«སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»བཀླགས་པའི་སེམས་ཚོར།

དཀར་ལུང་བསོད་ནམས་རྒྱ་མཚོ།

2020ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས«སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»ཅེས་པའི་པོད་ཉི་ཤུའི་བདག་ཉིད་ཅན་གྱི་དཔེ་ཚོགས་འདི་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས་ང་ལ་ཁུ་བྱུག་གིས་གནམ་ཆུ་རེག་པ་ལས་ཀྱང་དགའ་སྤྲོ་གནོན་མི་ཐུབ་པ་སྐྱེས་བྱུང་བས། པོད་རྒན་དེ་ཉིད་དེ་མ་ཐག་ཏུ་བླུས་ཤིང་བཀླགས་པས། གཤམ་དུ«སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»ཀྱི་བཀླགས་ཚོར་ཙམ་བརྗོད་པར་ཤིན་ཏུ་སྤྲོ་སྟེ།

གཅིག་ནི་ཡུལ་དུས་ཀྱི་ཆེ་བ་སྟེ། ད་ལན་དགེ་རྒན་རྣམ་གསུམ་གྱི་དཀའ་ཚེགས་དང་འབད་རྩོལ་ལས་ང་ཚོས་རང་ཁྱིམ་གྲུ་བཞི་མ་བརྒལ་བར་བོད་ཁམས་ཡོངས་ཀྱི་ངག་རིག་མཁས་པའི་ལྗགས་རྩོམ་ལ་མཇལ་རྒྱུའི་སྐལ་པ་སྨིན་པ་ནི་དངོས་གནས་བསོད་ནམས་ཤིག་ཏུ་མཐོང་སྟེ། འདིར་བོད་ཡིག་གི་ལམ་ནས་རྩོམ་བྲིས་པའི་རྒྱ་གར་དང་སོག་པོ་སོགས་ཀྱི་རྩོམ་པ་པོ་ཡང་འདུས་པ་དང་། འདིའི་ཡན་ལ། སྔོན་བྱོན་མཁས་པ་དང་། ད་ལྟའི་ངག་རིག་པ། དུས་རབས་གསར་པའི་རྩོམ་པ་པོ་སོགས་སོ་སོར་དགར་ཏེ་འཆར་འགོད་དང་རྩོམ་སྒྲིག པར་སྐྲུན་སོགས་བྱས་པ་ནི་ཡོད་ཀྱི། དུས་རབས་བདུན་པའི་སློབ་དཔོན་ཐོན་མི་ནས་བཟུང་སྟེ། མཇུག་དུས་རབས་ཉེར་གཅིག་པའི་ཨ་ལགས་བོན་བརྒྱ་ཚང་གིས་བསྡུས་པ་ནི་དཔེ་ཚོགས་འདི་ལས་མེད་པས་མཚོན། ལེགས་བྱས་འདིས་འུ་བུ་ཅག་ལ་ངག་རིག་གི་གསུང་རབ་བསྟན་བཅོས་ཕྱོགས་བསྒྲིགས་འཐུས་ཚང་མེད་པ་ནས་ཡོད་པར་གྱུར་ཏེ་སྟོང་ཆ་ཞིག་བསྐངས་ཡོད་པ་འདི་དྲིན་དུ་ཆེ།

