཅན་ནང་བསྟན་དོན་དམིགས་བསལ་ཅན་བསྟན་དུ་ཡོད་པའི་མིང་བརྡ་དེ་དག་ནི་འགྲེལ་སྒྱུར་དང་མཆན་འགོད་ཡུལ་ལས་ལྷག་པར་གལ་ཆེ་བའི་རིགས་ཏེ། མ་ཡིག་རིག་གནས་ཀྱི་བྲོ་བའམ་ཆོས་ལུགས་ཀྱི་ཁ་དོག་མ་ཉམས་པར་འགྲེལ་དང་མཆན་འགོད་པའི་ལས་མཛད་དེ། ལོ་ཙཱ་བའི་འགྱུར་གྱི་རིན་ཐང་ཡོངས་སུ་མངོན་ཡོད།
གོང་དུ་བོད་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བ་གྲགས་ཅན་བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་ལོ་ཙཱ་བྱས་པའི་ཤེག་སི་པེ་ཡར་གྱི་ཟློས་གར་འཁྲབ་གཞུང་བོད་འགྱུར་མའི་སྒྱུར་རྩལ་གྱི་ཁྱས་ཆོས་གླེང་བ་ཡིན་ལ། དེ་དང་ཆབས་ཅིག་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་བརྩམས་ཆོས་ལོ་ཙཱ་བྱེད་དུས། གནད་དོན་གང་དག་ལ་ཡིད་གཟབ་བྱེད་དགོས་པ་དང་། ལེགས་ཆ་གང་དག་ཚུར་ལེན་བྱེད་དགོས་པའི་ཐད་རང་ཉིད་ཀྱི་བསམ་ཚུལ་དང་ལྟ་ཚུལ་ཙམ་བརྗོད་པའི་ཁུལ་བགྱིས་མོད། རྩོམ་ཡིག་ཧྲིལ་པོའི་ནང་མ་ཤེས་ནོར་འཁྲུལ་དུ་སོང་བའི་ཆ་ནི་ཡོད་སྲིད་པས་ཀུན་གྱིས་དགོངས་འཆར་ལྷུག་སྩོལ་གནང་རོགས་ཞུའོ། །
ཟུར་ལྟའི་དཔྱད་གཞི།
1. འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས་པའི«བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ2པའི་པར་ཐེངས་དང་པོ།
2. བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་བསྒྱུར་བའི་ཤེག་སི་པེ་ཡར་གྱི་འཁྲབ་གཞུང«རོ་མེའོ་དང་ཇུ་ལིཀྲི» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
3. བུ་བཞིས་བརྩམས་པའི«བུ་བཞི་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ2པའི་པར་ཐེངས་དང་པོ།
4. 王瑞 著《莎剧中称谓的翻译》中国社会科学出版
5. ཁྲི་བསམ་གཏན་གྱིས་བསྒྲིགས་པའི«སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད» [J] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོར་དཔར
6. བོད་ལྗོངས་རྟེན་མཛོད་ཁང་ནས་བསྒྲིགས་པའི«དཀར་ཆག་འཕང་ཐང་མའམ་སྒྲ་སྦྱོར་བམ་པོ་གཉིས་པ» [J] མི་རིགས་དཔེ་སྐྲུན་ཁང་།
7.王恩科 李昕 奉霞 编著《文化视角与翻译实践》[M] 国防工业出版社 2007年报12月出版
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注