སྙིང་རྩ་འགག་པའི་ནད་ཀྱི་ཉེན་བརྡ་འགའ།

སྙིང་རྩ་འགག་པ་ནི་སྔ་ལྟས་ཅི་ཡང་མེད་པ་ཞིག་མིན། མི་མང་པོར་སྙིང་རྩ་འགག་པའི་ནད་མ་འཕར་སྔོན་གྱི་ཉིན་འགའ་འམ་གཟའ་འཁོར་འགའ་ཡི་ནང་ལ་སྔ་ལྟས་རབ་དང་རིམ་པ་འབྱུང་སྲིད། གལ་ཏེ་སྔ་མོ་ནས་བརྡ་རྟགས་འདི་དག་ངོས་ཟིན་ནས་དུས་ཐོག་ཏུ་སྨན་བཅོས་བྱས་ཚེ། སྲོག་འཆོར་བ་ལྟ་བུའི་མཇུག་འབྲས་ངན་པ་ལ་གཡོལ་ཐུབ་ཀྱང་སྲིད། 

1.བྲང་ཁ་མི་བདེ་བ། 

བྲང་ཁ་མི་བདེ་བ་ནི་སྙིང་རྩ་འགག་པའི་ནད་ཀྱི་ཆེས་རྒྱུན་མཐོང་གི་སྔ་ལྟས་ཤིག་ཡིན་ཞིང་། སྙིང་རྩ་འགག་པའི་ནད་པ་མང་པོར་ནད་མ་འཕར་གོང་ལ་བྲང་ཁ་གནོན་པ་ལྟ་བུའི་ཚོར་བ་འབྱུང་བ་དང་དབུགས་འཚང་བ། རྟུལ་གཟེར་རྒྱག་པ་སོགས་བྱེད་ལ། ནད་རྟགས་འདི་དག་སྐར་མ་འགའ་ལ་རྒྱུན་སྲིང་བའམ་ཡང་དང་བསྐྱར་དུ་འབྱུང་བ་ཡིན། 

2.ཁོག་སྟོད་ན་བའམ་མི་བདེ་བ། 

ཁོག་སྟོད་ན་བའམ་མི་བདེ་བ་འབྱུང་སྐབས་ཀྱང་མཉམ་འཇོག་བྱ་དགོས་ཏེ། སྙིང་རྩ་འགག་པ་ལ་རྐྱེན་བྱས་པའི་ན་གཟེར་ནི་བྲང་ཁ་ཁོ་ན་ཙམ་མིན་པར། ཕྲག་པ་དང་དཔུང་བ། སྒལ་བ། སྐེ་ཁུག མ་ནེ་སོགས་སུའང་འབྱུང་ངེས། ལྷག་པར་དུ་གཞོགས་གཡོན་པ་ལ་འབྱུང་བ་མང་། དོས་དྲག་ཟུག་གཟེར་དང་ཟུག་གཟེར་དྲག་པོའི་རིགས་དང་མི་འདྲ་བ་ཞིག་ལ། ན་གཟེར་འདིའི་རིགས་ནི་རྟུལ་གཟེར་དང་ཆག་རྒྱག་པ་ལྟ་བུ་ཡིན་པས། ཤ་གནད་ཐང་ཆད་པའམ་འཇུ་ལམ་གྱི་གནད་དོན་སོགས་ལ་ནོར་ཉེན་ཆེ། 

3.དབུགས་ཧལ་བ། 

དབུགས་ཧལ་བ་ནི་སྙིང་རྩ་འགག་པའི་ནད་རྟགས་གཞན་པ་ཞིག་ཡིན། སྙིང་རྩ་མ་འགག་པའི་སྔོན་དུ། མི་ཁ་ཤས་ལ་འགུལ་སྐྱོད་མངོན་གསལ་མ་བྱས་ཀྱང་དབུགས་ལེན་དཀའ་བ་དང་དབུགས་ལེན་སྐབས་ཤུགས་བཀོལ་དགོས་པའི་སྣང་ཚུལ་འབྱུང་སྲིད། ནད་རྟགས་འདི་ནི་རྒྱུན་པར་བྲང་ཁ་མི་བདེ་བ་དང་འགྲོགས་ནས་འབྱུང་ཞིང་། ངལ་གསོ་སྐབས་ཚབས་ཇེ་ཆེར་འགྲོ་ཡང་སྲིད་དེ། ལྷག་པར་དུ་ཁ་གྱེན་ལ་འཁོར་ནས་ཉལ་སྐབས་མང་དུ་འབྱུང་། 