གཉིས་ནི་གྲུབ་མཐའི་ཆེ་བ་སྟེ། དཔེ་ཚོགས་འདིར་བོད་ཀྱི་གྲུབ་མཐའ་ཆེན་པོ་གཉིས་ཏེ། བོན་ཆོས་དང་ནང་བསྟན་གཉིས་དང་། ཡང་ན། ས་དགེ་བཀའ་རྙིང་ཇོ་ནང་ཞི་བྱེད་སོགས་གྲུབ་མཐའ་རིས་མེད་ཀྱི་ངག་རིག་བརྩམས་ཆོས་གྲངས་མང་བ་དང་དོན་ཟབ་པ་གང་མང་ཕྱོགས་གཅིག་ཏུ་བསྡུས་ཏེ་བོད་ཀྱི་གྲུབ་མཐའ་ཡོངས་སུ་ཁེབས་པས། གསུང་རབ་ཀློག་པའི་དུས་མཚུངས་སུ་བོད་ཀྱི་གནའ་དེང་གི་གྲུབ་མཐའ་སོ་སོའི་ངག་རིག་མཁས་པ་རྣམས་ཀྱིས་སོར་མོའི་འདུ་བྱེད་ཀྱི་རྩལ་ལས་བྱུང་བའི་བརྩམས་ཆོས་རྩེ་གྲ་རྣམས་ཉམས་སུ་མྱོང་ཐུབ་པ་བྱུང་བ་འདི་ལེགས་པོར་མཐོང་སྟེ། གྲུབ་མཐའ་མང་ན་ཉུང་ན་འབབ་ས་བོད་ཀྱི་ཤེས་རིག་དང་བོད་ཀྱི་ངག་རིག་ཡིན་པས། དཔེ་ཚོགས་འདི་ཉིད་སྐུ་བལྟམས་པ་ནས་བརྩམས་ཏེ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ངག་རིག་པ་སྤྱི་དང་བྱེ་བྲག་ཏུ་དེ་ལ་སྤྲོ་བས་འཇུག་མཁན་རྣམས་ནི་ཁུ་བྱུག་གིས་གནམ་ཆུ་རེག་པ་ལྟར་མི་འགྱུར་རང་དབང་ཅི།

གསུམ་ནི་བརྗོད་བྱའི་ཆེ་བ་སྟེ། ངག་རིག་གི་རིན་ཐང་ནི་བརྗོད་བྱ་དང་འབྲེལ་བ་དམ་པོ་ཡོད་ཅིང་། དཔེ་ཚོགས་འདིར་ཕུན་ཚོགས་སྡེ་བཞི་སྟེ། དམ་པའི་ལྷ་ཆོས་ཀྱི་དབང་དུ་བྱས་པའི་ཆོས་དང་ཐར་པ་གཉིས་དང་། འཇིག་རྟེན་མི་ཆོས་ཀྱི་དབང་དུ་བྱས་པའི་འདོད་པ་དང་ནོར་གང་ཐད་ནས་རྩོམ་རིག་གི་བརྗོད་བྱ་གྲ་མ་ཆག་གྲུ་མ་ཉམས་པར་ང་ཚོའི་བགོ་སྐལ་དུ་བསྩལ་པའི་གཞིར་བཞག་སྟེང་། དཔེ་ཚོགས་འདིའི་བརྗོད་དོན་འདུ་ཕུད་ཆེ་བ་དང་། དོན་གྱི་གནད་འགྲིལ་པ། གཏིང་ཟབ་པ། རྨང་མཐུག་པ། ཁྱོན་ཡངས་པ། དཔངས་མཐོ་བ། གཞི་གསལ་པ་སོགས་ཀྱིས་ང་ཚོ་གནས་གཅིག་ཏུ་བསྡད་དེ་བོད་ཀྱི་ངག་རིག་པ་རྣམས་དང་ལྷན་དུ་ལབ་གླེང་གི་སྟོན་མོ་བཤམས་ཆོག་པ་ནས་ཅི་དགར་ལོངས་སུ་སྤྱད་ཆོག་པ་ནི་དངོས་གནས་དགའ་འོས་པ་ཞིག་རེད།

