移动端
公众号
抖音号
快手号
གཙོ་ངོས།
མཚོ་བྱང་།
མཚོ་བྱང་གསར་འགྱུར།
མཚོ་བྱང་མངའ་ཁུངས།
མཚོ་བྱང་སྐྱེ་ཁམས།
མཚོ་བྱང་དགོན་སྡེ།
མཚོ་བྱང་མི་སྣ།
མཚོ་བྱང་དམངས་སྲོལ།
གསར་འགྱུར།
རྒྱལ་སྤྱི།
རྒྱལ་ནང་།
བོད་འབྲེལ།
རིག་གནས།
དམངས་སྲོལ་རིག་གནས།
རིག་གནས་དཔྱད་གླེང་།
ལེགས་རྩོམ་འོས་སྦྱོར།
དཔེ་གསར་འོས་སྦྱོར།
བོད་རིག་ཞིབ་འཇུག
བོད་ཀྱི་གསོ་རིག
རི་ཆུ་རིག་གནས།
རྩོམ་རིག
སྒྲུང་གཏམ།
ལྷུག་རྩོམ།
སྙན་ངག
སྒྱུར་རྩོམ།
ཆེད་སྒྲིག
མཚོ་བྱང་ཚོགས་ཆེན་གཉིས།
ཚོགས་ཆེན་ཉི་ཤུ་བ།
བརྗོད་དོན་སློབ་གསོ།
ཚང་འཛོམས་གྲོས་ཚོགས།
སློབ་གསོ།
སློབ་གསོ་དཔྱད་གླེང་།
སློབ་གསོའི་སྲིད་ཇུས།
སློབ་རའི་རིག་གནས།
རྨང་གཞིའི་ཤེས་བྱ།
རྒྱུན་ཤེས།
ཁྲིམས་སྲོལ་འགྲེལ་བཤད།
འཕྲོད་བསྟེན་བདེ་ཐང་།
འགྲིམ་འགྲུལ་བདེ་འཇགས།
གེ་སར།
གེ་སར་མི་སྣ།
གེ་སར་གནའ་ཤུལ།
གེ་སར་ཞིབ་འཇུག
བརྙན་རིས།
གསར་འགྱུར།
ཆེད་སྒྲིག
ཕྱོགས་བསྡུས།
པར་རིས།
གསར་འགྱུར་འདྲ་པར།
འདྲ་པར་ཡག་ཤོས།
སྒྱུ་རྩལ་འདྲ་པར།
རོལ་མོ།
ངེད་ཀྱི་སྐོར།
...
...
ཀུན་འདུས།
གཙོ་ངོས།
མཚོ་བྱང་།
མཚོ་བྱང་གསར་འགྱུར།
མཚོ་བྱང་མངའ་ཁུངས།
མཚོ་བྱང་སྐྱེ་ཁམས།
མཚོ་བྱང་དགོན་སྡེ།
མཚོ་བྱང་མི་སྣ།
མཚོ་བྱང་དམངས་སྲོལ།
གསར་འགྱུར།
རྒྱལ་སྤྱི།
རྒྱལ་ནང་།
བོད་འབྲེལ།
རིག་གནས།
དམངས་སྲོལ་རིག་གནས།
རིག་གནས་དཔྱད་གླེང་།
ལེགས་རྩོམ་འོས་སྦྱོར།
དཔེ་གསར་འོས་སྦྱོར།
བོད་རིག་ཞིབ་འཇུག
བོད་ཀྱི་གསོ་རིག
རི་ཆུ་རིག་གནས།
རྩོམ་རིག
སྒྲུང་གཏམ།
ལྷུག་རྩོམ།
སྙན་ངག
སྒྱུར་རྩོམ།
ཆེད་སྒྲིག
མཚོ་བྱང་ཚོགས་ཆེན་གཉིས།
ཚོགས་ཆེན་ཉི་ཤུ་བ།
བརྗོད་དོན་སློབ་གསོ།
ཚང་འཛོམས་གྲོས་ཚོགས།
སློབ་གསོ།
སློབ་གསོ་དཔྱད་གླེང་།
སློབ་གསོའི་སྲིད་ཇུས།
སློབ་རའི་རིག་གནས།
རྨང་གཞིའི་ཤེས་བྱ།
རྒྱུན་ཤེས།
ཁྲིམས་སྲོལ་འགྲེལ་བཤད།
འཕྲོད་བསྟེན་བདེ་ཐང་།
འགྲིམ་འགྲུལ་བདེ་འཇགས།
གེ་སར།
གེ་སར་མི་སྣ།
