ལེགས་པོ་རོང་དུ་སྐྱོད་པའི་རེག་ཟིག

གུ་རུ་སྐྱབས།

ངོ་མཚར་དཔལ་གྱིས་ཕྱུག་པའི་སྦས་ཡུལ་ལེགས་པོ་རོང་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་སྣེ་དང་། མཚོ་སྣ་གྲོང་ཁྱེར་ཁོངས་ཀྱི་སྤོས་ལ་ལ་མོའི་ལྷོ་འདབས། ཉ་བཤང་ཆུ་བོའི་དབུས་སྨད་རྒྱུད་ཀྱི་གྲང་ལྷགས་ཆེ་བའི་འཛམ་གླིང་ཡང་རྩེ་དང་ཚ་བཤེར་ཆེ་བའི་རྒྱ་གར་རྒྱ་མཚོའི་ས་ཁུལ་གྱི་འབྲེལ་མཚམས་སུ་གནས་ཤིང་། མི་རྣམས་ཀྱིས་མེ་ཏོག་ཆུང་བ་ཞེས་ཀྱང་འབོད་ཀྱི་ཡོད། ལེགས་པོ་ཞེས་པ་ནི་ས་ཆ་ལེགས་པོ་ཡོད་ཅེས་པའི་དོན་ཡིན་ཞིང་། ཡུལ་འདིའི་ནུབ་ཕྱོགས་སུ་འབྲུག་ཡུལ་དང་། ལྷོ་ཕྱོགས་ནི་མོན་ཡུལ་གྱི་ལྟེ་བའི་ས་ཁུལ་རྟ་དབང་བཅས་ཡིན། རོང་རྒྱུད་ཀྱི་ཕྱོགས་མཚམས་ཀུན་ཏུ་རི་བོའི་ཚོགས་ཀྱིས་ཡོངས་སུ་སྐོར་བ་ལ་བྲག་རི་གཡང་གཟར་གྱི་རྩེ་མོ་སྤྲིན་གྱི་ལྟོ་བར་ཟུག་པ། རི་རྒྱུད་མཐའ་དག་གདོད་མའི་ནགས་ཚལ་གྱིས་ཁེབས་པ། མེ་ཏོག་སྣ་མང་གི་ཚོན་མདངས་མཛེས་ལ་དྲི་བསུང་ཕྱོགས་སུ་འཐུལ་བར་བྱེད་པ་བཅས་རང་བྱུང་གི་རྩྭ་རྩི་ཤིང་སོགས་ཕུན་སུམ་ཚོགས་པ། བྲག་རིའི་ཐུར་དུ་དར་དཀར་འཕྱང་འདྲའི་རྦབ་ཆུ་མང་བ། རི་གསེབ་དག་ཏུ་རི་དྭགས་དང་གཅན་གཟན་སྣ་ཚོགས་བག་ཡངས་ཀྱིས་རྒྱུ་ཞིང་ལྗོན་པའི་ཡལ་གའི་རྩེ་རུ་བྱ་རིགས་སྣ་ཚོགས་ཀྱིས་སྙན་པའི་སྒྲ་སྒྲོག་པར་བྱེད་པ། རྩྭ་གསེབ་རྣམས་སུ་སྲིན་འབུ་མེ་ཁྱེར་སོགས་འབུ་སྲིན་གྱི་རིགས་ཅན་ཤིན་ཏུ་མང་བ། དུས་ཚིགས་ཀྱི་དབྱེ་བ་དེ་ཙམ་མེད་པར་དུས་བཞིར་ཁོར་མོ་ཡུག་ཏུ་དབྱར་ཀ་དང་འདྲ་བར་གནམ་གཤིས་ཚ་གྲང་སྙོམ་ལ་ཆར་ཆུ་འབེལ་བ་བཅས་མིའི་རིགས་འཚོ་སྡོད་བྱེད་པར་ཆ་རྐྱེན་ཕུན་སུམ་ཚོགས་ཤིང་། རང་བྱུང་གི་ས་བབ་དམའ་བ་རྒྱ་མཚོའི་ངོས་ལས་སྨི༢༢༠༠ལྷག་ཙམ་ལ་སླེབས་པ།  རི་ཆུ་ཀླུང་གསུམ་གྱི་བཀོད་པ་མཛེས་པའི་གངས་ལྗོངས་ས་མཐོའི་ཡུལ་གྱི་ངོ་མཚར་ལྡན་པའི་གནས་མཆོག་ཅིག་ཡིན་པས་མི་རྣམས་ཀྱིས་བསྟོད་པའི་བསྔགས་པ་འཐེན་ཅིང་མཛུབ་མོའི་མཐེ་བོང་ཡང་ཡང་བསྒྲེངས་བར་བྱེད་ལ། མིང་གི་གྲགས་པ་ཕྱོགས་སུ་ཁྱབ་པའི་གནས་ཁྱད་པར་བ་ཞིག་དང་ཕྱོགས་བཞིའི་སྐྱེ་བོ་མ་བོས་མགྲོན་དུ་ཕེབས་སའི་གྲགས་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཀྱང་ཡིན།

