རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་ཕ་ཡུལ་བསྐོར་བ།

བསོད་ནམས་ལེགས་བཤད།

ཕུལ་ཆུང་ཕུའི་ནུབ་ངོས་འགོ་དམར་གྱི་རྒྱལ་སྲས་པའི་འཁྲུངས་ཁང་གི་ཤུལ།

དངོས་སློབ་ཀྱིས་མཛད་པའི་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་རྣམ་ཐར་ཁག་ཏུ་གསལ་བའི་རྒྱལ་སྲས་སྐུ་འཁྲུངས་ས། ཕུལ་ཆུང་བྲག་སྐྱའམ། བྲག་སྐྱ། ཡང་ན་ཕུལ་བྱུང་ཞེས་པ་དེ། དཔལ་ལྡན་ས་སྐྱ་ནས་སྤྱི་ལེ38ཙམ་སོང་མཚམས་ཀྱི་ས་སྐྱ་རྫོང་རྨ་བྱ་ཤང་ཕུ་གྲོང་ཚོའི་ཁོངས་སུ་གཏོགས།

ས་སྐྱ་གྲོམ་ཆུའི་ལྷོ་རུ་ཆགས་པའི་དཔལ་ས་སྐྱའི་ལྷ་ཁང་ཆེན་མོ་ནས། ཁ་ནུབ་གཏད་ཀྱིས་སྤྱི་ལེ4ཙམ་ཕྱིན་ན། གཞུང་བརྒྱ་པ་པཎ་ཆེན་དངོས་གྲུབ་དཔལ་འབར་གྱིས་རབ་བྱུང་བརྒྱད་པའི་ནང་ཕྱག་བཏབ་པའི་ཆོས་འཁོར་ལྷུན་པོ་ཨོ་རྒྱན་ལྷ་ཁང་ལ་འབྱོར་གྱི་ཡོད་ཅིང་། ལྷ་ཁང་དེ་ཉིད་མ་མཇལ་བར་ལག་གཡས་ངོས་སུ་བཞག་སྟེ་ཁ་ལྷོར་ཕྱོགས་ནས་སྤྱི་ལེ16བསྐྱོད་ཚེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཆོག་འབྲོམ་སྟོན་པས་དབུས་སུ་སྤྱན་དྲངས་པའི་མར་ལམ། འབྲོང་གི་ངུར་སྒྲ་གསན་ཞིང“དཔོན་པོ་རི་སྟེང་ན་འབྲོང་ཆེན་པོ་གཉིས་རྩྭ་བཟའ་བཞིན་པ་གཟིགས”①སའི་འབྲོང་ངུ་ལ་རྩེར་སླེབས་ཐུབ། འབྲོང་ངུ་ལ་རྩེ་ནས་མར་སྤྱི་ལེ10ཙམ་བབས་པ་ན། ལ་གཤམ་གྱི་གྲོང་ཚོ་དང་པོ་ཆུ་ཤོད་གྲོང་ཚོར་འབྱོར་ཐུབ་ཅིང་། གྲོང་ཚོ་དེ་ལུས་རྒྱབ་ཏུ་གཡུགས་རྗེས་སུ། ཤ་རེར་དེང་གི་ས་སྐྱ་རྫོང་རྨ་བྱ་ཤང་གནས་ཡུལ་ལ་མ་སོང་བར། ཆུ་ཤོད་གྲོང་ཚོ་ནས་རྨ་བྱ་ཤང་ངོས་ལ་བསྐྱོད་སའི་ལམ་ཕྱེད་ཙམ་ནས། མོ་ཊ་ཁ་ནུབ་ཏུ་བཅུན་པ་ཙམ་གྱིས། ཕུལ་ཆུང་ཞེས་པའི་ལུང་ཤུར་དེ་མིག་ལམ་དུ་ཤར་ཡོང་།

