ཨ་མ། 

    ནག་ཤོད་ང་རོའི་འཚེར་སྒྲ། ནག་ཆུ།


བྱང་ཐང་དབེན་པའི་གནས་ན།།

ང་ཡི་དྲིན་ཆེན་ཨ་མ།།

མི་ལོ་དུ་མའི་རིང་ན།།

ཕྱུགས་རིགས་འཚོ་སྐྱོང་གནང་ཡོད།།


སྒོ་ཟོག་འཚོ་བའི་ཨ་མས།།

ཆུང་ནས་ད་ལྟའི་བར་དུ།།

ཐོས་བསམ་སློབ་ཏུ་བཏང་བྱུང་།།

ཨ་མ་བཀའ་དྲིན་ཆེ་སོང་།།


ཁྱིམ་གྱི་འཚོ་བའི་མཐུན་རྐྱེན།།

ཨ་མས་ཕྲག་ཏུ་ཁུར་ནས།།

ཟླ་གཅིག་ལོ་གཉིས་མ་རེད།།

ཨ་མ་སྐུ་ལས་ཁག་སོང་།།


ནམ་མཁའི་ཐོ་རངས་སྐར་ཆེན།།

གནམ་གྱི་མཐའ་ནས་མ་ཡལ།།

དྲིན་ཆེན་ཨ་མའི་དབྱངས་རྟ།།

ལྷས་རའི་ནང་ནས་ཐོས་ཡོང་།།


ཆུར་བ་དར་བའི་བཀའ་དྲིན།།

དར་བ་མར་གྱི་དྲིན་ཡིན།།

མར་ནི་འོ་མའི་བཀའ་དྲིན།།

ཡོད་ཚད་ཨ་མའི་དྲིན་ཡིན།།


མདོག་བཙོག་དྲི་ངན་ལྕི་རློན།།

ཨ་མའི་ཕྱག་ཟུང་སྒྲུག་ནས།།

སྐམ་དཀྲུགས་ཟིན་པའི་ལྕི་བས།།

རང་ཁྱིམ་དྲོད་ཀྱིས་ཁྱབ་སོང་།།


ཉི་མ་ལ་ལས་བཞུད་ཁར།།

ནོར་གནག་རི་ལས་དེད་ནས།།

ཐལ་རྡུལ་དུ་བའི་ཀློང་ནས།།

ཕྱུགས་ཟོག་རྡང་ལ་བཏགས་མཁན།།


དབྱར་གྱི་ཆར་ཤོད་བར་དང་།།

དགུན་གྱི་ཁ་བའི་དཀྱིལ་ན།།

ལོ་ཟླ་གྲང་གིས་མནར་རུང་།།

ཨ་མའི་བཞོ་དབྱངས་མི་ཆད།།


དྲིན་ཆེན་ཨ་མའི་ཞལ་རས།།

གཉེར་མའི་གྲོག་ཤུལ་དྲུད་ནས།།

དཀར་དམར་ཞལ་གྱི་དཀྱིལ་འཁོར།།

དུས་ཀྱི་རླུང་བུས་བརྐུས་དུས།།


ལྡེམ་ཞིང་འཁྱུག་པའི་སྐུ་གཟུགས།།

ལོ་ཟླའི་ཁོར་པོས་མནན་པས།།

མདའ་གཞུ་འདྲ་བའི་གཟུགས་བརྙན།།

མཐོང་དུས་སེམས་ཀྱིས་མི་བཟོད།།


འཇམ་མཉེན་ཨ་མའི་ཕྱག་ཟུང་།།

དཀའ་སྡུག་འཚོ་བས་རྡར་བས།།

མེ་ཏོག་ནམ་ཟླ་ཡལ་འདྲའི།།

སྣང་བས་ཡིད་སེམས་སྨྲེང་བྱུང་།།


གསར་པ་ཨ་གསར་མེད་ཅིང་།།

རྙིང་པར་འཁྲེང་ཞེན་མེད་པའི།།

རྣམ་སྐར་ལས་ལ་བརྩི་མཁན།།

དྲིན་ཆེན་ཨ་མར་དྲིན་ཆེ།།


དྲིན་ཆེན་ཨ་མའི་བཀའ་དྲིན།།

འཇལ་ནས་འཇལ་ཐབས་མེད་པས།།

བསམ་མཚོན་ཚིག་གི་རི་མོ།།

བྲིས་ནས་བྲིས་པ་མི་ཚར།།


མདོག་གྱུར་ཚིག་གི་ཡིག་འབྲུར།།

ཨ་མའི་ཞལ་འཛུམ་བྱུང་ན།།

ཕོ་གཞོན་གསོན་པའི་གསོན་རབས།།

དེ་ལས་ཡག་པ་གང་ཡོད།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号