གེ་སར་གནའ་ཤུལ།
གེ་སར་ཞིབ་འཇུག
བརྙན་རིས།
གསར་འགྱུར།
ཆེད་སྒྲིག
ཕྱོགས་བསྡུས།
པར་རིས།
གསར་འགྱུར་འདྲ་པར།
འདྲ་པར་ཡག་ཤོས།
སྒྱུ་རྩལ་འདྲ་པར།
རོལ་མོ།
ངེད་ཀྱི་སྐོར།
སྙན་ཚིག་བྱ་བྱེའུ་འདུ་བའི་ལྗོན་བཟང་།
ཡོང་ཁུངས།
མཚོ་སྔོན་པོ་དྲ་བ།
རྩོམ་སྒྲིག་པ།
གུ་རུ་སྐྱབས།
2024-12-13 16:09:52
ཀློག་གྲངས།1333
གཙོ་ངོས།
རྩོམ་རིག
སྙན་ངག
སྙན་ཚིག་བྱ་བྱེའུ་འདུ་བའི་ལྗོན་བཟང་།
རྩོམ་པ་པོ།:ལྡོང་རོང་བསོད་ཐར།
གནས་དག་པ་རང་སྣང་དྲི་བྲལ་གྱི་མཁའ་དབྱིངས།།
སྐུ་ཉི་མ་འབུམ་གྱི་འོད་ཟེར་གྱིས་ཕྱུག་པའི།།
ཐུགས་བརྩེ་བའི་རྒྱལ་དང་རྒྱལ་སྲས་ཀྱི་ཐུ་བོ།།
དཔའ་འཇམ་དཔལ་ཡེ་ཤེས་དབྱེར་མེད་དུ་བཞུགས་རོགས།།
ཡིད་དད་པའི་ཚོགས་བརྒྱད་པདྨ་ཡི་གདན་སྟེང་།།
མགོན་ཡབ་གཅིག་གླིང་ཚང་ཆོས་རྒྱལ་གྱི་གདུང་རབས།།
ཕ་བུ་ལ་གཅེས་པའི་ཐུགས་བརྩེ་ཞིག་བཅངས་ནས།།
དུས་ད་ལྟ་ཉི་རྡུལ་འཚུབ་འཚུབ་རང་བྱོན་ཅིག །
འདང་བརྒྱབ་ན་ཕ་ཡུལ་ཕ་ཡུལ་ཞེས་གླེང་དུས།།
སྐབས་ལ་རེར་གཟུགས་ཅན་དངོས་པོ་ཞིག་ཡིན་ཡིན།།
མཚམས་ལ་རེར་གཟུགས་མེད་འདུ་ཤེས་ཤིག་ཡིན་ཡིན།།
གང་ལྟར་རུང་ཕྱི་འདང་ནང་འདང་གིས་བཅིངས་འདུག །
ལས་བག་ཆགས་དར་སྐུད་ཕྲ་མོ་ཞིག་ཡིན་ན།།
ལྷོད་མ་མྱོང་དམ་དམ་སྒྲོག་གུ་ལ་འཇུས་པའི།།
རང་གཉོམ་ལག་རྒྱས་སའི་ཕ་ཡུལ་གྱི་ཕྱི་ནང་།།
དུས་དེང་སང་དྲན་སྟངས་སུམ་མདུད་དང་བརྒྱ་མདུད།།
ཤར་གཉན་ཆེན་སྐུ་ལྷ་མདུན་སྒོ་རུ་བཞུགས་ཡོད།།
ནུབ་རྨ་རྒྱལ་རཱ་ཎས་ལྟག་སྒོ་དེ་བསྲུང་ཡོད།།
ས་སོས་ཡག་རྨ་སྟོད་སྤོམ་ར་དང་འབྲེལ་ཡོད།།
རུས་མཐོ་བ་ར་ཁྲ་རྒན་པོ་ཡི་མི་རྒྱུད།།
ས་མདོ་སྨད་སྒང་དྲུག་འབྲི་ཟླ་ཡི་ཡང་སྙིང་།།
དཀྱིལ་མ་འགྱུར་ཉག་ཕུ་ལ་དཀར་གྱི་རྩེ་མོ།།
འབྲི་ཟླ་ཆུ་གཉིས་ཀྱི་བྲང་གཞུང་གི་དམར་ཆུང་།།
འདི་ཟལ་མོ་སྒང་གི་གཏམ་རྒྱུད་ཀྱི་མགོ་ཁུངས།།
གཏམ་སྙན་མོ་ཆོས་འབྱུང་དེབ་ཐེར་དུ་བཀོད་ཡོད།།
སུས་མ་ཁོག་གནའ་གྲགས་ད་གྲགས་སུ་སོང་ན།།