ཕུལ་ཆུང་ཞེས་པའི་ལུང་ཤུར་དེའི་མདོ་ཕུག་བར་གསུམ་ན་ཡུལ་སྡེ་རེ་ཆགས། མདོའི་སྡེ་བར་བ་ལས་དང་། བར་གྱི་སྡེ་བར་ངང་མོ། ཕུའི་སྡེ་བར་ཕུལ་ཆུང་ཕུ་ཞེས་གྲགས། བར་གྱི་ངང་མོ་སྡེ་བའི་བྱང་ངོས་ཀྱི་རི་ལྡེབས་སུ། ས་སྐྱ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཕུག་ཆེན་བཞིའི་ཡ་གྱལ། རྒྱས་པའི་ལས་ཉིད་སྒྲུབ་གནས་ལྷོ་བདུད་པོ་བྲག་ཕུག་ཡོད་ཅིང་། བྲག་ཕུག་ནང་དམ་ཅན་རྡོ་རྗེ་ལེགས་པའི་ཆིབས་རྟ་འདོགས་སའང་མཇལ་རྒྱུ་ཡོད་གསུངས་མོད། ཕངས་པ་ཞིག་ལ་དེ་ཉིན་གྱི་དམིགས་ས་གཙོ་བོ་རྒྱལ་སྲས་པའི་ཕ་ཡུལ་ཡིན་སྟབས། ཕུག་པ་དེ་ཉིད་རྒྱང་མཇལ་ལས་ཉེ་མཇལ་ཞུ་བའི་གླགས་མ་རྙེད། རྒྱལ་སྲས་པའི་རྣམ་ཐར་ནང་གསལ་བའི་ཡུལ་ཕུལ་ཆུང་ཞེས་པ། གོང་གསལ་སྡེ་བ་གསུམ་གྱིས་གྲུབ་པའི་ལུང་ཤུར་གྱི་སྤྱི་མིང་དུ་བྱ་ལ། རྒྱལ་སྲས་པ་སྐུ་འཁྲུངས་ས་དངོས་ནི་ཕུལ་ཆུང་ལུང་པའི་ཕུར་ཆགས་པའི་ཕུལ་ཆུང་ཕུ་སྟེ། སྔོན་ཐེམ་གྲངས30ཙམ་དང་དེང་ཐེམ་གྲངས73ཙམ་ཟིན་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་ལགས། ཕུལ་ཆུང་ལུང་པའི་ཕུ་ནས་རྒྱུག་པའི་ཆུ་དེ་ལྷ་རྒོད་གངས་རིའི་སྐུ་རྒྱབ་ནས་འབབ་ཀྱིན་ཡོད་ཅིང་། ལྷ་རྒོད་གངས་རིའི་སྐུ་རྒྱབ་ཀྱི་ཆུ་ལག་གཞན་ཞིག་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས། ཆུ་ལུག1043ལོར་ཕྱག་བཏབ་པའི་ལྷ་རྩེ་རྫོང་ཁོངས་ཀྱི་མང་མཁར་མུ་གུ་ལུང་ངོས་ལའང་བཞུར་གྱི་ཡོད་པར་གསུངས།

ལྷ་རྒོད་གངས་ཀྱི་གངས་ཆུ། ཕུལ་ཆུང་གཞུང་ལ་རྒྱུག་པའི་དྲིན་གྱིས། སྤྱིར་ཕུལ་ཆུང་ཞེས་པའི་ལུང་ཤུར་དེའི་འཚོ་ཚིས་ལ་རྔོ་ཐོགས་པ་དང་། སྒོས་སུ་ཕུལ་ཆུང་ཕུ་གྲོང་ཚོའི་ཡང་ཕུའི་ནུབ་ངོས་ཀྱི་ས་ཆ་བྱིངས་ལ་རྩྭ་ཆུ་ཤིན་ཏུ་འཛོམས་པར་གྱུར།《མཚན་གཉིས་ལྡན་རྒྱལ་སྲས་ལག་ལེན་དང་སྦྱར་བའི་རྣམ་ཐར》ནང་།“རྒྱལ་སྲས་པ་དགུང་ལོ་དགུ་ཡིན་པའི་ཆུ་ཡོས1303ལོར་ཕྱུགས་ལུག་འཚོ”②མྱོང་གསུངས་སའི་གནས་ཀྱང་། ཕུལ་ཆུང་ཕུའི་ནུབ་ངོས་ཀྱི་སྤང་ཐང་དེ་ག་རང་དུ་ཡིན་ངེས་ཤིང་། ད་ལྟའང་རི་གྲོང་དེའི་དུ་བ་གནམ་ཐོན་གྱི་དུད་ཁྱིམ་ཚང་མར་གཡང་ལུག་ཡོད་པ་མ་ཟད། མང་པོར་ལུག་གྲངས་ལྔ་བརྒྱ་ཡན་ཟིན་ཞེས་གསུངས། ཁྱད་མཚར་བ་ཞིག་ལ་ཡུལ་འདི་ཀའི་མི་རྣམས་ཀྱིས་འབྲི་གཡག་གཅིག་ཀྱང་འཚོ་ཡི་མི་འདུག ཡང་གོང་གི་རྣམ་ཐར་དབུས་རྒྱལ་སྲས་པའི་འཁྲུངས་ཡུལ་སྐོར་ལ། ཕུལ་ཆུང་གི་ཡང་ནང་གསེས“བྲག་རི་དཀར་པོའི་ཕྲེང་བས་ཀུན་ནས་བསྐོར་བའི་ཕུལ་ཆུང་བྲག་སྐྱ”③ཞེས་བཀོད་པ། དེང་གི་ཕུལ་ཆུང་ཕུའི་བྱང་ངོས་ཀྱི་བྲག་རི་ལབ་རྡར་འདྲ་བ་དེ་ལ་གོ་དགོས་པར་སྣང་ཞིང་། བྲག་རིའི་ལྡེབས་ལ་འུར་བྲག་དགོན་པའི་ཤུལ་དང་། བྲག་རིའི་ཤོད་ན་དགུན་ཡང་མི་སྐམ་པའི་མཚེའུ་ཞིག་མཆིས།