བཞི་ནི་ལུས་ཀྱི་ཆེ་བ་སྟེ། དཔེ་ཚོགས་འདིར་ཚིག་གི་ལུས་ཀྱི་དབང་དུ་བཅད་ལྷུག་སྤེལ་མ་མཐའ་དག་ཚང་ཞིང་། དོན་གྱི་ལུས་ཀྱི་དབང་དུ་དྲང་བརྗོད་དང་འཁྱོག་བརྗོད་གཉིས་ཀ་ཡོད་པས་མཚོན། བྱེ་བྲག་ཏུ་བསྟོད་རྩོམ་དང་། གསོལ་འདེབས། སྐྱེས་རབས། རྣམ་ཐར། རྟོགས་བརྗོད། ཞལ་གདམས། བསླབ་བྱ། ལེགས་བཤད། མགུར་མ། ཆབ་ཤོག སྙན་ངག་ཆེན་པོ། སྙན་ངག་ཆུང་ངུ་། སྒྲུང་། གཏམ། ཟློས་གར། བཤད་པ། ཚིག་བཀྲ། བསྔོ་བ་སྨོན་ལམ། ཤིས་བརྗོད་སོགས་བོད་ཀྱི་རྩོམ་ལུས་ཕལ་མོ་ཆེ་འདུ་བ་དང་། ང་ཚོས་དཔེ་ཚོགས་འདི་བརྒྱུད་དེ་བོད་ཀྱི་ངག་རིག་པ་གཅིག་གི་རྩོམ་ལུས་སྣ་ཚོགས་ཅི་འདོད་དུ་བཀླག་ཆོག་པ་དང་། ཡང་ན། རྩོམ་ལུས་སྣ་གཅིག་གི་འབྲི་ཚུལ་གང་མང་ལ་རོལ་མྱོང་དང་། ལད་མོ། དཔེ་ལྟ་བཅས་གང་ལེགས་བྱས་ཏེ་ངག་རིག་གི་མཁའ་དབྱིངས་སུ་རང་དབང་གི་གཤོག་ཟུང་མཁའ་རུ་བརྐྱང་ཆོག

ལྔ་ནི་པོད་གྲངས་ཀྱི་ཆེ་བ་སྟེ། «སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»མ་དཔར་སྔོན། ང་ཚོར་རྒན་བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས་པའི«གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ»དང་། དགེ་རྒན་རིན་ཆེན་རྡོ་རྗེས་བསྒྲིགས་པའི«བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས་མུ་ཏིག་ཕྲེང་བའི་དོ་ཤལ»གཙོས་པའི་དུས་རབས་རིམ་བྱུང་གི་རྩོམ་ཡིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡོད་ཀྱི། པོད་ཉི་ཤུའི་བདག་ཉིད་ཅན་གྱི«སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»ཅེས་པ་པར་སྐྲུན་འགྲེམ་སྤེལ་མཛད་པ་འདི་ནི་སྔོན་ལ་བྱུང་མ་མྱོང་བ་ཞིག་ཅི་ལ་མིན་ཏེ། ཕྱོགས་གང་ཅིའི་ཐད་ནས་འགྲོ་གྲོན་མི་དམན་པ་བཏང་སྟེ་པོད་འདི་འདྲའི་མང་པོ་པར་དུ་སྐྲུན་པ་འདིས་བོད་ཀྱི་ངག་རིག་ལ་སྤྲོ་མཁན་རྣམས་ལ་སྤྱད་ནས་འཛད་མཐའ་མེད་པའི་རིན་པོ་ཆེ་མང་པོ་གནང་ཡོད་པར་འདོད།

དྲུག་ནི་སྒྲིག་སྟངས་ཀྱི་ཆེ་བ་སྟེ། དཔེ་ཚོགས་འདིར་དུས་རབས་རིམ་བྱོན་གྱི་མཁས་པ་ཉིས་བརྒྱ་ལྷག་གིས་ཤུལ་ནོམ་དུ་བཞག་པའི་རྩོམ་རིག་བརྩམས་ཆོས་ལས་ཕུལ་དུ་བྱུང་བའི་ངག་རིག་གི་བརྩམས་ཆོས་ཆིག་སྟོང་སུམ་བརྒྱ་ལྷག་བདམས་ཡོད་པ་དང་། སྔོན་བྱོན་མཁས་པ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་ལས་དུས་ཀྱི་སྔ་གཞུག་གི་གོ་རིམ་ལྟར་བསྒྲིགས་པ་གཞིར་བཞག་སྟེང་། ཀློག་མཁན་གྱིས་ལྟ་བདེ་ཆེད་བརྩམས་ཆོས་ཀྱི་སྔོན་དུ་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་རེ་ཡང་བཀོད་འདུག་པ་དང་། འདིར་ད་སྔ་དཔར་ཟིན་པའི་མཁས་པའི་གསུང་འབུམ་དག་ལས་བདམས་པའི་རྩོམ་ལས་གཞན། ད་དུང་དཔར་དུ་མ་བཀོད་པར་དགོན་པ་དང་། རིག་དངོས་སྡེ་ཁག ལོ་རྒྱུས་ཡིག་ཚང་སྡེ་ཁག སྒེར་གྱིས་ཉར་བའི་ཤིང་དཔར་དང་། ལག་བྲིས་མ་དཔེ་རྒྱུན་དཀོན་པོ། ཕྱི་རྒྱལ་དུ་འཁྱར་བའི་ཡིག་ཚང་དཀོན་པོའི་རིགས་ལ་གཤིབ་བསྡུར་དང་བསལ་གསེས་བྱས་པ་བརྒྱུད་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་དག་ཁོལ་དུ་ཕྱུང་ནས་བསྒྲིགས་ཡོད་པས། བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་དང་སློབ་གཉེར་བྱེད་པ་སོགས་ཀྱི་ཐད་མཐུན་རྐྱེན་གྱ་ནོམ་པ་སྦྱར་ཡོད།