མོན་ཡུལ་ནི་སྔར་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་བོད་ཁོངས་བསྙོན་མེད་ཡིན་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཤར་ཀོང་ཡུལ་བྲེས་སྣ། ལྷོ་ཤ་འུག་སྟག་སྒོ། ནུབ་ཁ་རག་གངས་རྩེ། བྱང་རྨ་ལ་ལ་རྒྱུད། དབུས་ཚད་ཡར་ལུང་ཁྲ་འབྲུག་ལ་བྱས་པ་གཡོ་རུ། ཞེས་འཁོད་པ་ལྟར་ལྷོ་ཤ་འུག་སྟག་སྒོ་ནི་མོན་ཡུལ་གྱི་ཁོངས་སུ་གནས་ཡོད་པ་དང་། རྒྱ་བཟའ་ཀོང་ཇོས་བོད་ཀྱི་ས་བཀྲ་རྩིས་སྐབས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གི་ཡ་གྱལ་མོན་ཡུལ་གྱི་ས་གནས་སུ་རུ་གནོན་གཙུག་ལག་ཁང་བརྩིགས་ཤིང་། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་ཕན་ལ་མོན་ཤ་འུག་སྟག་སྒོ་ལྷ་ཁང་དེར་ལོ་ལྟར་བོད་ས་གནས་སྲིད་གཞུང་ནས་མཐའ་འདུལ་ཡང་འདུལ་ལྷ་ཁང་སྤྱི་དང་འདྲ་བའི་མཆོད་སྤྱིན་སྤྲོད་མུས་སོགས་ཀྱི་ཡུན་རིང་གི་ལོ་རྒྱུས་ཡོད། རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་སྤྱི་ལོ༡༦༨༠ལོར་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་དང་། མཚོ་སྣ་ལྡིང་ནམ་མཁའ་འབྲུག་གྲགས་གཉིས་མོན་ཡུལ་དུ་གཏོང་གནང་གིས་རྟ་དབང་དགའ་ལྡན་རྣམ་རྒྱལ་གླིང་དགོན་བཏབ་ནས། མཐའ་མཚམས་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་སྒྲུབ་པ་བཅས་ཡུན་རིང་གི་ལོ་རྒྱུས་ཁྲོད་རང་རྒྱལ་གྱི་ས་ཁོངས་བསྙོན་མེད་ཡིན། བོད་ས་གནས་སྲིད་གཞུང་གི་སྐབས་སུ་མཚོ་སྣ་རྫོང་ཁོངས་ཀྱི་མོན་ཡུལ་དུ་ལྡིང་ཚོ་སོ་གཉིས་ཡོད་པ་སྟེ། ལེགས་པོ་ཚོ་བཞི། སྤང་ཆེན་ལྡིང་དྲུག དྭགས་པོ་ཚོ་བརྒྱད། ལ་འོག་ཡུལ་གསུམ། སྦྲང་ནང་ཚོ་དྲུག