འུར་བྲག་དགོན་གྱི་ལོ་རྒྱུས་བཀོད་པའི་ཕྱག་དཔེ་ད་བར་ལག་ཏུ་མ་རེག་ཅིང་། ཡུལ་འདིའི་མི་ཚོར་ཡང་སྔར་སོང་གི་ལོ་རྒྱུས་ལྷང་ཙམ་ལས་གསུངས་རྒྱུ་མི་འདུག་སྟེ། སྔོན་གྱི་ཚེ་ན་འུར་བྲག་དགོན་པ་དང་ཕུལ་ཆུང་ཕུའི་མཐའ་འཁོར་ན། ཁྲལ་པ་དུད་ཁྱིམ་བཅུ་གསུམ་ཙམ་དང་དུད་ཆུང་མ་ཁ་ཅིག་ཡོད་ཅེས་གསུངས་ལ། དགོན་འདི་གྲྭ་བཙུན་གཉིས་ལྡན་གྱི་དགོན་པ་ཞིག་ཡིན་པས། ཁྲལ་པའི་དུད་ཚང་རེ་ནས་གྲྭ་པ་དང་བཙུན་མ་རེ་རེ་དགོན་དེར་མངགས་ནས་ཆོས་སྒོར་ཞུགས་དགོས་ཤིང་། ཁྱིམ་ཚང་སོ་སོ་ནས་མངགས་པའི་གྲྭ་བཙུན་སྐུ་ན་བགྲེས་མཚམས་སུ། སླར་ཡང་ཆད་པ་ཁ་གསབ་ཀྱིས་གྲྭ་རྒྱུན་བསྐྱང་དགོས་གསུངས་པར་གཞིགས་ཚེ། སྔོན་མ་དགོན་འདིར་ཉུང་མཐར་གྲྭ་བཙུན26ཙམ་ཡོད་པ་འདྲ། ཕུལ་ཆུང་ཕུའི་གཡས་གཡོན་གྱི་རི་བོར་ཤིང་རྩི་ཧ་ལམ་མེད་ཀྱང་། འུར་བྲག་དགོན་པ་ཆགས་སར་གཡས་ལ་སྤ་མོ་དང་གཡོན་ལ་ཤུག་པ་སྐྱེས་པ་གནས་ཁྱད་པར་ཅན་གྱི་རྟགས་རེད་ཅེས། སྔར་གྱི་འུར་བྲག་དགོན་པའི་ཤུལ་ན་བརྩིགས་པའི་རྡོ་གཡམ་གྱི་ཁང་ཆུང་གཅིག་ཡོད་པའི་ཀ་བའི་སྟེང་ལ། རྒྱལ་སྲས་ཐོགས་མེད་ཀྱི་སྐུ་པར་ལྷན་དུ་གནས་བཤད་དམ་དུམ་ཞིག་བསྐོན་ཡོད་པར་གསལ།

གཞོགས་གཡོན་བྲག་ལ་བསྙེས་ནས་བརྩིགས་པའི་ཁང་ཆུང་དེའི་དབུས། ཀ་བའི་ལོགས་སུ་རྒྱལ་སྲས་མཆོག་གི་སྐུ་པར་ཆའི་གནས་བཤད་དུམ་དེ་དང་། རྩིག་ལྡེབས་ལ་སྐུ་རྟེན་ཐང་ག་གསུམ་ཙམ། དཔེ་སྒྲོམ་ནང་གསུང་རྟེན་ཕྱག་དཔེ་ཁ་ཤས་བཞུགས་སུ་གསོལ། ཁང་ཆུང་དེའི་སྟེང་ཕྱོགས་ཀྱི་བྲག་རིའི་ལྡེབས་ལ། དཀར་རྩི་དང་བཙག་དམར་བསྐུས་པའི་ལྷ་རྟེན་གཉིས་བཞེངས་འདུག་པ། ཡུལ་མི་ཚོས་ཚེས་བཟང་ལ་ལྷ་གསོལ་གནང་ས་དང་རླུང་སྐྱེད་དར་ལྕོག་བཙུགས་ས་ལགས། དེ་ཉིན་གུས་པ་ས་དེར་བསྐྱོད་སྐབས། ལུས་ལ་གཟབ་མཆོར་སྤྲས་ཤིང་སྐེ་ལ་ཁ་བཏགས་གཡོགས་པའི་བག་གསར་བག་གཡོག་དང་བཅས། རྡོ་གཡམ་གྱི་ཁང་ཆུང་དེ་ནས་མར་འབབ་འོང་བ་དང་འཕྲད། ཡུལ་མི་ལམ་མཁན་ཁོང་གིས། མནའ་མ་དང་པོ་ཡུལ་ལ་སླེབས་ཏེ་ལག་གི་ལས་ཀ་དང་། རྐང་པའི་འགྲུལ་བཞུད་མ་བྱས་པའི་སྔོན་ལ། ངེས་པར་འུར་བྲག་དགོན་ཤུལ་ལ་ཆོས་མཇལ་དུ་བསྐྱོད་པའི་སྲོལ་དེ་སྔར་ནས་ཡོད་གསུངས་པ་ལས། རྒྱུ་མཚན་གང་ཡིན་གསལ་ཆ་མི་གདའ། དེ་ཉིན་ལམ་མཁན་དང་འགྲོགས་ཏེ་ཁང་པའི་སྦུག་ཏུ་འཛུལ་དུས། ཁོང་ཚོས་གསོལ་ཅོག་ཆུང་ངུའི་སྒང་ལ། ཁོལ་ཁོལ་ཁུ་ནག་ལྕགས་ཀྲིན་བཞི་དང་གྷི་ལ་སི་གཉིས། དངུལ་ལོར་སྒོར་གཉིས་བཅས་ལ་ཡས་སྒྲོན་བརྒྱབ་ནས་བཞག་འདུག་པའང་མཐོང་།

