གློ་བའི་འདུས་འདྲིལ་གྱི་སྔོན་འགོག
འདུས་འདྲིལ་གལ་གྱེས་ནར་སྲིན་ནི་གློ་བའི་འདུས་འདྲིལ་འབྱུང་པའི་ནད་རྒྱུ་ཁོ་ན་རེད། འོ་ན་གློ་བའི་འདུས་འདྲིལ་དེ་ཇི་ལྟར་འགོ་བ་རེད་ཅེ་ན། དེ་ནི་གློ་བའི་འདུས་འདྲིལ་ཅན་གྱི་ནད་པ་གློ་ལུ་བ་དང་། ཧབ་སྦྲིད་རྒྱག་པ། སྐད་ཆེན་པོས་དགོད་པ་དང་། ངག་མཐོན་པོས་སྐད་ཆ་བཤད་སྐབས་འདུས་འདྲིལ་གལ་གྱེས་ནར་སྲིན་མཆིས་པའི་མཆིལ་ཟེགས་དེ་མཁའ་དབུགས་ཁྲོད་ཁྱབ་པ་དང་། ཉེ་འཁོར་གྱི་མི་དག་གིས་ནད་འབུ་ཅན་གྱི་མཁའ་དབུགས་དེ་ཁོང་དུ་རྔུབ་པ་ལ་བརྟེན་ནས་ད་གཟོད་ཤེས་མེད་ཚོར་མེད་ངང་འགོ་བ་རེད། ང་རང་སོང་ས་བསྡད་ས་ནས་མཉམ་འཇོག་བྱས་པ་ཡིན་ན་འདྲ། འགོས་རིམས་ཀྱི་ཆེད་ལས་སྨན་ཁང་སྟེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ལྟ་བུ་རུ་སོང་བ་ཡིན་ན་འདྲ། གློ་བའི་འདུས་འདྲིལ་ཕོག་པའི་ནད་པ་མང་ཆེ་ཤོས་ནི་འབྲོག་པ་རྐྱང་རྐྱང་རེད་འདུག་སྙམ་པའི་འདུ་ཤེས་ཤིག་རྒྱུད་ལ་སྐྱེ་ཞིང་། དེ་བསམ་ན་ཤ་གསེང་རུས་པའི་གཏིང་ནས་ངང་ངམ་ཤུགས་ཀྱིས་དངངས་འདར་རྒྱག་པ་ཞིག་ཀྱང་རེད། དེ་ནི་གཅིག་ནས་འབྲོག་པ་རི་ལུང་རྫ་ལུང་ན་ཡོད་པས་ས་གནས་ཀྱི་རྫོང་ནད་རིམས་ཚོད་འཛིན་ལྟེ་གནས་ཀྱི་མི་སྣ་ཡིན་ནའང་འདྲ། ཞང་འཕྲོད་བསྟེན་ཁང་གི་སྨན་པ་ཚོ་ཡིན་ནའང་འདྲ། གང་ལྟར་སྨན་པ་ཚོས་གློ་བའི་འདུས་འདྲིལ་གྱི་སྔོན་འགོག་ཤེས་བྱ་སྒྲོག་དུས་ལམ་ཐག་རིང་པས་མ་ཐོན་པ་དང་། ཕྱུགས་འཚོ་སྐྱོང་གི་བྲེལ་བས་མ་ཁོམ་པ། བདེ་ཐང་ལ་དོ་སྣང་མེད་ཅིང་བདེ་ཐང་ཤེས་བྱར་སྣང་ཆུང་བྱས་ཏེ་མ་ཡོང་བ། གློ་བའི་འདུས་འདྲིལ་གྱི་འགོག་ཁབ་དུས་ལྟར་མ་བརྒྱབ་པ་སོགས་ཀྱི་རྐྱེན་གྱིས་ཡིན་པ་དང་། གཉིས་ནས་འབྲོག་པ་མང་ཆེ་བ་གཙང་སྦྲ་ལ་མི་དགའ་ཞིང་། མི་རིགས་གཞན་དང་ཐ་ན་རོང་ཁུལ་དང་བསྡུར་ན་ཡང་འབྲོག་པ་ཚོ་ལྟོས་བཅས་ཀྱིས་ཁ་ཟས་ཅ་ལག་གྱོན་པ། འགྲོ་འདུག་ཉལ་འཆག་གི་གཙང་སྦྲ་ལ་དོ་སྣང་ཆེན་པོ་མི་བྱེད་པའི་རྐྱེན་གྱིས་རེད་སྙམ་པའི་ཀུན་སློང་ཞིག་གློ་མཆིན་པའི་གཏིང་འོག་ནས་འཕྱུར་ཡོང་གི་འདུག་པས། ཕྱིས་སུ་འབྲོག་པ་སྤུན་ཟླ་རྣམས་ཀྱིས་ཕྱོགས་གང་ཐད་ཀྱི་གཙང་སྦྲ་ལ་དོ་སྣང་རེ་བྱེད་པ་དང་། དེ་ལ་བརྟེན་ནས་གློ་བའི་འདུས་འདྲིལ་གྱི་ཕོག་ཚད་ཀྱང་ཀླད་གོར་དུ་འགྲོ་རྒྱུ་ནི་འབྲོག་ཕྲུག་ངའི་རེ་བ་ཉག་གཅིག་ཡིན། འདིར་གསལ་བཤད་བྱ་རྒྱུ་ཞིག་ནི་ཁོ་བོས་མཐོང་པའི་གློ་བའི་འདུས་འདྲིལ་ཅན་གྱི་ནད་པ་མང་ཆེ་ཤོས་དར་མ་དང་རྒན་པ་རེད་དེ། བྱིས་པ་ལ་དེང་དུས་ས་གནས་སྲིད་གཞུང་གི་མངག་བཅོལ་ལྟར་སྨན་པ་བཀའ་དྲིན་ཅན་ཚོས་འདུས་འདྲིལ་གྱི་འགོག་སྨན་བརྒྱབ་ཡོད་པས་ལྟོས་བཅས་ཀྱིས་ཉུང་བ་སྨོས་ཅི་དགོས། ད་ནས་བཟུང་འབྲོག་པ་སྤུན་ཟླ་རྣམས་ཀྱི་ཁྱིམ་ཚང་གི་བཟའ་མིའི་ཁྲོད་དུ་གློ་བའི་འདུས་འདྲིལ་ཅན་མཆིས་ཚེ་དུས་ལྟར་སྨན་ཁང་ཚད་ལྡན་དུ་སོང་ནས་གསོ་བཅོས་བྱེད་དགོས་ཤིང་། བཟའ་མི་གཞན་པ་རྣམས་ཀྱིས་ཀྱང་ནད་པ་དེའི་གློ་བའི་འདུས་འདྲིལ་དྲག་སྐྱེད་མ་བྱུང་བའི་བར་དུ་དེ་རང་གི་ཕའམ་མ་ཡིན་པ་དང་། བུ་བུ་མོ་སུ་ཡིན་ཡང་དེའི་དཀར་ཡོལ་ནང་ཟ་མ་མི་ཟ་བ་དང་། ད་དུང་ནད་གཡོག་བྱེད་སྐབས་ཀྱང་རང་ལ་མི་འགོ་བའི་ཆེད་དུ་ཚད་ལྡན་ཁ་རས་རྒྱག་པ་དང་། སྣོད་ཅ་ལག་དང་གྱོན་པ་སོགས་ལ་གཙང་སྦྲ་ལེགས་པོ་བྱ་དགོས། གློ་བའི་འདུས་འདྲིལ་ཕོག་པའི་ནད་པས་ཀྱང་རང་གི་བཟའ་མི་གཞན་པ་རྣམས་ཀྱི་བདེ་ཐང་ལ་དམིགས་ནས། དུས་རྒྱུན་ཚད་ལྡན་ཁ་རས་རྒྱག་པ་ལས། རང་གི་འདུས་འདྲིལ་གལ་གྱེས་ནར་སྲིན་ཅན་གྱི་ཁ་ལུད་སྣབས་ལུད་དང་མཆིལ་མ་གང་སར་འཕེན་མི་རུང་། ཁ་བཏུམ་མམ་ཁ་རས་ཀྱང་སྨན་ཁང་གི་ཚད་ལྡན་ཁ་བཏུམ་ཡིན་དགོས་པ་ལས། རང་བཞིན་སྨན་ཁང་གིས་བཟོས་པ་མ་ཡིན་པའི་ཁ་རས་ཕལ་པས་ནད་འགོག་མི་ཐུབ་པ་ཀུན་གྱི་ཐུགས་ལ་འཇགས་དགོས་འདུག
གློ་བའི་འདུས་འདྲིལ་གྱི་ནད་རྟགས་ནི་གློ་ལུ་བ་དང་ལུད་པ་མང་པ། ལུས་ལ་ཤེད་ཤུགས་མེད་པར་ཐང་ཆད་པ། ལུས་ཤ་སྔར་ལས་རིད་ཅིང་སྐེམ་པོ་ཆགས་པ། སྲོད་དུས་ཚ་བ་ངེས་མེད་སྐྱེ་བ། ལག་མཐིལ་རྐང་མཐིལ་ལ་ཚ་རྒྱས་པ། མཚན་མོར་གྱོན་པ་ཤ་འབྱར་རྔུལ་ཆུས་རློན་པར་བྱེད་པ། ལ་ལའི་ཁ་ལུད་ཀྱི་ཁྲོད་ཁྲག་འདྲེས་པ། ཡང་ན་ཚབས་ཆེ་དུས་གློ་རྡོལ་ནས་ཁྲག་ལྦུ་བ་ཅན་སྐྱུག་པ་ཞིག་ཡིན་པས། རང་རང་གི་ཁྱིམ་ཚང་དུ་ནད་པ་དེ་འདྲ་ཡོད་པ་ཡིན་ན་འདྲ། ཡང་ན་མི་རང་ཉིད་ལ་ནད་རྟགས་དེ་འདྲ་མཆིས་ན། མྱུར་དུ་ཚད་ལྡན་སྨན་ཁང་དུ་སོང་ནས་གློ་བའི་འདུས་འདྲིལ་ཡིན་མིན་ལ་ཞིབ་བརྟག་བྱ་རྒྱུ་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