རོང་ནང་ཚོ་བཞི། ཤ་འུག་ཧྲོ་བྱང་དྭགས་བཅས་ཚོ་ལྡིང་སུམ་ཅུ་སོ་གཉིས་ཡོད་ཅིང་། ད་ལྟའི་ཆར་ལེགས་པོ་རོང་དུ་སྐྱིད་པ་ཤང་། ཀོང་རི་ཤང་། མག་མག་ཤང་། སླད་ཤང་བཅས་མོན་པ་མི་རིགས་ལ་ཤང་བཞི་ཡོད། ཉ་བཤང་ཆུའི་སྨད་རྒྱུད་ཀྱི་མོན་ཡུལ་གྱི་ལྟེ་བའི་ས་གནས་རྟ་དབང་ནི་དེང་གི་ཆར་རྒྱ་གར་གྱིས་བཙན་བཟུང་བྱས་ནས་བསྡད་ཡོད།

དེ་ཡང་གནས་འདིར་བགྲོད་པར་སྤོས་ལ་ལ་རྩེ་ནས་རླངས་འཁོར་བཏང་སྟེ་ལུང་ཤུར་གྱི་ཁུག་ལམ་བརྒྱུད་དེ་སྤྱི་ལེ་བཅུ་གྲངས་ཙམ་སོང་རྗེས་ལེགས་པོ་རོང་གི་མཛེས་ལྗོངས་ཁུལ་གྱི་སྒོ་འགྲམ་དུ་སླེབས་ཀྱི་ཡོད་པས། གནས་འདི་ནས་ལེགས་པོ་རོང་གི་རང་བྱུང་ལྷུན་གྱིས་གྲུབ་པའི་མཛེས་སྡུག་གི་བཀོད་པ་དག་འདྲེན་བྱེད་ཀྱི་ཡུལ་དུ་ཐོག་མར་བཤམ་འགོ་ཚུགས་ཀྱི་ཡོད་དེ། རྒྱུ་མ་གནམ་ལ་བཏེགས་འདྲའི་རི་བོའི་ཁུག་ལམ་དུ་བསྐྱོད་སྐབས་འདྲེན་བྱེད་ཀྱི་ལམ་དུ་ཚོན་མདོག་རྣམ་པར་བཀྲ་བའི་རི་སྐྱེས་མེ་ཏོག་དང་། གཡང་གཟར་གྱི་བྲག་རི་དང་དེའི་ངོས་ལས་ལྷུང་བའི་རྦབ་ཆུ། རྩེད་མོར་གཡེང་བའི་སྤྲེའུ། གཤོག་རྩལ་ལ་བྱང་པའི་བྱ་རིགས་སོགས་སྐབས་དང་སྐབས་སུ་མཐོང་བར་བྱེད་ཅིང་། རོང་མཐིལ་དུ་སླེབས་སྐབས་རྒྱུགས་ཆུ་གཙོ་བོ་ཉ་བཤང་ཆུ་བོར་ས་མཐོའི་གངས་ཆུའམ་གཏེར་ཆུ་དག་འདྲེས་ནས་དྭངས་གཙང་གི་རང་བཞིན་ལྷག་པར་གསལ་ལ། ཆུ་བོ་འདིའི་བརླན་བཤེར་ལས་ཚེ་སྲོག་གྲངས་ལས་འདས་པར་རྣམ་ཤེས་ཀྱི་བླ་སྲོག་བསྒར་བ་མ་ཟད། དྭངས་གཙང་གི་ཆབ་རྒྱུན་ལས་མོན་ཡུལ་གྱི་སྐྱེ་འགྲོ་དག་མི་རབས་ནས་མི་རབས་བར་བསྐྱེད་བསྲིངས་དང་སྲུང་སྐྱོབ་བྱས་ཡོད། སྐབས་དང་སྐབས་སུ་མཐོང་བར་བྱེད་པའི་དར་དཀར་བརྐྱངས་པ་ལྟར་གྱི་རྦབ་ཆུ་དག་གཡང་གཟར་བྲག་རིའི་ངོས་ནས་ས་ལ་ལྷུང་བའི་ཆུ་ཡི་ཟེགས་མ་ཕྱོགས་དང་ཕྱོགས་སུ་འཐོར་བའི་རྣམ་པ་མཛེས་ཤིང་རང་བྱུང་ཁམས་ཆེན་མོའི་གསོན་ཤུགས་ལྷག་པར་ཚོར་དུ་བཅུག རྦབ་ཆུ་དེ་དག་ནི་ན་ཆུང་མཛེས་མས་སྒྱུ་རྩལ་དྲུག་ཅུའི་ལུས་ཀྱི་སྟངས་སྟབས་བསྒྱུར་ནས་གར་འཁྲབ་པ་དང་འདྲ་བར་ནགས་ཚལ་སྟུག་པོའི་ཁྲོད་དུ་མཛེས་ཤིང་སྡུག་ལ། གནས་འདིའི་གདོད་མའི་ནགས་ཚལ་གྱི་གསེབ་ཏུ་སྟག་དང་གཟིག