རྣམ་ཐར་ཁག་ནང་རྒྱལ་སྲས་ཐོགས་མེད་བཟང་པོའི་ཡུམ་གྱི་སྐོར་ལ། ཡུམ་འབུམ་སྒྲོན་ཞེས་བྱ་བ་རུས་པ་ཕྱག་ཡིན་པ④ཞེས་དང་། ཡུམ་ཆག་ཟ་འབུམ་སྒྲོན⑤ཞེས་པ་ལས་ཆ་འཕྲིན་གཞན་མེད་ཀྱང་། ཡུལ་མིའི་ངག་ལས། སྔོན་གྱི་ཚེ་འུར་བྲག་དགོན་པའི་ཁ་སྤྲོད་ཀྱི་ལྷོ་ངོས་ཆུ་ཁར། འུར་བྲག་རྙིང་པ་དང་འུར་བྲག་གསར་པ། ཤར་པ་ཞེས་པའི་དུད་ཁྱིམ་གསུམ་ཆགས་ཤིང་། རྒྱལ་སྲས་པའི་ཡུམ་ཆེན་འུར་བྲག་རྙིང་པ་ཞེས་པའི་དུད་ཁྱིམ་གྱི་སྲས་མོ་དང་། འུར་བྲག་དགོན་པར་བཙུན་མའང་གནང་མྱོང་ཞེས་ཐོས། འུར་བྲག་དགོན་ཤུལ་གྱི་ཁང་ཆུང་ནང་ཡོད་པའི་གནས་ཡིག་དམ་དུམ་ངོས། འུར་བྲག་དགོན་ནི་རྒྱལ་སྲས་ཐོགས་མེད་བཟང་པོའི་སྐུ་དུས1300ཡས་མས་ལ་ཕྱག་བཏབ་ཅེས་བཀོད་ལ། ཡང་ཡུལ་མིས་ནི་རྒྱལ་སྲས་མ་འཁྲུངས་པའི་གོང་ནས་ཁོང་གི་ཡུམ་དགོན་དེའི་བཙུན་མ་ཡིན་གསུངས་པ། ཡིག་ངག་གཉིས་མི་མཐུན་པར་འདུག་ཨང་སྙམ་སྟེ་ཡོད་སྐབས། ལམ་མཁན་ཇོ་ཇོས། རྒྱལ་སྲས་པའི་ཡབ་ཀྱང་འུར་བྲག་དགོན་པའི་བཙུན་པ་ཡིན་ཅིང་། ལུང་པ་དེ་ཀའི་མི་ནི་མ་ཡིན་པ་འདྲ་གསུངས་བྱུང་བས། ཁོ་བོའི་བློ་རུ་རི་པ་གཞོན་ནུ་རྒྱལ་མཚན་གྱིས་མཛད་པའི་རྣམ་ཐར་ནང་། རྒྱལ་སྲས་པའི་ཡབ་མེས་སྐོར་བག་ཙམ་བཀོད་ཡོད་པ་དེ་ཏུར་གྱིས་དྲན།

