ཕྲུ་གུའི་རྒྱང་སྒྲིབ་ནད་སྔོན་འགོག་ཐད་སྡེ་ཁག་གསུམ་གྱིས་བསྟན་དོན།
ཉེ་ཆར། སློབ་གསོ་པུས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་རིམས་ནད་ཚོད་འཛིན་ཅུས་དང་མཉམ་འབྲེལ་ཐོག《བུ་བཅོལ་ཁང་གི་བྱིས་པ་དང་སློབ་ཆུང་སློབ་མའི་རྒྱང་སྒྲིབ་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་མཚམས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཏན་ཏིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་འགག་གནས་མདུན་སྤོས་བྱས་ཏེ། བུ་བཅོལ་ཁང་གི་བྱིས་པ་དང་སློབ་ཆུང་སློབ་མའི་རྒྱང་སྒྲིབ་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་མཚམས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། བྱིས་པ་དང་སློབ་ཆུང་སློབ་མར་རྒྱང་སྒྲིབ་ནད་ཕོག་ཚད་ནུས་ལྡན་ངང་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན་འདུག
གཅིག ཕྲུ་གུར་ཕྱི་རོལ་དུ་བྱེད་སྒོ་སྤེལ་བའི་དུས་ཚོད་འདང་ངེས་བསྐྲུན་དགོས།
བུ་བཅོལ་ཁང་གི་དགེ་རྒན་དང་ཕྲུ་གུའི་ཁྱིམ་བདག་གིས་ཕྲུ་གུ་ཕྱི་རོལ་དུ་ཁྲིད་ནས། རྩེད་མོ་གཙོ་བོར་བྱེད་པའི་ཕྱི་རོལ་གྱི་བྱེད་སྒོ་དང་ལུས་རྩལ་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་། སློབ་གསེང་སྐབས་སློབ་མར་ཕྱི་རོལ་དུ་བྱེད་སྒོ་སྤེལ་བའམ་ཡང་ན་རྒྱང་ལྟ་བྱེད་དུ་འཇུག་པ་སོགས་བྱས་ནས། ཕྲུ་གུ་ཉིན་ལྟར་ཁང་པའི་ཕྱི་རོལ་དུ་བྱེད་སྒོ་སྤེལ་བའི་དུས་ཚོད་དེ་ཆུ་ཚོད་2ལས་མི་ཉུང་བ་འགན་ལེན་བྱེད་དགོས།
གཉིས། ཁྱིམ་བདག་གིས་བཅོས་སྐྱོང་ལ་སྣང་ཆེན་དང་སྔོན་འགོག་ལ་སྣང་ཆུང་བྱེད་པའི་ལྟ་བར་འགྱུར་ལྡོག་གཏོང་གང་ཐུབ་བྱེད་དགོས།
བུ་བཅོལ་ཁང་དང་སློབ་ཆུང་གིས་ཁྱིམ་བདག་ཚོགས་པ་དང་ཁྱིམ་བདག་ཨུ་ལྷན་བཅས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཁྱིམ་བདག་ལ་དམིགས་སའི་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས། ཁྱིམ་ཚང་གི་རྒྱང་སྒྲིབ་ནད་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ། ཁྱིམ་བདག་གིས་ཕྲུ་གུར་གློག་རྡུལ་ཐོན་རྫས་བེད་སྤྱོད་ལུགས་མཐུན་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་མཛུབ་ཁྲིད་དང་། ཁྱིམ་བདག་གིས་ཕྲུ་གུ་ཕྱི་རོལ་དུ་ཁྲིད་ནས་བྱེད་སྒོ་མང་ཙམ་སྤེལ་བ་དང་། སློབ་གྲྭས་མིག་ཤེད་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་བར་གཞོགས་འདེགས་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས།
གསུམ། “གཅིག་བྱས་པ་དྲུག”གི་རྒྱང་སྒྲིབ་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་དགོས།
སློབ་ཆུང་གི་འཛིན་གྲྭ་ཚང་མར་ཚད་ལྡན་གཏད་གྲངས་ཀྱི་མཐོང་རྒྱ་རེའུ་མིག་རེ་སྦྱར་བ་དང་། སློབ་ཆུང་སློབ་མས་ཉིན་རེའི་སྔ་དྲོ་དང་ཕྱི་དྲོ་སོ་སོར་མིག་སྲུང་ལུས་སྦྱོང་ཐེངས་རེ་བྱེད་པ། ཟླ་རེར་འཛིན་གྲྭའི་ནང་མིག་ཤེད་ཞིབ་བཤེར་ཐེངས་རེ་བྱེད་པ། དུས་ཚིགས་རེར་རྒྱང་སྒྲིབ་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་རེ་སྤེལ་བ། སློབ་དུས་རེའི་དུས་འགོར་ཆེད་དོན་བཀོད་སྒྲིག་ཐེངས་རེ་བྱེད་པ། ལོ་རེར་སློབ་གྲྭ་ཡོངས་ཀྱི་སློབ་མའི་མིག་ཤེད་ཀྱི་གནས་ཚུལ་ལ་རྗེས་སྙེགས་ཞིབ་བསྡུར་དང་དབྱེ་ཞིབ་ཐེངས་རེ་བྱེད་པ་སོགས་ “གཅིག་བྱས་པ་དྲུག”གི་རྒྱང་སྒྲིབ་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
