སྣོད་བཅུད་ཀྱི་ཟིལ་ཤུགས།

གསང་བདག་ཐར།

སྐྱེ་འགྲོ་ཀུན་ནི་རང་བྱུང་ཁམས་ཀྱི་པང་དུ་སྐྱེས་ཤིང་དེ་ལ་བརྟེན་ནས་འཚར་ལོངས་འབྱུང་བཞིན་ཡོད་པ་ནི་སྨོས་མ་དགོས་སོ། །མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ནི་སྡོང་བོའི་ཡལ་ག་དང་ལོ་མའི་རྟེན་འབྱུང་ལྟར་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཆགས་ཡོད་སྟབས་ང་ཚོས་སྐྱེ་ཁམས་དོ་མཉམ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་མ་བསྐུལ་དང་ལེན་གྱིས་འབད་འབུངས་བྱ་དགོས། གལ་སྲིད་སྣོད་བཅུད་གཙང་མ་ཞིག་གི་ཟིལ་ཤུགས་མེད་ཚེ་ལུས་སེམས་བདེ་ཐང་གི་ཕུང་བོ་འདི་ཡང་རྨེག་མེད་དུ་འགྲོ་ཉེན་ཡོད་ཕྱིར་ང་ཚོས་རང་བྱུང་ཁམས་ལ་བདག་སྐྱོང་རང་བྱུང་ཁམས་ཀྱི་ཡོད་དོ་ཅོག་ལ་གཅེས་འཛིན་བྱ་རྒྱུ་ནི་དེ་བས་ཀྱང་སྨོས་མ་དགོས་པ་ཞིག་རེད།

རང་བྱུང་ཁམས་ཆེན་མོའི་ཡིད་འོང་གི་བཞིན་རས་དང་དྭངས་གཙང་གི་མཁའ་དབུགས་ཀྱིས་མིའི་རིགས་ཀྱི་འདས་མ་ད་གསུམ་ལ་སྔ་ན་མེད་པའི་བདེ་སྐྱིད་ཀྱི་ལོ་རྒྱུས་གསར་བ་ཞིག་འབྲི་མུས་ཡོད་ལ། ཁམས་ཆེན་མོ་འདིའི་སྟེང་དུ་འགྲོ་བ་མིའི་རིགས་ཀྱིས་ཞབས་རྗེས་བཀོད་པ་ནས་བཟུང་མི་རབས་ནས་མི་རབས་བར་སྣོད་བཅུད་གཙང་མའི་མཛེས་སྡུག་གི་དྲི་བསུང་ཕྱོགས་སུ་ཁྱབ་པར་བྱ་དགོས། ཡིན་ན་ཡང་། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་དཔལ་འབྱོར་གྱི་ཁེ་ཕན་འབའ་ཞིག་གི་སླད་དུ་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་ཁམས་འདི་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་མི་ཉུང་བ་ཞིག་ཐེབས་ཀྱིན་ཡོད་པ་སྟེ། སྔོ་ལྗང་གི་རྩྭ་ཐང་ཞིང་སར་བསྒྱུར་བ་དང་མཐའ་ཡས་པའི་སྤང་ལྗོངས་བྱེ་ཐང་དུ་འགྱུར་བཞིན་པའི་སྣང་ཚུལ་འདི་ཡང་མིའི་རིགས་ཀྱི་ཁེ་ཕན་ཁོ་ནའི་ཕྱིར་དུ་ཡིན་སྲིད་ཀྱང་གནས་སྐབས་ཀྱི་ཁེ་ཕན་ཆུང་ཆུང་འདིས་ང་ཚོ་ལ་བསྐལ་བ་ནས་བསྐལ་བའི་བར་དུ་བཟོད་བསྲན་མི་ཚུགས་པའི་གྱོང་གུད་ཆེན་པོ་ཞིག་ཐེབས་བཞིན་ཡོད་པ་རེད། འོན་ཀྱང་། མི་ཉུང་ཤས་ཤིག་གིས་སྔར་བཞིན་སྣོད་བཅུད་ཆགས་འཇིག་གི་ལས་ཁོ་ནར་འབད་ཀྱིན་ཡོད་པ་འདིས་ང་ཚོ་དང་ང་ཚོའི་མི་རབས་རྗེས་མ་དག་གི་འཚོ་བའི་གཞི་རྩ་འགག་པར་བྱེད་པའི་རྒྱུ་ཁོ་ན་ལས་མ་འདས། ང་ཚོས་རང་ཁྱིམ་ལྟ་བུའི་ཁོར་ཡུག་འདི་ལ་བདག་སྐྱོང་དང་སྲུང་སྐྱོབ་མ་བྱས་ཚེ་སྐྱི་གཡའ་བའི་ཉི་མ་དམར་བོ་ཞིག་མི་འགྱངས་པར་ང་ཚོའི་མགོ་ཐོག་ཏུ་འཆར་སྲིད་པ་རེད།