ཡུལ་གླིང་ཚང་དག་པ་ལྔ་བརྒྱ་ཡི་ཞིངས་ཁམས།།
བཤད་མི་དགོས་བཤམས་པའི་ངོ་མཚར་ཞིག་རེད་ཨང་།།
སྟོད་བྲ་མ་མདུང་རྩེ་མགུལ་བ་ནས་བརྒྱན་ཏེ།།
བར་རོང་མ་འབྲོག་གི་ཚོ་ཆེན་གྱིས་བཟུང་བ།།
སྨད་ཉག་ཆུ་རིང་མོའི་དར་མདུད་ཀྱིས་དཀྲིས་པའི།།
ཡུལ་འདི་ཚོ་རྒྱ་མཚོ་མེར་མེར་བཞིན་འཁྱིལ་ཡོད།།
དགོན་ཆེན་པོ་གསུམ་འགྲིག་ནོར་བུ་ཡི་སྤུན་གསུམ།།
མགོན་དགེ་འདུན་དམར་སེར་མཚམས་སྤྲིན་གྱི་རང་མདངས།།
གླིང་འགུ་ཟི་རྫོང་མགོ་ཇ་ཆུ་ཞེས་ཐོས་ན།།
བསམ་ཤེས་ན་རིགས་གསུམ་སྤྱི་འདུས་ཀྱི་བཀོད་པ།།
ལོ་བཅུ་བཞི་ཙམ་ནས་ཕ་ཡུལ་དང་གྱེས་ཏེ།།
ཐག་རིང་ཐུང་མི་འདྲ་དགུ་བསྒྲིགས་ཤིག་བྱས་རྗེས།།
ཁྲ་གོར་གོར་འཁྱིལ་བའི་ཆུ་མིག་གི་ཀློང་ན།།
དྲན་སླ་བ་ཕ་སའི་རི་མོ་དེ་མཛེས་པ།།
ཕྱུགས་དཀར་ནག་མི་འདྲ་རི་ལུང་དུ་ཁེངས་ཤིང་།།
འབྲུ་སྣ་ལྔའི་མགོ་ལྕོག་ཞིང་ཁ་ནས་ལྡེམ་ལྡེམ།།
ནང་ཕུ་ནུ་དཔུང་གདང་རྣོ་ལྕགས་ཀྱི་སྒྲིལ་མ།།
སྡེ་མི་འདྲ་སྡེ་ཆེན་མར་ཁུ་བཞིན་འཁྱིལ་ཡོད།།
རི་མཐོ་ས་རེ་ནས་རྒྱང་ལྟ་རེ་བྱས་ན།།
སྡེ་སྟོད་སྨད་གཉིས་ཀྱི་མཐུད་མཚམས་དེ་རིང་བས།།
གྲངས་མི་ཆོད་རྒོད་པོའི་གཤོག་རྩལ་དེ་ཡོད་ན།།
བསྐོར་བསམ་པའི་བྲེལ་བ་གནའ་བྲེལ་དང་ད་བྲེལ།།
རྒྱུས་ཡོད་ན་རང་ས་རང་ཡུལ་གྱི་མལ་ས།།
རྒྱུས་མེད་ན་གླིང་དཀར་དཔའ་བོ་ཡི་ཕ་ས།
ཡ་མཚར་བའི་མཐོང་ཐོས་ནེའུ་གསེང་གི་ཀློང་ན།།
སེམས་དགའ་བའི་མགྲིན་གླུ་དིར་དིར་རང་སྙན་པ།།
ཕར་བལྟས་ན་ས་གཤིན་གསེར་མདོག་གི་ཁོལ་མ།།
གནའ་ཐོག་མའི་ལྟེ་ཁྲག་བྱུ་རུ་ཡི་ཁྲ་ཁུང་།།
ལམ་ཆེ་ཆུང་རི་ལུང་གྱ་གྱུ་ཡི་བརྐོས་རིས།།
ཆུང་བྱིས་པའི་རྐང་རྗེས་གཟི་མིག་གི་ཕྲེང་བ།།
ཤར་ཉ་འབྲང་བྲག་དཀར་གདོང་ལྔ་བཞིན་གསིག་ཅིང་།།
ལྷོ་དགེ་རྒྱས་སྨན་བཙུན་གཡུ་འབྲུག་ལྟར་འཁྱིལ་བ།།
ནུབ་གུ་ལུ་སྤུན་གསུམ་ཁྱུང་གཤོག་བཞིན་བརྒྱངས་པ།།
བྱང་སྟག་རྩེ་རྒྱ་སྟག་མཆེ་གཙིགས་བཞིན་རྣོ་བ།།
སྟེང་འཁོར་ལོ་རྩིབས་བརྒྱད་ཝེར་མ་ཡི་རྩེན་ས།།