4.འཇུ་ལམ་མི་བདེ་བ། 

འཇུ་ལམ་མི་བདེ་བ་དེ་ཡང་སྙིང་རྩ་འགག་པའི་ནད་ཀྱི་མི་མངོན་པའི་བརྡ་རྟགས་ཤིག་ཡིན་ཞིང་། ཁྱད་པར་དུ་སྐྱེས་མ་རྣམས་ལ་རྒྱུན་དུ་འབྱུང་། མངོན་རྟགས་ལ་གསུས་པ་ན་བ་དང་ཞེན་ཁ་ལོག་པ། ཕོ་བ་ཚ་བ། སྐྱུག་པ་སོགས་ཡོད། དེ་ཕོ་རྒྱུའི་ནད་དང་ནོར་སླ་བས། གསོ་བཅོས་ལ་འགོར་འགྱངས་བྱེད་སྲིད། ནད་རྟགས་འདི་དག་ནི་རྒྱུན་པར་སྙིང་ལ་ཁྲག་འདྲེན་ཚད་མ་འདང་བ་དང་འབྲེལ་བ་ཡོད་ཅིང་། ལྷག་པར་དུ་པྲོག་དབྱིབས་འཕར་རྩའི་ནད་འགྱུར་གྱིས་བསྐྱེད་པའི་ཁྲག་འཁོར་རྒྱུག་འགག་པ་དང་འབྲེལ་བ་ཡོད། 

5.གློ་བུར་དུ་ཧ་ཅང་ཐང་ཆད་པ་དང་ཤུགས་ཟད་པའི་ཚོར་བ་ཡོད་པ། 

གློ་བུར་དུ་ཧ་ཅང་ཐང་ཆད་པ་དང་ཤུགས་ཟད་པའི་ཚོར་བ་འབྱུང་བ་ལ་མཉམ་འཇོག་བྱ་དགོས། ནད་པ་མང་པོར་སྙིང་རྩ་འགག་པའི་སྔོན་ལ་རྒྱུ་མཚན་མེད་པར་ལུས་ཡོངས་ཐང་ཆད་པ་དང་ཤུགས་ཟད་པའི་ཚོར་བ་ཡོད་ཅིང་། འགུལ་སྐྱོད་ཕྲན་བུ་རེ་བྱས་ནའང་ཐང་ཆད་སླ་བ་ཡིན། ངལ་དུབ་འདི་རིགས་ཉིན་འགའ་རུ་རྒྱུན་སྲིང་ངེས་ལ། ལྷག་པར་དུ་སྐྱེས་མ་རྣམས་ལ་འབྱུང་སླ་སྟེ། ཞིབ་འཇུག་ལས་མངོན་པ་ལྟར་ན། སྐྱེས་མ་ཚོར་སྙིང་རྩ་འགག་པའི་སྔོན་གྱི་གཟའ་འཁོར་འགའི་ནང་ལ་རྒྱུན་ལྡན་མིན་པའི་ངལ་དུབ་སྐྱེ་བ་རེད།  

6.གྲང་རྔུལ་ཐོན་པ་དང་མགོ་ཡུ་འགོར་བ། སེམས་འཚབ་པ། 

གྲང་རྔུལ་ཐོན་པ་དང་མགོ་ཡུ་འཁོར་བ། སེམས་འཚབ་པ་སོགས་དབང་རྩའི་ནད་རྟགས་ཀྱང་རྒྱུན་པར་ཡོད་ཅིང་། གྲང་རྔུལ་འདི་རིགས་ནི་རྒྱུན་པར་སེམས་ཁམས་མི་བདེ་བའམ་འཆི་ལ་ཉེ་བའི་ཚོར་བ་དང་མཉམ་དུ་ཐོན་ཏེ། ནད་པར་མི་བདེ་བ་དང་འཇིགས་སྔངས་བསྐྱེད་སྲིད། 

སྤྱིར་སྙིང་རྩ་འགག་པ་ལ་སྔ་ལྟས་རྣམ་པ་སྣ་ཚོགས་ཡོད་པ་དང་ནད་པ་མི་འདྲ་བའི་ནད་རྟགས་མངོན་སྟངས་ཀྱང་མི་འདྲ། ལྷག་པར་དུ་སྐྱེས་མ་དང་རྒན་པ་རྣམས་ལ་དཔེ་མཚོན་མ་ཡིན་པའི་ནད་རྟགས་སྣ་ཚོགས་མངོན་སྲིད་པས། ལུས་པོར་གོང་གི་ནད་རྟགས་འདི་དག་འབྱུང་སྐབས་སྣང་མེད་དུ་བསྐྱུར་མི་རུང་། ཁྱད་པར་དུ་སྔོན་ཆད་སྙིང་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཡོད་པའི་མི་དག་ལ་ནད་རྟགས་འདི་དག་བྱུང་ན། དུས་ཐོག་ཏུ་སྨན་པར་སྟོན་རྒྱུ་གལ་ཆེ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号