དུས་རབས་ཉེར་གཅིག་གི་ཚ་རླབས་འཕྱུར་བཞིན་པའི་དུས་སྐབས་འདིར་ང་ཚོས་འདས་ཟིན་པའི་འཚོ་གནས་ལ་བསམ་གཞིགས་གཏོང་བཞིན་མ་འོངས་པའི་གནས་བབ་ལ་རྣམ་པ་གསར་བ་ཞིག་གི་དགེ་མཚན་སྐྲུན་པའི་ཐད་ལ་གཞན་དྲིང་མི་འཇོག་པའི་སྟ་གོན་གང་ལེགས་བྱེད་དགོས་པ་རེད། ང་ཚོས་རང་ཉིད་དང་མི་གཞན་པའི་བདེ་འཇགས་ཀྱི་དོན་དུ་སྐྱེ་ཁམས་དོ་མཉམ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འོས་འགན་འདི་མ་བསྐུལ་དང་ལེན་བྱེད་དགོས་པ་སྨོས་ཅི་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་གནས་སྐབས་ཀྱི་བྱ་བ་ཞིག་མ་ཡིན་པར་ང་ཚོས་དུས་རྒྱུན་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་དོན་དངོས་ལག་བསྟར་བྱེད་དགོས། ང་ཚོ་ཚང་མས་འགྲོག་བདེ་གཤིབ་བདེ་དང་དཔུང་བ་མཉམ་གཤིབ་ཀྱིས་ཧུར་ཐག་གིས་འབད་བརྩོན་བྱས་ཏེ་ཐུན་མོང་གི་འཚོ་གནས་ཀྱི་གཞིས་ཁྱིམ་སྟེ་སའི་གོ་ལ་སྲུང་སྐྱོབ་བྱེད་དགོས། ཆུ་དང་གློག་གི་ཐོན་ཁུངས་ལ་གྲོན་ཆུང་སྒོས་ཁོར་ཡུག་དང་མཁའ་དབུགས་འབག་བཙོག་གཏོང་ཚད་ཉུང་བར་བྱ་དགོས། ཆུ་དང་གློག་ནི་ང་ཚོའི་སློབ་མ་རྣམས་ལ་ཆ་མཚོན་ནས་བཤད་ན་ཉིན་རྒྱུན་འབྲལ་ཐབས་མེད་པ་ཞིག་དང་འཚོ་བའི་འཕེལ་རིམ་ལ་རྨང་གཞི་བརྟན་པོ་ཞིག་འདིང་བར་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྲུབ་པས་ང་ཚོས་ཆུ་དང་གློག་ལ་གྲོན་ཆུང་བྱེད་དགོས།

དེ་ལས་ཀྱང་སྐྱེ་དངོས་ཀུན་གྱི་ཚེ་སྲོག་གི་ཐོན་ཁུངས་གཙོ་བོ་སྟེ་ཆུ་ལ་གྲོན་ཆུང་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན། ཆུ་འདི་མེད་ན་མིའི་རིགས་འཚོ་གནས་བྱེད་ཐབས་མེད་ལ་མིའི་རིགས་ཀྱི་འཕེལ་རིམ་ཡང་དྭངས་ཤིང་གཙང་བའི་ཡོན་ཆབ་དང་འབྲེལ་བ་དམ་དུ་ཡོད་པ་རེད། ཆུ་ནི་ང་ཚོའི་རྟག་བརྟན་འགྱུར་མེད་ཀྱི་གྲོགས་པོ་ཞིག་དང་ཆུ་ནི་རང་བྱུང་ཁམས་ཀྱི་ཟུངས་ཁྲག་དྲོན་མོ་ཞིག་ཏུ་གྱུར་སྟབས། ང་ཚོས་ཆུ་ལ་གྲོན་ཆུང་བྱེད་པ་ནང་བཞིན་དུ་རང་བྱུང་ཁམས་ལ་གཅེས་སྐྱོང་གང་ལེགས་བྱེད་ནུས་ཚེ་མིའི་རིགས་དང་སྐྱེ་དངོས་ལ་དགེ་མཚན་ལྡན་པའི་གསོན་ཤུགས་ཀྱི་འཕར་རྩ་ལྡང་དུ་བཅུག་པ་རེད། མི་རབས་ནས་མི་རབས། ཕ་རིང་ནས་བུ་རིང་ལ། རང་བྱུང་ཁམས་ཆེན་མོ་འདི་ལ་མ་ཡུམ་ལྟ་བུའི་བརྩེ་བ་ཞིག་ཡོད་དགོས་ལ་བརྩེ་བ་འདིས་གནམ་འོག་ལ་སྔ་མེད་པའི་ལྗང་མདོག་གི་ལོ་རྒྱུས་གསར་བ་ཞིག་ཀྱང་འབྲི་ནུས། ང་ཚོ་འཚོ་གནས་བྱེད་དགོས་ན་རང་བྱུང་ཁམས་ལ་བརྟེན་དགོས་ལ་རང་བྱུང་ཁམས་འདིའི་ཆགས་འཇིག་གི་ཉེན་ཁ་ལས་ཐར་བར་བྱ་དགོས་ན་ང་ཚོའི་འབད་བརྩོན་ལ་བརྟེན་དགོས། མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་འདོད་ན་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། སྐྱེ་ཁམས་དོ་མཉམ་འབྱུང་བར་བྱ་འདོད་ན་རང་བྱུང་ཁམས་ལ་བདག་སྐྱོང་བྱ་དགོས། དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་དམིགས་ནས་རང་བྱུང་ཁམས་འདིར་གཏོར་བརླག་བྱེད་པ་ནི་དོན་གྱིས་མིའི་རིགས་ཀྱི་མ་འོངས་པའི་འཚོ་གནས་ལ་སེམས་ཁུར་མ་བྱས་པའི་དན་རྟགས་ངན་པ་ཞིག་ཏུ་གྱུར་སྟབས། དན་རྟགས་ངན་པ་འདིས་བསྐྱེད་པའི་སྒེར་ཚུགས་རང་བཞིན་གྱི་བསམ་བློ་ངན་པ་ཁྱོན་ཡོངས་ནས་བཅོས་བསྒྱུར་བྱ་དགོས་པ་རེད། འདི་ནི་ཐུན་མོང་གི་དགོས་དབང་ལ་བརྩི་འཇོག་དང་མཐོང་ཆེན་བྱས་པའི་བསམ་པའི་འདུ་ཤེས་ལེགས་པོ་ཞིག་ཏུ་གྱུར་ཕྱིར་ང་ཚོས་འདུ་ཤེས་བཟང་བོ་འདི་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱ་དགོས་པ་རེད།