རྐྱང་། གླ་བ། གླག་རྒོད། ནེ་ཙོ་ལ་སོགས་པའི་གཅན་གཟན་དང་རི་དྭགས། འདབ་ཆགས་ཆེ་ཆུང་སྣ་ཚོགས་ཀྱིས་ཁེངས་པ། གསོམ་དམར་དང་མོན་ཆ་ར། གླ་ཚེར། སྟག་མ། སྒྲོན་ཤིང་། སྡོང་ཕུང་། ཏང་ཀུན་ལ་སོགས་རྩ་ཆེའི་ཤིང་རིགས་འདྲ་མིན་སྣ་ཚོགས་ཀྱིས་ཡོངས་སུ་ཁེངས་པ་བཅས་རང་བྱུང་ཁོར་ཡུག་དག་གནའ་བོའི་གདོད་མའི་ནགས་ཚལ་ཀྱི་རྣམ་པ་ཇི་བཞིན་བསྡད་ཡོད་པས། སྐྱེ་བོ་རྣམས་ཀྱིས་སྣ་ཚོགས་སྨན་རྒྱུའི་བང་མཛོད་དང་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཞེས་པའི་བསྔགས་བརྗོད་བྱེད་ཀྱི་ཡོད།

ཡུལ་འདིར་འཚོ་ཞིང་གནས་པའི་མོན་པ་རིགས་ནི་རིག་གནས་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཤིག་ཡིན་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དད་མོས། འཚོ་བ་སོགས་ཀྱི་ཐད་ལ་བོད་རིགས་དང་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཡོད་པ་ལྟར། འཚོ་བའི་གོམས་སྲོལ་སོགས་བོད་རིགས་དང་གཅིག་མཚུངས་སུ་གནས་ཡོད། མོན་ཞེས་པ་ནི་མོན་ཡུལ་གྱི་ས་ཆ་ལ་གོ་བ་དང་། པ་ནི་བདག་པོའི་སྒྲ་སྟེ་གནས་འདིར་འཚོ་ཞིང་གནས་པའི་གང་ཟག་སྟེ་མོན་ཡུལ་གྱི་བདག་པོ་སྟེ་མོན་པའི་རིགས་ལ་གོ་དགོས་ཤིང་། མོན་པའི་རིགས་ཀྱི་གནས་སྡོད་ཁུལ་གཙོ་བོ་ནི་མོན་ཡུལ་དང་མེ་ཏོག འབྲུག་ཡུལ་སོགས་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་རི་གསེབ་དག་ཏུ་འཚོ་གནས་བྱེད་བཞིན་ཡོད། ལེགས་པོ་རོང་ནི་མོན་པའི་རིགས་འཚོ་སྡོད་བྱེད་པའི་ས་ཁུལ་གལ་ཆེན་ཞིག་ཡིན་པས། དེར་ཡིད་ཀྱི་དབང་པོ་རབ་ཏུ་འཕྲོག་པར་བྱེད་པའི་རང་བྱུང་མཛེས་ལྗོངས་ཡོད་པ་མ་ཟད། མོན་ཡུལ་གྱི་ཞིམ་ཟས་དང་། སྲོལ་རྒྱུན་གོམས་གཤིས། དེ་བཞིན་ཚངས་དབྱངས་རྒྱ་མཚོའི་བཞུགས་གནས་དང་། མོན་གཡང་མཁར། སྲིན་མོ་བྲག་སོགས་ཡུལ་སྐོར་མཛེས་ལྗོངས་དང་། མོན་པའི་ཞབས་བྲོ། མོན་པའི་ལྷ་མོ། མོན་པའི་འབག་འཆམ། མོན་པའི་རྒྱན་གོས། མོན་པའི་འཛུགས་སྐྲུན་སོགས་ནང་དོན་དང་རྣམ་པ་མང་བའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཀྱང་ཕུན་སུམ་ཚོགས་པོ་ཡོད་པས་གནས་འདི་ནས་མོན་ཡུལ་གྱི་ཉམས་འགྱུར་ཟབ་མོ་ཡོངས་སུ་མྱོང་རོལ་བྱ་ཐུབ་པ་དང་།  ལྷག་པར་དུ་འཇིག་རྟེན་ཕུན་ཚོགས་ཀྱི་ལོངས་སྤྱོད་ལ་མཁོ་བའི་རྩྭ་སྨན། ཤིང་སྨན། རྡོ་སྨན། ཤིང་འབྲས་སྣ་ཚོགས། གླ་རྩི། དོམ་མཁྲིས། ཁྲག་རྭ་སོགས་རྩ་ཆེའི་སྨན་རིགས། གླ་རྫབ་དང་། ཤུག་རྫབ། བེ་རྫབ། ཇ། སྨྱུག་མ། གྲི་ལ་སོགས་པའི་རང་བྱུང་ཐོན་ཁུངས་དང་ཁྱད་དུ་འཕགས་པའི་ཡུལ་སྲོལ་ཐོན་རྫས་ཕུན་སུམ་ཚོགས་པོ་ཡོད་དོ། །

གནས་འདི་རུ་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་ཀྱང་མང་དུ་མཆིས་པ་སྟེ། རྟོགས་པ་འཆར་ཡན་གྱི་ཀློང་ངམ་གསང་བ་ལྐོག་གྱུར་གྱི་ཞིང་ན་བཞེངས་པ་ལྟར་གྱི་ཚངས་དབྱངས་རྒྱ་མཚོའི་བཞུགས་བྲང་དེ་ཉིད་མག་མག་མོན་པ་ཤང་དུ་གནས་ཤིང་། མིང་གཞན་ལ་མག་མག་ལྷ་ཁང་ཡང་ཟེར། བཞུགས་བྲང་དེ་ནི་རྡོ་ཆེན་དུམ་བུ་གཉིས་སུ་སོང་བའི་དུམ་བུ་ཆེ་བའི་ཐོག་ཏུ་བཞེངས་ཡོད་པ་དང་། དེ་ནི་མོན་པ་རིགས་ཀྱི་སྲོལ་རྒྱུན་གྱི་བཟོ་བཀོད་ལྟར་རྡོ་དང་ཤིང་ལས་གྲུབ་པ་སྟེ། ཁང་པའི་གྱང་རྣམས་རྡོ་རྩིགས་ལས་གྲུབ་པ། ཐོག་ཁེབས་མོན་ལུགས་ལྟར་ཤིང་ལས་གྲུབ་པ་བཅས་བཞུགས་བྲང་གི་ཕྱི་ཡི་བཟོ་སྐྲུན་དང་ནང་གི་ལྡེབས་རིས་སོགས་ལས་ལོ་ཡི་གྲངས་ཀ་བསྟར་ལ་བརྒྱུས་པའི་ལོ་རྒྱུས་མངོན་ཡོང་ལ། ངོ་མཚར་ཅན་གྱི་བཞུགས་བྲང་ལས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་གསང་རྣམ་གྱི་ཁྱད་འཕགས་ངོ་མཚར་ཡང་མངོན་པར་བྱེད། རྡོ་ཆེན་དང་ཕོ་བྲང་ལྕགས་རིས་བསྐོར་ཞིང་། ཕོ་བྲང་དེར་མདུན་སྒོ་དང་ལྟག་སྒོ་གཉིས་ཡོད་པ་ལས་མདུན་སྒོ་ནི་ལྕགས་རའི་མདུན་དཀྱིལ་དུ་ཡོད་ལ། ལྟག་སྒོ་ནི་བཞུགས་བྲང་གི་རྡོ་ཆེན་དུམ་བུ་གཉིས་སུ་སོང་བའི་སྲུབ་ཀ་ནས་ཐུར་དུ་བབ་པའི་བཞུགས་བྲང་གི་རྒྱབ་ངོས་སུ་ཡོད། ཤོད་རྒྱུན་དུ་རྡོ་དེ་ནི་ཡུལ་ཕྱོགས་ནས་ལྷ་གླང་ལ་བཀལ་ནས་ཁྱེར་ཡོང་བ་དང་གནས་འདིར་སླེབས་སྐབས་ཐག་པ་ཆད་དེ་རྡོ་ས་ལ་ལྷུང་བའི་སྐབས་དུམ་བུ་གཉིས་སུ་སོང་བར་བཤད། བཞུགས་བྲང་འདིའི་བདག་པོ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ༡༦༨༣ལོར་ལྷོ་མོན་རྟ་དབང་ལ་འོག་ཡུལ་གསུམ་དུ་སྐུ་འཁྲུངས། དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་གླང་སྤྱི་ལོ༡༦༩༧ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྔ་པ་ཆེན་པོའི་ཡང་སྲིད་ལ་ངོས་འཛིན་ཞུས་ཏེ་ཕོ་བྲང་པོ་ཏ་ལར་གདན་དྲངས་ནས་སྲིད་ཁྲིར་མངའ་གསོལ། ཤིང་བྱ་སྤྱི་ལོ༡༧༠༥ལོར་སོག་པོ་ལྷ་བཟང་ཁང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ནས་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་བཏང་བའི་ལམ་བར་གྱི་མཚོ་སྔོན་ཀུན་དགའ་ནོར་ནས་བྲོས་བྱོལ་དུ་ཕེབས་ཏེ་སྦས་པའི་བརྟུལ་བཞུགས་བཟུང་ནས་བསྡད། སྐུ་ཚེ་གང་པོར་གསང་སྟབས་ཀྱིས་མཚོ་སྔོན་ཨ་རིག་ནས་བཟུང་སྟེ་ཚ་བ་རོང་དང༌། ཚ་ཁོ། དར་རྩེ་མདོ། གླང་ཆེན་འགྱིང་རི། འབའ་ལི་ཐང༌། ལྷོ་ཁ། ཙ་རི། ཀོང་ཡུལ། མོན་ཡུལ། བལ་ཡུལ། རྒྱ་གར་སོགས་ས་ཆ་མང་པོར་གནས་མཇལ་གནང་༌། རབ་བྱུང་བཅུ་གཉིས་པའི་མེ་སྟག་སྤྱི་ལོ༡༧༤༦ལོར་མདོ་སྨད་དུ་དགོངས་པ་རྫོགས། གནས་འདིའི་སྔོ་ཞིང་དྭངས་པའི་ནམ་མཁའ་དང་དཀར་ཞིང་གཙང་བའི་སྤྲིན་དཀར་གྱི་དབུ་གདུགས། སྔོ་ཐིང་ཐིང་གི་གདོད་མའི་ནགས་ཚལ་གྱི་རྒྱབ་ཡོལ་འོག་ཏུ། བཞུགས་བྲང་ལ་བཀྲག་མདངས་རྣམ་པར་འཚེར་ཞིང་རི་མོ་མཁས་པའི་པིར་གྱི་རྩལ་ལས་འཁྲུངས་པའི་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་ཞིག་དང་ཀུན་ནས་མཚུངས་པ་དང་། བཞུགས་བྲང་འདིའི་ཕྱིའི་བཟོ་སྐྲུན་གྱི་བཀོད་པ་དང་ནང་གི་རྟེན་དང་རྟེན་པ་བཅས་ལ་ལོ་རྒྱུས་དང་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་མངའ་བས་ན་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྡེ་ཚན་གྱི་མིང་གཞུང་ནང་འཁོད་པ་བཅས་སྲུང་སྐྱོབ་གང་ལེགས་ཐུབ་འདུག