ས་པད་མ་འདབ་བརྒྱད་རྗེ་འབངས་ཀྱི་ཕོ་བྲང་།།
མཚམས་བཀྲ་ཤིས་རྟགས་བརྒྱད་རང་བྱུང་གི་འཛུམ་རིས།།
དཔེ་དྲངས་ན་སྐབས་གསུམ་སྐྱེད་ཚལ་གྱི་དོ་ཟླ།།
ལྷ་ཚངས་པའི་བྱིན་རླབས་གང་བྱོ་ཡི་བུམ་པ།།
གཉན་གེ་མཛོའི་ནོར་མཛོད་འབེལ་གཏམས་ཀྱི་གཡང་སྒམ།།
ཀླུ་ཕ་འབུམ་བཅུ་གཉིས་མཇལ་སྐལ་གྱི་སྒོ་ཆེན།།
འདི་མ་བོས་རྟེན་འབྲེལ་རང་འགྲུབ་ཀྱི་ཕ་ས།།
སྨན་འབྲུག་མོ་མ་ཤི་གསོན་པོ་ཞིག་མེད་ཀྱང་།།
གཟུགས་མཛེས་སྡུག་མ་ཁུར་རྟེན་སྐལ་དུ་བཞག་པའི།།
གླིང་དཔའ་བོའི་མ་སྲིང་མོ་སྨན་གྱི་ལང་ཚོ།།
ཕོ་རྟ་ཐོག་ཅན་ཚོ་ས་ཐོག་ཏུ་འགྱེལ་སྐད།།
བུ་དཔའ་བ་ས་གྲགས་གནམ་གྲགས་སུ་སོང་བའི།།
ཕྱི་དགྲ་སྡེ་གཞོམ་པའི་རྩལ་དྲུག་གི་སྟག་མོ།།
ནང་རང་སྡེ་འཚོལ་བའི་མཁས་མཛངས་ཀྱི་ལུ་གུ།།
བུ་སྐྱེས་སྐྱེས་ས་གནོན་གནམ་འདེགས་ཀྱི་ཀ་བ།།
འཆད་གཞུང་བརྒྱའི་ངར་སྒྲ་གཙང་བོ་ལས་རིང་བ།།
རྩོད་འགྲན་མེད་གནམ་ལྕགས་ལྡེམ་མྱུར་གྱི་རང་གཤིས།།
རྩོམ་ཐོགས་མེད་རླུང་གཤོག་རྐྱང་ཤེས་ཀྱི་གོམ་འགྲོས།།
འདིར་དྲན་དབང་ཉི་ཟླ་གཉིས་འཛོམས་ཀྱི་གདན་ས།།
ནང་ཉམས་རྟོགས་འབར་བའི་གྲུབ་ཐོབ་ཀྱི་བཙན་ས།།
ཕྱི་གཙུག་ལག་རིག་པའི་མཁས་སྙན་གྱི་འདུ་ར།།
རྒྱུད་མན་ངག་གསེར་བྲེ་དངུལ་བྲེ་ཡི་མཛོད་ཁང་།།
ལུང་རིགས་པའི་གད་རྒྱངས་དབྱར་སྐྱེས་ཀྱི་རྔ་སྒྲ།།
ཆུང་བྱིས་དུས་ཕྱི་དྲན་འཇའ་ཚོན་ལས་བཀྲ་བ།།
གཏམ་ཁ་དཔེའི་མེ་ཏོག་སྣ་བརྒྱ་ལས་མང་བ།།
བསམ་མ་ཤེས་ཁ་ལག་ཚོད་མེད་ཀྱི་བྱ་སྤྱོད།།
ད་དྲན་ན་ངུ་དགོད་འདྲ་མ་དང་འདྲེས་མ།།
ནང་ན་ཟླའི་རྩེད་ཁང་གྱོང་རལ་གྱི་གད་ཁུད།།
ཕྱི་རྫི་རོགས་ན་ཆུང་གསང་ཚིག་གི་བྲག་ཕུག།
རླུང་ལྷགས་པས་ངོ་གདོང་གཙེས་པ་དེ་དྲན་བྱུང་།།
ཆར་ཁ་བས་གོས་མཐའ་སྦངས་པ་དེ་དྲན་བྱུང་།།
སེམས་བསམ་པ་མཐུན་ཕྱོགས་གཅིག་མཚུངས་ཀྱི་བུ་མོ།།
དགོས་མཉམ་འགྲོ་མཉམ་འདུག་གནའ་འདྲེས་ཀྱི་ཁོ་མོ།།
དུས་དེང་སང་པང་ཁུག་བུ་རྒྱུད་ཀྱིས་གང་རུང་།།
གནའ་དང་མའི་མཛེས་པ་བརྗེད་ཐབས་ཤིག་མི་འདུག །