བཞི། རང་འགུལ་ངང་སློབ་མའི་མཐོང་ཚོར་ཁོར་ཡུག་ལེགས་སུ་གཏོང་དགོས།
སློབ་གྲྭས་ཚད་ལྡན་གྱི་སྒྲོག་ཙེ་དང་རྐུབ་སྟེགས་ཉོ་སྒྲུབ་བྱེད་པ་དང་། སློབ་ཁང་དང་། ཉལ་ཁང་། དཔེ་མཛོད་ཁང་སོགས་སུ་མིག་གི་བདེ་ཐང་ལ་ཕན་པའི་གློག་སྒྲོན་སྒྲིག་ཆས་སྤྱད་ནས། སློབ་ཆུང་སློབ་མར་མིག་སྤྱོད་བདེ་ཐང་གི་སློབ་གྲྭའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།
ལྔ། དམིགས་འཛུགས་རང་བཞིན་ལྡན་པའི་སྒོ་ནས་མིག་ཤེད་བདེ་ཐང་སློབ་གསོར་ཤུགས་སྣོན་རྒྱག་དགོས།
སློབ་ཆུང་གིས་བདེ་ཐང་སློབ་གསོའི་སློབ་ཚན་དང་ཡང་ན་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་སོགས་བརྒྱུད། རྒྱང་སྒྲིབ་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དེ་སློབ་ཁྲིད་དང་། སློབ་གྲྭའི་རིག་གནས། སློབ་མའི་རྒྱུན་ལྡན་བྱ་སྤྱོད་བཅས་ཀྱི་ཁྲོད་མངོན་པར་བྱེད་དགོས།
དྲུག མིག་ཤེད་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ནུས་པར་ཤུགས་སྣོན་རྒྱག་དགོས།
བུ་བཅོལ་ཁང་གིས་ཕྲུ་གུའི་བདེ་ཐང་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱས་ནས། ལོ་ཕྱེད་ནང་ཕྲུ་གུའི་མིག་ཤེད་ལ་ཞིབ་བཤེར་ཐེངས་རེ་བྱེད་དགོས། སློབ་ཆུང་སློབ་མར་སློབ་མའི་གཟུགས་པོ་བརྟག་དཔྱད་ལམ་ལུགས་དང་སློབ་དུས་རེར་སློབ་མར་མིག་ཤེད་ལྟ་ཞིབ་ཚད་ལེན་ཐེངས་གཉིས་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས།
བདུན། “གཉིས་འཕྲིའི”སྲིད་ཇུས་དོན་འཁྱོལ་བྱེད་དགོས།
སློབ་ཁྲིད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་ཆུང་དུ་སྔ་སྣུར་སློབ་ཁྲིད་དང་བསླབ་གཞིའི་ནང་དོན་ལས་བརྒལ་བའི་ནང་དོན་སློབ་ཁྲིད་བྱ་རྒྱུ་གཏན་འགོག་ཤུགས་ཆེན་བྱེད་དགོས། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་དོ་དམ་ཚད་ལྡན་ནན་པོ་བཟོས་ནས། དྲ་ཐོག་གསོ་སྦྱོང་སྒྲིག་གཞིས་སློབ་ཚན་རེར་སྐར་མ་30ལས་མི་བརྒལ་བ་དང་། སློབ་ཚན་རེའི་བར་ཐག་དུས་ཡུན་སྐར་མ་10ལས་མི་ཉུང་བ་བྱེད་དགོས།
བརྒྱད། དོ་དམ“ཁག་ལྔ”དོན་འཁྱོལ་གཏིང་ཟབ་བྱེད་དགོས།
སློབ་ཆུང་སློབ་མའི་ལག་ཐོགས་ཁ་པར་བེད་སྤྱོད་དང་། གཉིད་ཉལ་བ། སྦྱོང་ཚན་འབྲི་བ། ཀློག་དེབ། གཟུགས་གཞི་སོགས་ཐད་ཀྱི་དོ་དམ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། བུ་བཅོལ་ཁང་གི་ཕྲུ་གུ་དང་སློབ་ཆུང་སློབ་མས་ཚན་རིག་དང་མཐུན་ཞིང་ཚད་ལྡན་སྒོས་གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱེད་པར་ཁྲིད་སྟོན་དང་། ཕྲུ་གུའི་གཉིད་ཉལ་བར་དོ་དམ་ཡག་པོ་བྱས་ཏེ། བུ་བཅོལ་ཁང་གི་ཕྲུ་གུ་ཉིན་རེར་གཉིད་ཉལ་བའི་དུས་ཚོད་དེ་ཆུ་ཚོད་10ཡན་ཟིན་པ་དང་། སློབ་ཆུང་སློབ་མ་ཉིན་རེར་གཉིད་ཉལ་བའི་དུས་ཚོད་དེ་ཆུ་ཚོད་10ཟིན་པའི་འགན་ལེན་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注