གསའ།

དོན་འགྲུབ་རྡོ་རྗེ།

གསའ་ལ་བལྟས་ན་གསའ་ནི་གངས་རིའི་རྣམ་ཤེས་ཡིན་ཟེར།

ཡང་ན་འབྲོག་པའི་ལུག་ཁྱུ་དང་འཚོ་བར་གཟན་པའི་གཅན་གཟན་ཞིག་ཀྱང་།

གསའ་ལ་བལྟས་པས་གསའ་ནི་སྒྱུ་རྩལ་གྱི་མཐོངས་ཆེན་ཡིན་ཡང་ཟེར་ལ།

ཡང་ན་སུ་ཞིག་གི་བློ་དང་བརྙན་མིག་དྭངས་མོས་རི་ཁང་ཆུང་ཆུང་དེ་ཉིད་མེ་ལོང་ལ་ཕབ་པ་ཞིག་ཀྱང་།

གསའ་ལ་བལྟས་པས་གསའ་ཡི་མི་སྣ་རེ་རེར་གཤིས་ཀ་དང་རྒྱབ་ལྗོངས་ཡོད་ཟེར།

ཡང་ན་སྐྱོ་གར་དང་རྟེན་འབྲེལ་ཡན་ལག་གིས་བསྐུལ་བའི་ཆོས་ཉིད་ཅིག་ཀྱང་།

གསའ་ལ་བལྟས་པས་གསའ་ནི་བརྩེ་ཆེན་ཐུགས་རྗེས་བཞེངས་བའི་མི་སེམས་ཀྱི་དད་མོས་ཤིག་སྟེ།

ཡང་ན་ནམ་མཁའི་རྒྱལ་སར་སྐྱོད་པའི་ཐང་དཀར་གྱི་གཤོག་འགྱུར་རེ་རེ།

གསའ་ལ་བལྟས་པས་གསའ་ནི་ཡིད་ཀྱི་འགྱུ་བ་དང་དྲན་པ་མངོན་པའི་ཉམས་སྣང་ཡིན་ཟེར།

ཡང་ན་འཁོར་བ་དང་ངེས་འབྱུང་ལས་སྐྱེས་པའི་སྙིང་རྗེ་ཞིག་ཀྱང་།

གསའ་ལ་བལྟས་པས་གསའ་ནི་སྲུང་སྐྱོབ་དང་རིན་པ་ཅན་གྱི་སྲོག་ཆགས་ཡིན་ཟེར།

ཡང་ན་འཇིགས་ཉེན་དང་མཚན་མོར་རྒྱུ་བའི་ཤ་གཟན་ཞིག་ཀྱང་།

གསའ་ལ་བལྟས་པས་གསའ་ནི་གངས་རི་དང་རྩྭ་ཐང་ཡིན་ཟེར།

ཡང་ན་བྱམས་སྙིང་གི་བཟོད་པ་དང་ཤེས་རབ་ལས་བསྐྱེད་པའི་བློ་མིག་ཅིག་ཀྱང་།

ཡང་ན་རྒྱུ་འབྲས་ཀྱི་བློ་མིག་ཅིག་ཀྱང་།

གང་ལྟར། གསའ་ནི་གསའ་སྟེ།

སྐྱེ་བ་ནས་འཆི་བ་ཡོད་པ།

དགའ་བ་ནས་སྐྱོ་བ་ཡོད་པ།

ཆགས་པ་ནས་སྡང་བ་ཡོད་པའི་ཆོས་ཉིད་ཀྱི་ངོ་སྤྲོད་ཅིག་ཀྱང་།

མི་སེམས་ཀྱི་ཟབ་སར་བཞུར་བའི་གཙང་པོ་ཞིག་ཀྱང་།

རྩོམ་པ་པོའི་གཏམ་རྒྱུད་ཀྱི་ཕྱེད་ཀ་ཞིག་ཀྱང་།

ཁྱོད་དང་ངའི་བསམ་གཞིག་གི་མཚོ་མོ་ཞིག་ཀྱང་།

སྒྱུ་རྩལ་སྒྱུ་རྩལ་ཟེར་བའི་ཐ་སྙད་ཀྱི་གྲུ་ག་ཞིག་ཀྱང་།

གངས་རིའི་ར་བ་བརྒལ་བའི་བོད་སྐད་ཀྱི་གློག་བརྙན་ཞིག་ཀྱང་།

བླ་ནས་བླ་རུ་དར་བའི་ཡིད་སེམས་ཀྱི་མཆོད་བསྟོད་ཅིག་ཀྱང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号