བེའུ་རེའུ་ལུག་དེད་སའི་ཞིང་ཁ་དེ་དྲན་བྱུང་།།
ཤིང་ལྕི་བ་བཏུ་སའི་རི་སྒང་དེ་དྲན་བྱུང་།།
བྱ་བྱེའུ་དཀྲོགས་སའི་བྲག་ཐེམ་དེ་དྲན་བྱུང་།།
ཡུངས་སྲན་མ་བརྐུ་སའི་ར་བསྐོར་ཡང་དྲན་བྱུང་།།
ན་འདམ་སྦགས་ཁྲོད་ཀྱི་སྦལ་ལྕོང་ཚོ་ཤ་ཚ།།
ཆབ་གཙང་བོའི་ནང་གི་ཉ་མོ་ཚོ་སྙིང་རྗེ།།
བྱེའུ་ཨ་བྲ་བཙོན་བཙུད་བྱས་བྱས་ཀྱི་ལས་དག །
འགྱོད་ཟེར་ན་མ་ཟེར་བྱིས་དུས་ཀྱི་ཕྱི་དྲན།།
ལྕགས་ལེབ་ལེབ་རིག་ན་རལ་གྲི་ཞིག་བཟོ་ཐབས།།
ཤོག་སྐྱ་སྐྱ་རྙེད་ན་ལྷ་འབག་ཅིག་དྲ་ཐབས།།
ཆུ་ཆེ་ཆུང་འགྲམ་ནས་གཅེར་རྒྱུག་དེ་བྱས་བྱས།།
རྡོ་བརྩིགས་ནས་རྩེད་ཁང་ལས་ལས་ཀྱང་དྲན་བྱུང་།།
རྡེའུ་རྩེས་ནས་སེན་ཤ་གས་པ་དེ་དྲན་ཁུ།།
འབེན་བཙུགས་ནས་མཛུབ་མགོ་ཐེད་པ་ཡང་དྲན་ཁུ།།
ཤེད་གཡུག་ནས་སྣ་ཁྲག་བཞུར་བའང་དྲན་ཁུ།།
བ་རྟོལ་ལེ་བསམ་ནག་བྱས་བྱས་ཀྱང་དྲན་ཁུ།།
རྒན་མགོ་དཀར་ཞིག་གི་བསླབ་བྱ་ཡང་དྲན་བྱུང་།།
ད་མ་བཞུགས་གཤེགས་པའི་ཨ་མྱེ་ཡང་དྲན་བྱུང་།།
ད་མི་དྲན་མིག་ཆུ་ཐར་ཐར་དུ་འཐོར་ན།།
རྩོམ་འབྲི་སའི་ཤོག་དཀར་རལ་ན་ཡང་ཐང་གི།།
དཔྱིད་དར་ཁ་ལྷུང་དུས་སོ་ནམ་ལ་བྲེལ་བ།།
དབྱར་ད་འོང་ཟེར་དུས་རི་མགོ་རུ་ཆས་འགྲོ །
སྟོན་གསེར་མདོག་འབྲུ་རྐང་སྨིན་ལག་དེ་རྒྱས་དུས།།
དགུན་སྐྱིད་ལ་འཁོར་བའི་ཡུལ་མི་ཚོ་སྤྲོ་བ།།
ཕྱི་དུས་བཞི་མ་འདྲེས་པ་ཏྲ་ལྟར་སྒྲོས་པ།།
ནང་འབྱུང་ཁམས་མ་འཁྲུག་གསེར་ཞུན་ལྟར་སྣུམ་པ།།
ཡུལ་གླིང་ཚང་ལྷ་དང་ལྷ་མིན་གྱི་དགའ་ཚལ།།
ལས་དབུ་རྨོག་དགུང་སྔོན་སྤྲིན་དཀར་གྱིས་བཏེགས་ཡོད།།
ཕ་དམ་པ་དགྲ་ལྷ་རང་འཁོར་དུ་ཆས་དུས།།
དམག་བུ་རྟའི་དར་མཚོན་མེ་ལྕེ་བཞིན་མཆེད་དུས།།
ཕྱོགས་དགྲ་བཞི་མགོ་བོ་ཡོབ་འོག་ཏུ་མནན་དུས།།
སྟོབས་ཆེ་བ་རྫོང་ཆེན་རྫོང་ཆུང་གི་མངའ་བདག །
རྒྱུད་བཟང་བོའི་རུས་རྐང་འོ་སྤྲིས་བཞིན་ཆགས་དུས།།
གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་ཀྱི་འཁོར་ལ།།
སྡེ་ཆེན་པོ་ཁྲི་སྐོར་བཅུ་གཉིས་ཀྱིས་བསྐོར་དུས།།