དང་། སྡེ་བའམ་ཁྱིམ་མཚེས་སམ། རང་ཉིད་འབྲེལ་འདྲེས་བྱེད་པའི་མི་གཞན་པར་གོང་གི་ནད་རྟགས་འདི་འདྲ་ལྡན་ན་ཡང་། དེ་མི་འགོ་བའི་ཆེད་དུ་ཁ་རས་རྒྱག་པ་སོགས་ཀྱི་རིམས་འགོག་གི་ཐབས་ཤེས་སྤྱོད་རྒྱུར་སྣང་ཆུང་བྱ་མི་ཉན་པ་རེད། འདིར་གསལ་བཤད་བྱ་རྒྱུ་ཞིག་ལ་སྔོན་དུས་གློ་བའི་འདུས་འདྲིལ་ལ་གློ་གཅོང་ཞེས་བསྒྱུར་བཞིན་ཡོད་མོད། དེ་ལས་བོད་རྒྱ་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད་དུ་འདུས་འདྲིལ་ཞེས་བསྒྱུར་པ་ཅུང་ལེགས་པར་སྙམ་ནས་དེ་ལྟར་བྲིས་ཡོད། སྔ་མོ་གློ་གཅོང་ཞེས་པའི་གཞི་བཅོལ་ས་ནི། གཅོང་ཆེན་ཟད་བྱེད་ཀྱི་སྐབས་སུ། གློ་གཅོང་ཆེན་པོ་ཟད་བྱེད་རྒྱུ་དང་ནི། །(1)ཞེས་པ་ཨེ་ཡིན་ནམ་སྙམ་པ་དང་། གཅོང་ཆེན་ཟད་བྱེད་དེ་གློ་བའི་འདུས་འདྲིལ་རེད་ཅེ་ན། མདོར་ན་གཅོང་ཆེན་མེ་དྲོད་ཉམས་པ་ཡི། ། འཁྲུ་བ་ལུས་ཟུངས་འཇོམས་ཕྱིར་བསྲུང་བ་གཅེས། ། (2)ཞེས་མེ་དྲོད་ཉམས་ཤིང་ཁོང་པ་འཁྲུ་བས་ལུས་ཟུངས་འཇོམས་པ་ཞིག་ཡིན་པ་གསུངས་ཡོད་པ་དང་། དེ་ནི་གློ་བའི་ནད་ཅིག་ཡིན་ན་མན་ངག་རྒྱུད་ཀྱི་གློ་ནད་གསོ་བའི་སྐབས་སུ་བརྗོད་དགོས་ཀྱང་དེ་རུ་མ་སྨྲས་པ་དང་། དེ་ལས་ལྡོག་སྟེ་རྒྱུ་མ་ཞུ་བས་བསྐྱེད་པའི་གཅོང་ནད་ཀྱི་ཁོངས་སུ་བསྟན་འདུག་སྟེ། མ་ཞུའི་རྒྱུས་བསྐྱེད་འབྲས་བུ་གཅོང་ནད་ལ། ། གསར་བ་ལྷེན་དང་ལྕགས་དྲེག་མེ་དྲོད་ཉམས། ། དུག་གཅོང་བད་ཀན་སྨུག་པོ་མཁྲིས་པའི་ནད། ། རྙིང་པ་སྐྲན་དང་སྐྱ་རྦབ་དམུ་འོར་བཞི། ། གཅོང་ཆེན་ཟད་བྱེད་རྣམ་པ་ལྔ་རུ་བཤད། །(3)ཅེས་མ་ཞུ་བས་བསྐྱེད་པའི་འབྲས་བུ་གཅོང་ནད་རྙིང་པ་ཡིན་པ་མངོན་སུམ་དུ་གསུངས་འདུག་སྙམ་མོ། །
དཔྱད་གཞིའི་ཡིག་ཆ།
(1) (2) (3) 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ》 གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས2000ལོའི་ཟླ5པར་པར་ཐེངས3པ་བཏབ། p 175 p 177 p 152
《བོད་རྒྱ་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》གཙོ་སྒྲིག་པ་འོ་ཚང་ཚོགས་ཆེན། མི་རིགས་དཔེ་སྐྲུན་ཁང་གིས2011ལོའི་ཟླ8པར་པེ་ཅིན་དུ་པར་ཐེས་དང་པོ་བཏབ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注