དཔྱིད་ཀྱི་བསྟོད་དབྱངས།

དབང་ཆེན།

དྲི་མེད་དྭངས་གཙང་སྲིད་པ་གསལ་བའི་སྟོང་ཁམས་ཆེན་མོའི་འཇིག་རྟེན་ན། །

ཡང་ཞིང་གཡོ་བའི་རླུང་ཁམས་ཆེན་མོས་གསེད་པའི་ཆུ་འཛིན་སྣལ་མ་ལས། །

ཙམ་པ་ཀ་ཡི་རྡུལ་གྱིས་བྲན་པའི་འདབ་ལྡན་ཁ་བའི་མེ་ཏོག་གཏོར། །

བསིལ་ལྡན་གོ་ལའི་རི་ཀླུང་ཐང་གསུམ་དྲི་མེད་དཀར་འཇམ་ཡུག་ཅིག་བརྡལ། །

དཔྱིད་འགོའི་བུ་མོ་འཛུམ་དཀར་འཕྲོ་བས་ཞལ་ནས་དྲི་བཞོན་སིད་གླུ་ལེན། །

དགའ་བདེའི་དྲོད་ཀྱིས་གཉིད་དུ་སློང་བའི་རྐང་རྗེས་ཟག་པའི་མེ་ཏོག་བཞད། །

ནོར་འཛིན་སྒེག་མོའི་ལྟོ་བར་ཉལ་བའི་སྐྱེ་དངོས་རྣམས་ཀྱང་དུས་གཅིག་སད། །

ཞིང་འབྲོག་ཡོངས་ཀྱིས་གནམ་ལོ་གསར་པའི་དུས་སྟོན་རེམ་ཞེས་འབོད་སྐུལ་ཞུས། །

དེར་བརྟེན་ཀྲུང་དབྱང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དྲྭ་རྒྱའི་རྒྱུད་ལམ་ནས། །

སྲིད་འཛིན་ཞལ་གྱི་པད་མོ་བཞད་པའི་གནམ་ལོ་གསར་བཞད་དུས་སྟོན་ལ། །

ཤིས་ཚིག་མེ་ཏོག་ལན་བརྒྱར་གཏོར་བའི་གསུང་གི་བདུད་རྩིའི་རྒྱུན་ཕབ་ནས། །

འཛམ་གླིང་གོ་ལ་ཡངས་པའི་ཁྱོན་ལ་དགའ་བསུའི་དགོད་སྒྲའི་སིལ་སྙན་དཀྲོལ། །

ཕ་མ་སྤུན་ཟླ་རྒྱང་རིང་འཕངས་པའི་སྐྱེས་པའི་མདའ་དར་ཁྱིམ་དུ་སྒྲོན། །

ཡུལ་སྡེ་ཁྱིམ་མཚེས་ཡུན་དུ་བསྲིངས་པའི་སེམས་ཀྱི་གཞུ་མོ་ནང་དུ་འགུག །

ལོ་གཅིག་ཡོང་འབབ་འབེན་དུ་བཙུགས་པའི་གཞི་གྲངས་ཐོན་ལས་ལྡབ་འགྱུར་བསྒྱུར། །

མཐོ་སྒང་ཞིང་འབྲོག་གཞིས་བྱེས་ལྷན་འཛོམས་བཀྲ་ཤིས་དཔལ་གྱི་དགེ་མཚན་འབར། །

འོད་སྟོང་ལྡན་པ་ལུག་ཁྱིམ་ཞུགས་པའི་རེས་བཟའི་ལོ་བདག་གང་བབས་སུ། །

སྲོག་ལུས་དབང་ཐང་སྤར་སྨེ་དར་རྒུད་མཚོན་བྱེད་ཞྭ་གོས་གདན་སོགས་ཀྱིས། །

ཡོས་བུའི་ལོ་རྟགས་འགལ་རྐྱེན་མི་མཐུན་ལོ་རྙིང་རྒྱང་ནས་འབུད་དང་ལྷན། །

ཤིང་ཕོ་འབྲུག་གི་གནམ་ས་ལྡིར་བའི་མཐུན་རྐྱེན་འདོད་དགུ་ཡང་ཡང་བསུས། །

མཁའ་ལ་གློག་ཕྲེང་ཞགས་པས་བཏབ་པའི་སྤྲིན་གྱི་ཕུང་པོ་དལ་གྱིས་ལྡིང་། །

ས་ལ་རྨ་བྱ་དགའ་བས་མྱོས་པའི་གར་གྱིས་རྩེན་པའི་སྒྲོ་མདངས་བརྟས། །

བར་སྣང་འཇའ་ཚོན་འོད་ཀྱིས་དཀྲིགས་ཤིང་ཟིལ་བུ་དལ་གྱིས་ཆར་རྒྱུན་འབེབས། །

རི་ཀླུང་ཐང་གསུམ་ཡན་ལག་བརྒྱད་ལྡན་སྤོས་ཆུའི་ཆུ་བོས་ཕྱོགས་མཐར་བརྒྱན། །

མི་ལ་ཚེ་རིང་ལོ་བརྒྱར་ཐུབ་ཅིང་སྟོན་བརྒྱར་མཐོང་བའི་བཀྲ་ཤིས་ཤོག །

ཕྱུག་ལ་ཚེ་རིང་གོད་ཁ་མེད་ཅིང་འཕེལ་ཁ་དར་བའི་བཀྲ་ཤིས་ཤོག །

ཟས་ནོར་ལོངས་སྤྱོད་འཚོ་བའི་མཐུན་རྐྱེན་གེགས་མེད་འཛོམས་པའི་བཀྲ་ཤིས་ཤོག །

རྒྱལ་ཁམས་བདེ་ཞིང་འཁྲུགས་རྩོད་ཞི་ནས་ལོ་ཕྱུགས་ལེགས་པའི་བཀྲ་ཤིས་ཤོག ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号