སྲིན་མོ་བྲག་གི་མཛེས་ལྗོངས་ཁུལ་ནི་སླད་མོན་པ་ཤང་དུ་གནས་ཤིང་རྒྱ་གར་གྱི་མངའ་ཁོངས་དང་རི་བོ་གཅིག་གི་བར་ཐག་ལས་མེད་པས། མི་རྣམས་ཀྱིས་སླད་མོན་པ་ཤང་ལ་མཐའ་མཚམས་ཀྱི་ཤང་དང་པོ་ཞེས་བརྗོད་ཀྱི་ཡོད། མཛེས་ལྗོངས་ཁུལ་གྱི་གནའ་བོའི་ལྗོན་ཤིང་དག་སྦོམ་ལ་རིང་བ། ཡལ་ག་ཕན་ཚུན་འདྲེས་པ། ཤིང་འབྲས་སྣ་ཚོགས་བྱུར་བུར་བལྟམས་པ་བཅས་སྐྱེ་དངོས་ཀྱི་རིགས་ཅན་ཤིན་ཏུ་མང་བ་གཡུ་ཡི་གཞོང་པ་ཆེན་པོ་ཞིག་དང་འདྲ་བར་རི་སྐྱེས་སྲོག་ཆགས་འཚོ་ཞིང་གནས་པར་ལེགས་ཚོགས་ཀུན་ལྡན་གྱི་ཞིང་ཁམས་ཤིག་ཏུ་འཁུམས་ཤིང་། སྲིན་མོ་བྲག་གི་རྦབ་ཆུ་ནི་བྲག་རི་གཡང་གཟར་གྱི་སྟེང་ནས་ཐུར་དུ་འབབ་ཀྱི་ཡོད་པས་རྦབ་ཆུའི་ཟེགས་མ་བྲག་སྟེང་དུ་ལྷུང་བའི་རྣམ་པ་ཡིད་དུ་འོང་ཞིང་། ཆུ་ཡི་ཟེགས་མ་མཁའ་དབྱིངས་སུ་འཕྱོ་བ་ལ་ཉི་མའི་འོད་ཟེར་ཕོག་པའི་སྐབས་སུ་ཁ་དོག་རྣམ་པར་བཀྲ་བའི་འཇའ་ཚོན་སྒོར་གྱིས་ཤར་བ་བཅས་ངོ་མཚར་ཤིན་ཏུ་ཆེ་ལ། དེ་གར་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་མ་ཟད། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྲིན་མོ་བཏུལ་བ་དང་ཚངས་དབྱངས་རྒྱ་མཚོས་སྒྲུབ་པ་གནང་བ་སོགས་ངོ་མཚར་ཆེ་བའི་ངག་རྒྱུན་མང་པོ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པས་ཕྱོགས་ནས་ཡོང་བའི་མི་རྣམས་ཀྱི་ཡིད་ཀྱི་དབང་པོ་རང་དབང་མེད་པར་འཕྲོག་པར་བྱེད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། 

ལེགས་པོ་རོང་ནི་ས་གནད་འགངས་ཆེན་ཞིག་ཏུ་གནས་ཡོད་པས། སྔར་བཙན་པོ་སྲོང་བཙན་སྒམ་པོས་ཡབ་གནམ་རི་སྲོང་བཙན་མོན་དུག་གིས་བཀྲོངས་པའི་ལོ་རྒྱུས་ཡོད་པ་དང་། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་མོན་ལ་འོག་ཡུལ་གསུམ་དུ་སྐུ་འཁྲུངས་པ་དང་གནས་འདིར་ཕེབས་བཞུགས་མཛད་པ། མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་སྤྲང་པོ་གནས་བསྐོར་བར་བརྫུས་ཏེ་འབྲུག་ཡུལ་བརྒྱུད་མོན་གྱི་ས་ཁུལ་དུ་ཕེབས་ནས་རྟོག་ཞིབ་དང་མོན་ཡུལ་གྱི་ས་ཁྲ་རི་མོའི་ལམ་དུ་བཀོད་ནས་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་བརྒྱུད་གསེར་གྱི་ཐང་མ་བརྡལ་བ་སོགས་ལོ་རྒྱུས་ཐོག་ཏུ་མིང་གྲགས་ཆེན་པོ་ལྡན་པའི་ས་གནད་འགངས་ཆེན་ཞིག་ཡིན་པས་མ་ཚད། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཇའི་ཐོན་ཡུལ་ཞིག་ཀྱང་ཡིན་ཏེ། གནས་འདིའི་ཕུན་སུམ་ཚོགས་པའི་ཉི་འོད་དང་། ཉ་བཤང་ཆུ་བོའི་བཤེར་བཅུད་བཅས་རང་བྱུང་ཁམས་ཀྱི་ཕུན་ཚོགས་ཡོན་ཏན་ལས་བྲོ་བ་ལེགས་པའི་ཇ་ལོ་སྐྱེ་འཚར་ཐུབ་ཀྱི་ཡོད་པས། ཡུལ་ཕྱོགས་འདི་རུ་ལྗོངས་རྒྱུ་ལ་ཕེབས་ནས་ལེགས་པོ་རོང་གི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་ཀླུང་གི་མཛེས་པ་ཉམས་སུ་མྱོང་བར་བྱེད་པ་དང་བསྟུན་ནས། མོན་ཇ་བསིལ་མ་དང་། མོན་ཡུལ་གྱི་ཁྱད་ལྡན་ཞིམ་ཟས་ལོངས་སུ་སྤྱད་ནས་ལྗགས་རྩེའི་བྲོ་བ་མྱོང་རོལ་བྱས་ཚེ། ལུས་སེམས་གཉིས་ཀ་ལྷོད་ལ་བབ་ནས་བདེ་ཞིང་ལྷོད་ལ་སྐྱིད་པའི་གནས་མལ་ལ་འགོད་པར་བྱེད།

མདོར་ན། ལེགས་པོ་རོང་ནི་མིའི་རིགས་འཚོ་སྡོད་བྱེད་པའི་ཆ་རྐྱེན་ཕུན་སུམ་ཚོགས་པ་མ་ཟད། རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་རིག་གནས་ཁྱད་དུ་འཕགས་པ་བཅས། ལྗོངས་རྒྱུའི་ཡུལ་སྐོར་ལ་རེ་སྙེག་བྱེད་ཚེ། ལེགས་པོ་རོང་ནི་ཆེས་ཕུལ་དུ་བྱུང་བའི་གདམ་ག་ཞིག་ག་ལ་མིན། གནས་འདིར་སླེབས་སྐབས་རང་བྱུང་ཁམས་ཀྱི་ངོ་མཚར་བཀོད་པས་ཁྱེད་ལ་ཧང་སངས་སུ་འཇུག་ངེས་ཡིན་ལ། མོན་ཡུལ་གྱི་སྣེ་མང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་རིག་གནས་ཀྱིས་ཁྱེད་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནས་མཛེས་སྡུག་ལྡན་པའི་ཕྱིར་དྲན་ཞིག་ཀྱང་ངང་གིས་འཇོག་ངེས་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号