མདོ་སྟོད་སྨད་ཨ་མས་བུ་ཕྲུག་བཞིན་སྐྱོང་ཟིག །
ཆུང་རྫ་རྒྱུད་ཁྲོ་ཤུལ་བྱང་ཕྱོགས་སུ་བཞག་སྟེ།།
ཤར་ཟླ་ཐ་ཚོ་ཁ་བཅུ་གསུམ་གྱི་རི་སྡེ།།
ལྷོ་ཡིད་ལྷུང་སྡེ་མཐའ་ཚུན་ཆོད་དེ་བརྩིས་ན།།
ནུབ་འདན་ཡུལ་བར་གྱི་གླིང་ཚང་གི་རུས་ཁོངས།།
རྫ་སྟོད་སྨད་ཉག་ཕྲན་མདའ་མོ་བཞིན་དྲང་སྐད།།
བར་བྱང་པ་ཁག་གསུམ་གཞུ་མོ་ལྟར་གུག་སྐད།།
སྨད་ཉག་ཆུ་ཆུ་རྒྱུད་རལ་གྲི་བཞིན་འཕྱོར་བ།།
དཔའ་འཁོར་གསུམ་བསྐོར་བའི་དགྲ་ལྷ་ཡི་ས་དབྱིབས།།
ཆུ་རྫ་ཆབ་སིལ་མའི་ཉེ་འཁོར་དུ་ཆགས་པའི།།
གླིང་ཚབ་ཚ་དགོན་གྱི་ཉེ་ཟུར་དུ་བཞེངས་པའི།།
ས་སྐྱིད་སོས་ཡག་གི་ལྟེ་བ་རུ་འགྱིང་བའི།།
གླིང་གེ་སར་ལྷ་ཁང་རྒྱ་ཕིབས་དེ་བརྗིད་པ།།
མཁར་མི་འགྱུར་སེང་འབྲུག་སྟག་རྩེ་ཡི་གནའ་ཤུལ།།
ཤུལ་མ་ཉམས་ད་དུང་བརྩིགས་རྨང་དང་བཅས་ཏེ།།
ཡུལ་གླིང་ཚང་ཁོག་ཏུ་བྲག་བརྩིགས་བཞིན་བརྟན་པ།།
འདི་སྨུག་པོ་ལྡོང་གི་རྣམ་ཤེས་ཀྱི་གནས་མལ།།
གཉན་དམར་པོའི་ལས་ཟོག་ཆ་བདུན་གྱི་ནོར་བུ།།
མགོན་ཁྲོ་བོ་ལས་མགོན་ཡིད་བཞིན་གྱི་རྟེན་སྐུ།།
སྐུ་མི་འགྱུར་འགུ་ཟི་མགོན་ཁང་དུ་བཞུགས་ན།།
ལྷ་ཆོས་སྐྱོང་བཅོལ་ན་བཅོལ་གོ་དེ་ལོས་ཆོད།།
གནས་རྫོང་རི་རྒྱབ་ན་ཨ་ཡིག་གི་རང་བྱོན།།
གླིང་ཡབ་སྲས་དབུ་ཐོད་མ་བྲིས་ཀྱི་རང་དོད།།
འདི་རྟེན་འབྲེལ་ཡག་གི་གདུང་བཙུན་གྱི་བརྡ་ཡིག །
འདི་སྨུག་པོ་ལྡོང་གི་ཆེ་བ་དེ་མཚོན་ཡོད།།
གླིང་གེ་སར་ཟེར་བའི་གྲགས་སྙན་གྱི་དཔའ་བོ།།
བོད་མགོ་ནག་ཡོངས་ཀྱི་དགྲ་ལྷ་རུ་བཀུར་ས།།
འདི་ཡར་དེད་གླིང་རྒྱལ་ཞེ་གཉིས་ཀྱི་སྐབས་སུ།།
མ་འགོག་མོའི་སྲས་སུ་གླིང་ཚང་དུ་བལྟམས་སྐད།།
འབྲོག་སྦྲ་གུར་བྱང་ལམ་འབྲོང་ཁྱུ་བཞིན་མང་བ།།
དམའ་རོང་མོ་བང་ཁང་ཕ་བོང་བཞིན་བརླིང་བ།།
ལས་ད་བྲེལ་ཡང་བྲེལ་ཁོམ་ཁོམ་རང་མེད་པའི།།
ལས་བརྩོན་པ་ཆེ་བའི་མི་རྒྱུད་འདི་སྟོབས་པ།།
མི་གཞུང་དྲང་ཡར་གཏུགས་སྤྱི་དཔོན་གྱི་བུ་ཚ།།
རུས་བཟང་བོ་ཡར་བརྒྱུད་ལྡོང་ཚང་གི་ཁྱིམ་རྒྱུད།།