《རྣམ་ཐར་དད་པའི་གསལ་འདེབས》སུ།“ཡབ་མེས་རྣམས་ཀྱང་ཡུལ་དཔོན་དང་མགོ་ཐོན་འབའ་ཞིག་བྱུང་ཞིང་། ཨ་མེའི་དཀོན་མཆོག་བྱ་བ་ཡིན། དེའི་མཆེད་ཡ་ས་སྐྱ་དཔོན་གྲགས་བྱ་བ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཉེ་གནས་ཡིན་ནོ”⑥ཞེས་བཀོད་འདུག་པ་དང་། རྒྱལ་སྲས་སྐུ་ཆུང་ངུར་ཡབ་ཡུམ་གཤེགས་པ་ནས་བསམ་གླིང་ལ་མ་སོང་པའི་བར། ཡུམ་གྱི་ཨ་ཕྱི་གཅིག་པོས་ཡུལ་འདི་གར་དྲིན་གྱིས་བསྐྱངས་ཚུལ་ལས། ཕ་སྤུན་ཡུལ་དེར་ཡོད་པའི་སྐོར་ཡི་གེ་ན་གཅིག་མེད་པ། དེ་བཞིན་ལུང་པའི་མིས་ཀྱང་ཡུལ་དེ་ཀའི་མི་མ་ཡིན་པ་འདྲ་སོགས་གསུངས་པར་གཞིགས་ཚེ། རྒྱལ་སྲས་པའི་ཡབ་ཕུལ་ཆུང་གི་མི་ཨེ་ཡིན་ནམ་སྙམ་པ་བློ་ལ་ཤར་མོད་ཚིག་ཐག་ནི་རེ་ཞིག་གཅོད་དཀའ། ཡང་རྒྱལ་སྲས་པའི་ཡུམ་འུར་བྲག་རྙིང་པའི་སྲས་མོ་ཡིན་རུང་། རྒྱལ་སྲས་པའི་འཁྲུངས་ཁང་གི་ཤུལ་འུར་བྲག་རྙིང་པའི་ཕྱོགས་སུ་མེད་པར། འུར་བྲག་དགོན་ཤུལ་གྱི་ནུབ་ཏུ་ཡོད་དོན་སྐོར་ལ། ཕུལ་ཆུང་གི་ལམ་པས། ཡབ་ཡུམ་གཉིས་ལྷན་བཞུགས་མཛད་པ་ནས། ཡུམ་ཡང་འུར་བྲག་རྙིང་པ་ནས་ཟུར་དུ་ཐོན་ཏེ། ད་ལྟའི་འཁྲུངས་ཁང་གི་ཤུལ་ཡོད་སར་ཁྱིམ་སོ་བཟུང་པ་འདྲ་གསུངས།

རྒྱལ་སྲས་པའི་འཁྲུངས་ཁང་གི་ཤུལ་ཕུལ་ཆུང་ཕུའི་ཡང་ནུབ་ངོས། འུར་བྲག་དགོན་པ་ནས་གྲོག་པོ་ཆུང་ཆུང་ཞིག་བརྒྱབ་པའི་ཁ་རུ་ཆགས་ཤིང་། ཆགས་སའི་ས་དེའི་མིང་ལ་འགོ་དམར་ཟེར། ད་ལྟ་རྩིག་རྨང་གི་ཤུལ་ཙམ་དང་གྱང་གོག་བོང་རྣ་ལྟ་བུ་ལས་མཇལ་དུ་མི་སྣང་ཡང་། ད་ནས་བརྩིས་པའི་མི་ལོ729ཙམ་གྱི་གོང་རོལ་ཤིང་ལུག1295ལོར། མཚན་ལ་དཀོན་མཆོག་བཟང་པོར་ཐོགས་པའི་བྱིས་པ་ཁོང་། ཆེ་ཡང་མ་ཆེ་ཆུང་ཡང་མ་ཆུང་བའི་ཁྱིམ་ཚང་གསར་པ་དེའི་ནང་བལྟམས། གསལ་ལ་མི་གསལ་བའི་རྩིག་རྨང་གི་རི་མོའི་བར་རམ། དུས་ཚོད་ཀྱིས་བཤིགས་པའི་གྱང་རུལ་གྱི་བར་དུ། རྣམ་ཐར་ནང་གི་བྱིས་པ་དཀོན་མཆོག་བཟང་པོས།“བུ་ཆུང་སྨྲ་ཤེས་ཙམ་གྱི་དུས་ནས་རླུང་གིས་ཤིང་ལོ་ཁྱེར་བར་གཟིགས་ཏེ། སེམས་ཅན་ནམ་མཁར་ཁྱེར་སོང་གསུངས་ཤིང་སྙིང་རྗེ་དྲག་པོས་བཤུམས་མྱོང”⑦ལ། རྒྱལ་སྲས་ཡབ་ཡུམ་བཅས་པའི་མི་མགོ་གསུམ་པོས་ཀྱང་། འགོ་དམར་གྱི་ཁང་པ་དེའི་དབུས་སུ། ཕྱུག་པོའི་བཟང་སྐྱིད་མེད་ཀྱང་སེམས་མཐུན་དལ་སྐྱིད་ཀྱི་འཚོ་བ་ལོ་གཉིས་རོལ་རྗེས། བྱིས་པ་དཀོན་མཆོག་བཟང་པོ་བོད་ལོ་གསུམ་ལ་ལོན་པ་མེ་བྱ1297ལོར། སྐྱེད་མ་འབུམ་སྒྲོན་མཆོག་གཅེས་པའི་བུ་ཆུང་བཞག་ནས་རྒྱང་ལ་ཕེབས།