རི་མཐོ་ས་གཙང་། ཆུ་དྭངས་སྤང་མཛེས། སྣོད་བཅུད་ལ་གཡང་འཁྱིལ་ཞིང་སེམས་ཅན་ལ་སྤྲོ་བ་འཕེལ་བའི་ལོ་ཟླའི་བཞུར་རྒྱུན་རིང་མོས་ང་ཚོ་ལ་སྟེས་དབང་གི་དགེ་མཚན་མང་པོ་མང་པོ་ཞིག་སྐྲུན་བཞིན་ཡོད་པ་འདི་ལས་ཀྱང་ང་ཚོ་རང་བྱུང་ཁམས་ལ་བརྟེན་ནས་འཚོ་བཞེས་བྱེད་དགོས་པ་ཅིས་ཀྱང་རྟོགས་སྲིད་པ་རེད། ད་ནི་ང་ཚོ་ཀུན་གྱིས་ཡུན་རིང་ལ་རེ་ཞིང་སྒུག་པའི་དབྱར་ཟླ་དྲུག་པ་སླེབས་བྱུང་། རི་མཐོན་པོས་སྨུག་སྤྲིན་གྱི་ན་བཟའ་བཀླུབས་ཤིང་ཆུ་གཙང་མོས་དྭངས་གཙང་གི་ཡེར་མོ་བསྣམས་པའི་དུས་འདིར། ཕྱོགས་ཡུལ་ཀུན་ལ་མངོན་པར་གསལ་བ་ནི་ལྗང་མདོག་གི་གསོན་ཤུགས་རྒྱས་པའི་རྩི་ཤིང་ཡིན་ལ། ཁོ་ར་ཁོར་ཡུག་ཏུ་མིའི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད་པ་ཡང་མཛེས་སྡུག་གི་འདབ་ལག་རྒྱས་པའི་ཡིད་འོང་མེ་ཏོག་གི་ཚོགས་རེད། ཁྲ་ཆིལ་ལེར་བཞད་པ་སྐྱིད་སྣང་དང་སྔོ་ལྡེམ་མེར་ཆགས་པ་བསོད་ནམས་དུ་སྙམ་ནས་འཛད་མཐའ་མེད་པའི་ལོངས་སྤྱོད་འདི་དག་ནི་རང་བྱུང་ཁམས་ཀྱིས་ང་ཚོར་གནང་བའི་སོས་དལ་བག་ཕབ་ཀྱི་བགོ་སྐལ་ཅི་ལ་མིན། ང་ཚོས་གོ་སྐབས་འདི་དང་བསྟུན་ནས་གཅེས་སེམས་ཀྱི་ལག་རྡང་སྦྲེལ་ཏེ་རི་སྐྱེས་སྲོག་ཆགས་ལ་མེད་དུ་མི་རུང་བའི་འདོད་འཇོ་གཡང་གི་ར་བ་འདིར་དབྱར་དགུན་སྟོན་དཔྱིད་ཀྱི་ཆ་བྱད་འབུར་དུ་ཐོན་པའི་སྣང་བརྙན་རྗེན་པར་སྟོན་པ་ལ་ནུས་པ་གང་ཡོད་འདོན་དགོས་པ་རེད། རེད་ཡ། སྣོད་བཅུད་ཀྱི་འཕྲིན་ལས་དར་ཞིང་རྒྱས་ཚེ་སྐྱེ་ཁམས་འདིའི་དགེ་མཚན་སྔར་ལས་མཐོ་ལ་རང་བྱུང་གི་གཟི་བྱིན་བརྗིད་ཅིང་ཆགས་ཚེ་སྐྱེ་འཕེལ་གྱི་དབྱངས་རྟ་ཕྱོགས་སུ་རྒྱས་པར་བྱེད་པ་ང་ཚོས་ཅིས་ཀྱང་རྟོགས་དགོས་པའོ། །

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ངའི་མིང་ལ་གསང་བདག་ཐར་དུ་འབོད་ཅིང་། ད་ལྟ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་དུ་དམའ་གཉིས་འཛིན་གྲྭ་དགུ་བའི་འཛིན་གཙོའི་འགན་ཁུར་ཞོར་དུ་རང་གི་མ་འོངས་པའི་ཕུགས་བསམ་མངོན་འགྱུར་བྱེད་པར་སློབ་སྦྱོང་ལ་འབད་པ་ཆེར་བསྐྱེད་བྱེད་བཞིན་མཆིས། ངའི་དགའ་ཕྱོགས་ནི་རྩོམ་ཡིག་འབྲི་རྒྱུ་དང་དཔེ་ཀློག་བྱ་རྒྱུ་དེའོ། །

མཛུབ་སྟོན་དགེ་རྒན། དོན་འགྲུབ་ཚེ་བརྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号