རྒྱུད་མི་འདྲ་ཆེ་རྒྱུད་གསེར་འབུམ་གྱི་ལྷ་འབངས།།
རྟ་མི་གཅིག་རྐྱང་ཤེས་རླུང་གཤོག་གི་མ་རྒྱུད།།
ཡུལ་ངེས་མེད་འགྲིམ་པའི་ལོ་ཟླ་ཞིག་བརྩིས་ན།།
ལོ་བཅུ་བཞི་ཙམ་ཞིག་མྱུར་སྟབས་ཀྱིས་སོང་བས།།
ད་ཕ་ཡུལ་ཐོན་རུང་གཞིས་སྡོད་ཀྱི་ཡུལ་མི།།
ངོ་ཐུག་རུང་ངོ་ཤེས་མིན་མིན་དུ་གྱུར་འདུག །
དེ་ལྟར་རུང་ཟོལ་མེད་བརྩེ་སེམས་ཀྱི་གཏད་ཕྱོགས།།
བྱེའུ་ཆུང་རུང་ཞེ་བློ་སྡོང་མགོ་ལ་དཔེ་བཞག །
ཡུལ་ཕུ་ནུ་ཕན་ཐོགས་ལག་ཐོགས་རེ་མེད་ཀྱང་།།
གཏམ་སྐྱིད་སྡུག་གང་ཐོས་དགའ་སྡུག་དང་སྦྲེལ་ཡོད།།
ངས་ཆུང་ནས་བལྟས་པའི་ཕ་ཡུལ་གྱི་དེ་རིང་།།
འདྲ་མི་འདྲ་འགྱུར་ལྡོག་གནམ་ས་བཞིན་འདུག་ཀྱང་།།
ཕྱི་དངོས་པོ་འགྱུར་བའི་སྣང་ཚུལ་དེ་བཞག་ནས།།
ནང་མི་འགྱུར་ཡང་ཡང་ཕ་ཡུལ་ལ་གླན་ཡོད།།
ས་ལག་མཐིལ་ཙམ་ལ་ཁ་ཕོ་ཡིས་བསྡོམས་ཡོད།།
ཆུ་ཁམ་བུ་གང་ལ་ཞེན་ཆགས་ཀྱིས་དཀྲིས་ཡོད།།
སྙིང་དམར་ཆུང་ལྡིང་འདི་ཉ་མོ་ཞིག་ཡིན་ན།།
གནས་དེ་ཉིད་མཚོ་དང་མཚེའུ་ཞིག་འདྲ་ལེ།།
སེམས་ངེས་མེད་རི་ཁའི་རི་དྭགས་བཞིན་འཁྱམ་ཡང་།།
བརྗེད་མ་མྱོང་རང་ས་རང་ཡུལ་གྱི་ངོ་གདོང་།།
ལས་ཆེ་ཆུང་རང་ནུས་རང་ཚོད་ཅིག་བསྒྲུབས་ཀྱང་།།
བོར་མ་མྱོང་ཕ་ས་གོར་གོར་དེའི་ཐ་སྙད།།
གཞོན་སོ་དཀར་འཛུམ་པའི་འོད་སྣང་གི་དུང་ཟླ།།
རྒས་སྐྲ་དཀར་དུང་གི་ཐོར་ཅོག་གི་ཆུ་འཛིན།།
ཤ་རུས་པ་བརྒྱུས་པའི་དམུ་ཐག་གི་བཙན་རྫོང་།།
ལུས་ཚོར་དྲུག་འདུ་བའི་བྱ་བྱེའུ་ཡི་ལྗོན་བཟང་།།
ལོ་ན་ཚོད་འགོག་མེད་རྒྱང་རིང་ནས་བཞུད་ཀྱང་།།
ཡིད་དགའ་བའི་བལ་དཀར་དར་འཇམ་གྱི་སྤྲིན་དཀར།།
ལམ་རྩུབ་རེག་ཚ་གྲང་འབུམ་ཁྲག་ཅིག་གཤགས་ནས།།
ཚིག་སྙན་མོའི་སྦྲང་ཆར་རང་ཡུལ་དུ་བསྩལ་ཡོད།།
ཚིག་རྒྱས་སྤྲོས་ཤོམ་ཆེན་འགྲོ་སྟངས་དེ་བསྐྱུར་ནས།།
དོན་གོ་སླའི་ནང་གཏམ་རང་སྐད་དུ་གཅལ་ནས།།
སེམས་བསམ་པའི་བརྡ་གླུ་ངག་རྟ་ལ་དྲངས་ནས།།
ཇ་འོ་མའི་ཚབ་ཏུ་རང་ཡུལ་ལ་ཕུལ་ཡོད།།
མཉམ་སྤྱོད།
རྩོམ་གོང་མ། >
གཡུ་རྣའི་སྙན་ངག་བདམས་བཀོད།