“དེ་ཡི་བདག་པོ་མི་ནོར་བཅས་པ་ཡང་། ། ཕྱོགས་གཞན་དེངས་ཏེ་ཁྱིམ་སྟོང་གནས་པའི་ཚེ། ། འདི་འདྲའི་ཚུལ་ནི་གཅིག་གམ་གཉིས་མ་ལགས། ། བདག་གཞན་དུ་མའི་རྟེན་ན་འཁོད་པ་འདི། ། སྔར་ཡང་བྱུང་ཞིང་ད་དུང་འབྱུང་འགྱུར་བ། ། མི་རྟག་འདི་ནི་ཆོས་ཀྱི་བསྐུལ་མ་ལགས། །”⑧ཞེས་རྒྱལ་སྲས་ཐུགས་སྲས་ཀུན་སྤངས་ཆོས་རྗེས་ཉམས་མགུར་བཞེངས་པ་ཇི་བཞིན། ཡུམ་གཤེགས་པ་ནས་རྒྱལ་སྲས་ཡབ་སྲས་གཉིས་མཚམས་རེ་མ་གཏོགས་འཁྲུངས་ཁང་ལ་བཞུགས་མེད་པར་ངེས་ཏེ། རྒྱལ་སྲས་པའི་འཁྲུངས་ཁང་དང་འུར་བྲག་དགོན་ཤུལ་གྱི་ཁང་ཆུང་གཉིས་བར་ལ། ཡུལ་མི་ཚོས་དགོན་པ་གོང་མར་འབོད་པའི་བྲག་ལ་བསྙེས་པའི་རྡོ་གཡམ་གྱི་རྩིག་པ་རྫི་སྐྱོར་ལྟ་བུ་ཞིག་འདུག་པ། རྒྱལ་སྲས་མ་འཁྲུངས་གོང་དུ་ཡབ་དཀོན་མཆོག་དཔལ་གྱི་གྲྭ་ཤག་དང་། ཕྱིས་སུ་ཡུམ་འབུམ་སྒྲོན་སྐུ་གཤེགས་རྗེས་ཀྱི་རྒྱལ་སྲས་ཡབ་སྲས་གཉིས་ཀྱི་བཞུགས་གནས་རེད་ཅེས་གསུངས། རྩིག་ཤུལ་ལ་བརྟགས་ན་ཁང་ཆུང་མདོ་སྦུག་གཉིས་ཅན། མདོ་ལ་གཡབ་སྟེང་དང་སྦུག་ལ་གསོལ་ཐབས་འདྲེས་མར་ཡོད་པ་ཞིག་ཏུ་སྣང་། བརྒྱ་ལ་ཡབ་དཀོན་མཆོག་དཔལ་ལུང་པ་དེ་གའི་མི་མ་ཡིན་པ་བདེན་ཚེ། རྒྱལ་སྲས་པའི་ཡབ་ཀྱི་ཨ་མྱེའི་མཆེད་ཡ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཉེ་གནས་ཡིན་ཞེས་ཀྱང་འཁོད་པས། ཁོང་ཕལ་ཆེར་ས་སྐྱའི་ཉེ་འདབས་ཤིག་ཏུ་སྐུ་འཁྲུངས་ཤིང་། ས་སྐྱ་ནས་འུར་བྲག་དགོན་པར་ཕྱག་དཔེའི་དགེ་རྒན་ལྟ་བུར་མངགས་པ་མིན་ནམ་སྙམ། གང་ལྟར་ཡུམ་འབུམ་སྒྲོན་སྐུ་གཤེགས་རྗེས་ཀྱི་ལོ་གཉིས་པ་ས་ཕག1299ལོར། གཞན་ཡུལ་ནས་ཕེབས་པའི་སྐུ་མགྲོན་ཁོང་ཡང་ཕུལ་བྱུང་བྲག་སྐྱའི་པང་དུ་གཤེགས།

《རྣམ་ཐར་ཉོན་མོངས་ནད་སེལ》སོགས་པར་ཡང་རྒྱལ་སྲས་ཐོགས་མེད་བཟང་པོ་ཁོང་བྱིས་དུས།“རྩྭ་ཤིང་སོགས་འཐུར་ཕྱིན་ནའང་། རང་ལ་རྙེད་ཀྱང་གྲོགས་ལ་མ་རྙེད་ན། ཁོང་ཚོར་ཕ་མས་འཐབ་འོང་སྙམ་སྟེ་རང་གི་དེ་ནས་ཀྱང་སྦྱིན། རེས་འཐུ་རོགས་ཀྱང་བྱས། དེའང་བརྟགས་ན་བདག་གི་མ་ལོ་ངོ་གསུམ་ནས་འདས། ཕ་ལོ་ངོ་ལྔ་ནས་འདས། དེ་ནས་ལོ་དགུའི་བར་ལ་ཡུམ་གྱི་ཨ་ཕྱི་ཆོས་ཉིད་འདྲེན་གྱིས་བསྐྱངས་ལ། ཤིན་ཏུ་བྱམས་པོ་བྱས་པས་འཐབ་ཏུ་མི་འོང་སྙམ་པའི་སྙེམས་ཀྱང་ཡིན་པ་འདྲ”⑨ཞེས་བཀོད་པ་ལྟར། ས་ཕག1299ལོ་ནས་བཟུང་ཡུམ་འབུམ་སྒྲོན་གྱི་ཨ་ཕྱིའམ་རྒྱལ་སྲས་པའི་ཡང་ཕྱི། འུར་བྲག་རྙིང་པ་ཚང་གི་རྨོ་མོ་ཆོས་ཉིད་འདྲེན་གྱིས་རང་ཉིད་མ་གཤེགས་བར་དུ་རྒྱལ་སྲས་པ་བྱམས་ཀྱིས་བསྐྱངས། དུས་སྐབས་དེར་རྨོ་མོ་བགྲེས་མོ་དང་བྱིས་པ་ལོ་ལྔ་ཅན་གཉིས་པོས། རང་རྐྱ་ཐུབ་པའི་འཚོ་བ་ཁག་ཁག་ཏུ་རོལ་ཐུབ་རྒྱུ་ནི་ཁག་པོ་ཡིན་སྟབས། དེའི་རིང་ལ་ཡང་ཕྱི་སྐུ་དྲིན་ཅན་དེས་ཡང་ཚ་རྒྱལ་བའི་སྲས་པོ་དེ། ཆུ་འགྲམ་གྱི་འུར་བྲག་རྙིང་པའི་ཁྱིམ་གནས་ཡུལ་རེད་གསུངས་ས་དེ་རང་དུ་གསོས་པར་ངེས་ཤིང་། གསོས་གསོས་མཐར་ཆུ་ཡོས1303ལོར་ཡང་ཕྱི་ཆོས་ཉིད་འདྲེན་ཡང་སྐུ་གཤེགས་པས། དགུང་ལོ་དགུ་ལོན་པའི་ཆགས་ས་བརྟེན་ས་མེད་པའི་བུ་ཆུང་དཀོན་མཆོག་བཟང་པོ། ཕུལ་ཆུང་བྲག་སྐྱ་ནས་སྤྱི་ལེ་ཞེ་ལྔའི་ལམ་ཐག་ཡོད་པའི་བསམ་རླིང་དགོན་པའི་ཁུ་བོ་རིན་ཆེན་བཀྲ་ཤིས་ཀྱི་དྲུང་དུ་ཕེབས།