བདུན་ནི་རྩོམ་སྒྲིག་པའི་ཆེ་བ་སྟེ། བྱ་བ་ཞིག་བསྒྲུབས་ནས་འཁྱོངས་དགོས་ན་བྱ་བ་དེ་སྒྲུབ་མཁན་གྱི་གང་ཟག་དེ་ཉིད་བྱ་བ་དེ་ལ་རྒྱུས་མངའ་བ་དང་སེམས་སྤྲོ་བ་ཞིག་ཡིན་དགོས་པ་ནང་བཞིན། དཔེ་ཚོགས་འདི་སྒྲིག་མཁན་གྱི་མི་སྣ་གསུམ་ལས་རིན་ཆེན་རྡོ་རྗེ་དང་རིན་ཆེན་བཀྲ་ཤིས་རྣམ་པ་གཉིས་ནི་སོ་སོ་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན་པ་དང་། རྒན་བསོད་ལོ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཞུས་ཆེན་པ་ཡིན་པས། རྩོམ་སྒྲིག་པའི་དཔུང་སྟོབས་དང་སྤུས་ཚད་ལ་ང་ཚོས་ཡིད་ཆེས་བྱས་ཆོག་ཆོག་ཡིན་པ་དང་། རྩོམ་སྒྲིག་པ་བཟང་ན་ཁོང་ཚོས་བསྒྲིགས་པའི་དཔེ་ཚོགས་ཀྱི་སྤུས་ཚད་དང་རིན་ཐང་ལ་ཡང་ཐེ་ཚོམ་ཟ་མི་དགོས་ཁོ་ཐག་རེད་ལ། སྒོས་སུ་དཔེ་ཚོགས་འདི་ནི་ཁོང་ཚོས་ལོ་ངོ་དགུའི་རིང་གི་དཀའ་སྤྱད་འབད་བརྩོན་བརྒྱུད་དེ་འདེམ་སྒྲིག་བྱས་པ་ཡིན་པས་རིན་ཐང་གཞལ་དུ་མེད།

ད་རེས་དཔེ་ཚོགས་འདི་སྡུད་སྒྲིག་པར་སྐྲུན་བྱས་པ་ལས། སྔོན་ཆད་ཀློག་མཁན་གྱི་མཐོང་ལམ་དུ་མ་གྱུར་པའི་སྔོན་བྱོན་མཁས་པའི་ངག་རིག་གི་བརྩམས་ཆོས་མང་པོ་གསར་དུ་ཐོན་པས། བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་ལ་ངོས་འཛིན་གསར་པ་འབྱུང་སྲིད་པ་དང་། རིག་གཞུང་ཞིབ་འཇུག་དང་སློབ་ཁྲིད་སོགས་ཀྱི་བྱ་བའི་ཐད་སྟབས་བདེ་གང་ལེགས་བསྐྲུན་ཡོད་པས་རིན་ཐང་བྲལ་བའི་དཔྱད་གཞིའི་རྒྱུ་ཆ་ཞིག་ཏུ་གྱུར་ཡོད།