རྩོམ་གཞུག་མ། >
ཡིད་གདུང་། མར་བཟའ་བློ་སྒྲོལ།
མཚོ་སྔོན་གྱི་བརྩམས་ཆོས་གཉིས་ལ་སྐབས30པའི་ཀྲུང་གོའི་དངོས་བཤུས་གློག་བརྙན་གྱི་རིག་གཞུང་དངོས་བཤུས་གློག་བརྙན་རིགས་ཀྱི་བརྩམས་ཆོས་ལེགས་ཤོས་ཀྱི་མཚན་སྙན་ཐོབ།
མཚོ་སྔོན་གྱིས་ཐོག་དང་པོར་ལུས་རྩལ་བའི་སྨན་ཡིག་འབྲི་མཁན་གྱི་དཔྱད་ཞིབ་གསོ་སྦྱོང་འཛིན་གྲྭ་དངོས་སུ་སྒྲུབ་མགོ་བརྩམས།
མཚོ་ཤར་གྲོང་ཁྱེར་གྱིས་སྐབས་བདུན་པའི་མཚོ་སྔོན་གྱི་དཔྱིད་གསར་ལས་མཚོ་ཤར་གྱི་ལེའུ་ཞེས་པའི་རིག་གནས་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་རྒྱུ་རེད།
གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་དང་ཡིད་ཆེས་བརྟན་པོ་བཅས་ཀྱི་ངང་ནས་མདུན་དུ་བསྐྱོད་དགོས། ཁྲེན་ཀང་དང་ཞ་པིང་གིས་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
གསར་ཤོས།
1、ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཚོགས་པ། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།
2023-10-23
ཀློག་གྲངས།1786
2、ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ལ་ཕུལ་བའི་འཚམས་འདྲིའི་འཕྲིན།
2023-09-11
ཀློག་གྲངས།1441
3、མཚོ་བྱང་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་ཀྱིས་དགེ་རྒན་དུས་ཆེན་ལ་འཚམས་འདྲི་གནང་པ།
2023-09-11
ཀློག་གྲངས།1997
4、ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་མ་ཕྱག་དགོན་དུ་བརྟག་ཞིབ་གནང་པ།
2023-09-11
ཀློག་གྲངས།1440
5、མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོའི་བརྗོད་དོན་མཚོན་རྟགས(LOGO)ཀྱི་སྤྱི་བསྒྲགས།
2023-06-30
ཀློག་གྲངས།3290
6、དམངས་སྲོལ་རིག་གནས་ཀྱི་རྒྱུན་ཤེས་ལས་བོད་མིའི་མེ་ཡི་ངོས་འཛིན་སྟངས།
2022-07-20
ཀློག་གྲངས།2782
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注
返回
顶部
移动端
公众号
抖音号
快手号