ཕུལ་ཆུང་ཕུ་ཡི་བྱང་རི་བྲག་སྐྱའི་ལྡེབས་ཀྱི་འུར་བྲག་དགོན་ཤུལ་ན་བརྩིགས་པའི་ཁང་ཆུང་དེ་ལྟེ་བར་བཟུང་ཚེ། དེའི་ནུབ་ཀྱི་གྲོག་པོ་ཆུང་ངུའི་ཕ་རོལ་གྱི་སྒང་སྒང་འགོ་དམར་ལ། རྒྱལ་སྲས་པ་ཉིད་ཤིང་ལུག1295ལོར་སྐུ་བལྟམས་པ་ནས་ཡུམ་མ་གཤེགས་བར་གྱི་བཞུགས་གནས་འཁྲུངས་ཁང་གི་ཤུལ་དང་། ཡང་འཁྲུངས་ཁང་གི་ཤུལ་ནས་ཁང་ཆུང་དེར་ཡོང་སའི་ཚུར་ལམ། ཁང་ཆུང་དེའི་སྟོད་ཙམ་ལ་དགོན་པ་གོང་མ་ཞེས། རྒྱལ་སྲས་པ་ཉིད་མེ་བྱ1297ལོར་ཡུམ་གཤེགས་པ་ནས་ཡབ་དང་ལྷན་བཞུགས་གནང་སའི་རྫི་སྐྱོར་ལྟ་བུའི་རྩིག་ཤུལ་དང་། ཡང་ཁང་ཆུང་དེའི་ཁ་སྤྲོད་ཀྱི་ལྷོ་ངོས་ཆུ་འགྲམ་ན། རྒྱལ་སྲས་པ་ཉིད་ས་ཕག1299ལོར་ཡབ་གཤེགས་པ་ནས་ཡང་ཕྱི་ཆོས་ཉིད་འདྲེན་གྱིས་བྱམས་ཀྱིས་བསྐྱངས་སའི་འུར་བྲག་རྙིང་པའི་གནས་གཞི་ངོས་འཛིན་ཐུབ་ཙམ་གྱི་ས་ཡོད་དེ། དུས་རབས་བཅུ་གསུམ་པའི་མས་མཐའ་དང་བཅུ་བཞི་པའི་ཡས་མཐར། བོད་ཀྱི་བྱིས་པ་དཀོན་མཆོག་བཟང་པོ། འཁྲུངས་ཁང་གི་གྱང་གོག་དང་། དགོན་པ་གོང་མའི་རྩིག་ཤུལ། དུད་ཁྱིམ་འུར་བྲག་རྙིང་པ་ཆགས་ས་བཅས་སྣེ་མོ་གསུམ་གྱི་བར་ན་ལྡིང་སྐོར་བརྒྱབ་མྱོང་ཞིང་། དགུང་ལོ་དགུ་མན་གྱི་བྱིས་པའི་ནམ་ཟླའང་སྣེ་མོ་གསུམ་གྱི་བར་ནས་ས་ལ་རི་མོ་འབྲི་བཞིན་ཕར་ལ་བསྐྱལ།