བརྒྱད་ནི་གདེང་འཇོག་གི་ཆེ་བ་སྟེ། དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་གྱི་ཚོགས་ཞུགས་ཆེད་མཁས་པ་དག་གིས་དཔེ་ཚོགས་འདིའི་རིན་ཐང་གི་ཆ་ལ་ཚད་མཐོའི་གདེང་འཇོག་གནང་བ་སྟེ། «སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»འདིར་བདམས་པའི་རྩོམ་ཡིག་དག་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་མིང་དུ་གྲགས་པའི་མཁས་པ་དང་རྩོམ་པ་པོ་དག་གི་བརྩམས་ཆོས་ཁོ་ན་ཡིན་པས། དུས་རབས་ཀྱི་ཁྱད་ཆོས་དང་རྩོམ་རིག་གི་རང་བཞིན་མངོན་པར་གསལ་བ་དང་། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་མི་འདྲ་བ་དང་རྩོམ་ལུས་མི་འདྲ་བ། རྩོམ་གཤིས་མི་འདྲ་བ་ཕལ་མོ་ཆེ་འདུ་བས། བརྗོད་བྱ་རྒྱ་ཆེ་ཞིང་འདུ་ཕུད་ཆེ་བའི་ཁྱད་ཆོས་དང་ལྡན་པ་བཅས། བོད་ཀྱི་དུས་རབས་རིམ་བྱོན་གྱི་རྩོམ་རིག་གི་འཕེལ་རྒྱས་དང་རྩོམ་གཤིས་ཀྱི་འགྱུར་བ་སོགས་ཇི་བཞིན་དུ་མངོན་ཡོད་པས། མིག་སྔར་མ་ལག་ཆ་ཚང་བའི་སྔོན་བྱོན་མཁས་པའི་ངག་རིག་བརྩམས་ཆོས་གྲགས་ཅན་གྱི་དཔེ་ཚོགས་ཤིག་རེད།

དེ་མིན«སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད»འདི་རྩོམ་ལུས་ཀྱི་ཁྱབ་རྒྱ་དང་བདམས་པའི་བརྩམས་ཆོས་གང་ལ་བལྟས་ཀྱང་། མིང་དོན་མཚུངས་པའི་བོད་ཀྱི་དུས་རབས་རིམ་བྱོན་གྱི་རྩོམ་ཡིག་གཅེས་བསྡུས་ཤིག་ཏུ་གྲུབ་ཡོད་པས། མེད་པ་གསར་སྐྲུན་དང་ཆད་པ་ཁ་གསབ་ཀྱི་དོན་སྙིང་ལྡན་པ་ཡིན། ལྷག་པར་མིག་སྔར་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་གི་གནའ་རབས་རྩོམ་རིག་སློབ་དེབ་ཁྲོད་བདམས་མེད་པའི་དཔེ་ཚོགས་འདིའི་ཁྲོད་ཀྱི་མཁས་པ་མང་པོ་ཞིག་གི་བརྩམས་ཆོས་དག་ལ་མཚོན་ན། ཡིག་ཚང་གི་རིན་ཐང་དང་བཀོལ་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན་པས། བོད་ཀྱི་གནའ་རབས་རྩོམ་རིག་གི་སློབ་དེབ་སྒྲིག་རྩོམ་དང་སློབ་ཁྲིད་ཀྱི་བྱ་བ་འཐུས་ཚང་དུ་གཏོང་བ། བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་སྒྲིག་རྩོམ་དང་ཞིབ་འཇུག་བྱེད་པ་སོགས་མཐོ་རིམ་སློབ་གྲྭའི་བསླབ་ཚན་འཛུགས་སྐྲུན་གྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་ཡིན་ཏེ། མདོར་ན། དཔེ་ཚོགས་འདི་ནི་བོད་ཀྱི་དུས་སྐབས་སོ་སོའི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་འཚོ་བ། ངག་རིག་སྒྱུ་རྩལ། གོམས་སྲོལ་རིག་གནས་སོགས་ལ་བལྟ་བའི་མེ་ལོང་ཞིག་རེད་ཅེས་བརྗོད་ཆོག་གསུངས་པ་དོན་ལ་གནས་སོ་ཞེས་དཔེ་ཚོགས་འདི་འདྲ་པར་སྐྲུན་འགྲེམ་སྤེལ་བྱེད་མཁན་གྱི་འབྲེལ་ཡོད་ཀུན་ལ་ཐལ་མོ་སྙིང་ཁར་སྦྱར་ནས་སྐུ་དྲིན་བཀའ་དྲིན་ཞུའོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号