བོད་ཀྱི་བྱིས་པ་དཀོན་མཆོག་བཟང་པོས་ཕ་ཡུལ་སྤངས་ནས་གཞན་ཡུལ་འགྲིམས་པའི། རྒྱལ་སྲས་ཀྱི་ཕྱག་ལེན་བསྟར་གནང་མཛད་དེ། མི་ལོ721སོང་མཚམས་ལ། ཕྲན་ཆུང་ཕུལ་ཆུང་ཕུའི་དགུང་ལོ་ང་བརྒྱད་ཡིན་པའི་ཇོ་ཇོ་སྟོབས་ལགས་མཉམ་པོར། གྱང་གོག་ལས་མེད་པའི་རྒྱལ་སྲས་ཀྱི་འཁྲུངས་ཁང་དང་། རྩིག་ཤུལ་ལས་མེད་པའི་དགོན་པ་གོང་མ། ས་རྡུལ་ལས་མེད་པའི་འུར་བྲག་རྙིང་པ་བཅས་ཀྱི་སྒོ་ཁར་ལྷགས་ནས། མིང་ལ་རྒྱལ་སྲས་པའི་ཕ་ཡུལ་བསྐོར་བ་ཞེས་བཏགས་པའི་བརྗེད་བྱང་འདིའི་མ་ཟིན་བཏབ། མར་ལམ་ཕུལ་ཆུང་ཕུའི་གྲོང་སྣེ་ཟིན་ཙམ་ན། ཡུལ་དེའི་སྐྱེས་མ་འགའ་ལྷན་དུ་འདུས་ནས། འུར་བྲག་དགོན་ཤུལ་གྱི་ཁང་ཆུང་དེའི་སྒོ་རྩར་འཕྲད་པའི་བག་མ་དེར་བསུ་ཆང་འདེགས་བཞིན་འདུག་ཅིང་། མོ་ཊའི་སྒེའུ་ཁུང་ཕྱེ་བའི་སྲུབས་ནས། བག་གཡོག་གིས་ཇོ་སྟོབས་ལགས་ལའང་བཞེས་ཁྲུང་མཆོད་པར་ཕེབས་དགོས་པའི་བརྡ་སྤྲད། ཁོང་གིས་དོགས་མི་བདེ་བའི་ངང་མོ་ཊ་ལས་བབས་ཤིང་། མོ་ཊའི་རྒྱབ་མཐོང་ཤེལ་སྒོ་གཉིས་ལ་དཀར་དཀར་གྱི་ཁ་བཏགས་བསྐོན་ནས་ཕྲན་དང་ཞལ་གྱེས་ཞུས། ཕུལ་ཆུང་ཕུར་བསྐྱོད་པའི་ལམ་ལ་འཕྲད་པའི་ས་སྣེ་ལམ་རྒྱུས་བྱེད་མཁན་དག་དང་། ལྷག་པར་རྒྱལ་སྲས་དང་ཕ་ཡུལ་གཅིག་པའི་ལམ་མཁན་ཇོ་ཇོ་སྟོབས་ལགས་སོགས་ཀྱང་། གུས་པར་མཚམས་སྦྱོར་གནང་མཁན། མི་ལོ་དུ་མའི་གོང་དུ་ཕུལ་ཆུང་བྲག་སྐྱར་འཁྲུངས་པའི་བུ་ཆུང་དཀོན་མཆོག་བཟང་པོ་ཡིན་པ་དྲན་ཐེངས་རེར། དབྱིབས་དང་ཁ་དོག་མེད་པའི་དུས་ཚོད་ཀྱང་སྔར་བས་ཇེ་མོག་ཏུ་གྱུར། །

ལུང་ཁུངས།

①ས་སྐྱ་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་། ཤིང་པར་མ། 12བ

②③ཉན་པོ་བ་བཙུན་པ་དཔལ་གྱི་རིན་ཆེན། རྒྱལ་སྲས་རིན་པོ་ཆེའི་རྣམ་པར་ཐར་པ་གཞན་ལ་ཕན་པའི་འོད་ཟེར་རམ་རྒྱལ་སྲས་ལག་ལེན་གྱི་དོན་གྱི་འགྲེལ་པ་ལེགས་པར་བཤད་པ་པད་མོའི་ཚལ། དཔེ་ཚུགས་བྲིས་མ། 6བ 4བ

④⑥⑦ ཤཱཀྱའི་དགེ་སློང་གཞོན་ནུ་རྒྱལ་མཚན་དཔལ་བཟང་པོ། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་དད་པའི་གསལ་འདེབས། དཔེ་ཚུགས་བྲིས་མ། 2ན 2ན 2བ

⑤⑨ སྙོམས་ལས་པ་དཔལ་ལྡན་ཡེ་ཤེས། བླ་མའི་རྣམ་པར་ཐར་པ་བདུད་རྩིའི་ཐིགས་པ་ཉོན་མོངས་ནད་སེལ། ཤིང་པར་མ། 2ན 2བ

⑧ རྒྱལ་སྲས་ཐོགས་མེད་བཟང་པོ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་གསུང་འབུམ་པོད་བཞི་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤ275

( གསལ་བཤད། རྩོམ་ཡིག་འདི་བོད་ལྗོངས་སློབ་ཆེན་ཞིབ་འཇུག་སློབ་མའི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་གཞིའི་ཁོངས་གཏོགས་ཡིན། )

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号