ཕ་ཡུལ་གྱི་དྲི་མ།

རྡོ་རིང་པདྨ་དབང་ཆེན།

ང་ཚོས་མི་རིགས་དང་མི་རིགས་བར་གྱི་ཁྱད་པར་དང་། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཁྱད་པར་དེ་དབྱིབས་དང་ཁ་དོག་གི་སྒོ་ནས་དགར་ཆོག་ལ། རོ་དང་དྲི་མ་ཡི་སྒོ་ནས་ཀྱང་ཕྱེ་ཆོག་པར་མ་ཟད། ཐ་ན་སྒྲ་དང་རེག་བྱ་ཡི་སྒོ་ནས་ཀྱང་འབྱེད་ཐུབ་པ་ཡིན། དེ་བས་མི་རིགས་དང་མི་རིགས་བར་གྱི་ཁྱད་པར་དང་། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཁྱད་པར་དེ་ཁྲ་ཆུང་མིག་གིས་མཐོང་དགོས་དུས་ཡོད་ལ། དྲི་འཛིན་སྣ་ཡིས་ཚོར་དགོས་དུས་དང་། ཐ་ན་གངས་དཀར་སེམས་ཀྱིས་མྱང་དགོས་པའི་དུས་ཀྱང་ཡོད།

རྒྱལ་ཁབ་ཅིག་དང་མི་རིགས་ཤིག་དྲི་མ་ཡི་སྟེང་དུ་བསྡུ་དུས། ང་ཚོས་མཐོ་སྒང་གི་གཉུག་གནས་མི་རིགས་འདི། དྲི་མ་གང་ཞིག་གི་སྟེང་དུ་བསྡུ་དགོས་སམ། ངས་དེ་ལ་འདང་ཡང་ཡང་རྒྱག་དུས་བོད་ལ་འབྲོག་པའི་དྲི་མ་དང་རོང་པའི་དྲི་མ། དགོན་པའི་དྲི་མ་གསུམ་ཡོད་པ་དང་། དྲི་མ་དེ་གསུམ་མདོར་བསྡུས་ན་འཚོ་བའི་དྲི་མ་དང་རིག་གནས་ཀྱི་དྲི་མ་གཉིས་རེད།

ང་ཚོའི་ཕ་ཡུལ་དུ་འབྲོག་པ་རྣམས་ལ་འབྲོག་དྲི་བྲོ་ཞེས་བཤད་ཅིང་། ཆུང་དུས་སུ་ངས་འབྲོག་དྲི་ཞེས་པ་ནི་ཅི་ཡིན་ནམ་བསམས་མྱོང་། ཕྱིས་སུ་འབྲོག་དྲི་དངོས་སུ་ཚོར་དུས། དྲི་མ་དེ་ནི་རང་ལ་ཆ་རྒྱུས་ཡོད་པའི་འོ་དྲི་དང་མར་དྲི། རྩམ་དྲི་དང་ཞོ་དྲི། ནོར་དྲི་དང་ལྕི་བའི་དྲི་མ་ལས་གྲུབ་པའི་འཚོ་བའི་དྲི་མ་དེ་རེད། ངེད་ཚང་གི་སྤོ་བོ་དང་རྨོ་མོ་གཉིས་ཀྱིས་རྫ་མགོར་ཕྱུགས་ལས་གཉེར་བཞིན་ཡོད་པ་དང་། རྫ་མགོར་ཕྱུགས་ལས་གཉེར་བཞིན་པའི་སྤོ་བོ་དང་རྨོ་མོ་གཉིས་ཀྱི་ལུས་ལའང་། ནམ་རྒྱུན་འབྲོག་དྲི་ཞེས་པའི་དྲི་མ་དེ་ཁྱབ་ཡོད་པས། ངས་འབྲོག་དྲི་ཞེས་པའི་ཐ་སྙད་འདི་དང་དྲི་མ་དངོས་གཉིས་ངོ་འཕྲོད་དུས། ངས་དྲི་མ་དེ་ཞེ་མེར་བ་ཞིག་ཏུ་བསམ་མ་བྱུང་ལ། ཡན་གར་བ་ཞིག་ཏུ་དེ་བས་ཀྱང་མཐོང་མ་བྱུང་བར་མ་ཟད། ལོ་རྒས་ཀྱིན་རྒས་ཀྱིན་ང་རང་འབྲོག་དྲི་ཞེས་པའི་དྲི་མ་དེར་དུང་བ་དང་སྤྲོ་བའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་བྱུང་།

ཆུང་དུས་སུ་ལྕི་བའི་དྲི་མ་དེར་ལོབས་ཡོད་པ་དང་། ནང་སྒོས་སུ་སློབ་ཆེན་མཐར་ཕྱིན་རྗེས། ཐོག་མའི་གནས་ཚང་དེ་འབྲོག་ཁུལ་དུ་བཅོས་པས། ང་རང་འབྲོག་དྲི་དེར་ལྷག་ཏུ་འདྲིས་ཤིང་ལོབས་པར་གྱུར། ད་ལྟ་སྒེག་མོ་དག་གིས་ལུས་ལ་དྲི་ཆུ་བྱུགས་ནས་རང་གི་དྲི་མ་དེས་གཞན་ལ་ཡིད་སིམ་པའི་ཚོར་སྣང་སྟེར་བའི་ལས་ལ་བརྩོན་མོད། ཡིན་ནའང་། ང་ལ་མཚོན་ན་བྱུགས་རྫས་ཀྱི་དྲི་ཞིམ་ལུས་ལ་བྱུགས་དྲགས་པའི་མཆོར་སྒེག་ཅན་དག་དང་འཕྲད་དུས། དྲི་ཞིམ་གྱི་བྱུགས་རྫས་དེས་ངའི་སྣ་ཁུང་ཚ་བེར་བེར་བྱེད་ལ་མགོ་བོ་ཡང་ན་བར་བྱེད་པ་དང་། དེ་ལས་ལྡོག་སྟེ་གྲོང་ཁྱེར་པ་དག་ཞེ་མེར་ནས་ཁ་གཉེར་སྣ་གཉེར་བྱེད་པའི་ལྕི་བའི་དྲི་མས་ངའི་ཡིད་ལ་བདེ་བའི་སིམ་པའི་ཚོར་བ་ཞིག་སྟེར་ཐུབ། དེ་ནི་ང་རང་དེང་རབས་ཀྱི་འཚོ་བ་ལ་ལོངས་སུ་སྤྱོད་པའི“བསོད་ནམས”དམན་པའི་རྐྱེན་གྱིས་ཀྱང་ཡིན་ངེས།

ད་ལྟ་གྲོང་ཁྱེར་དང་གྲོང་རྡལ་དུ་ཟས་གཡོ་སྦྱོར་བྱེད་དུས་ཨོང་བ་དང་བུད་ཤིང་སོགས་ཀྱི་མེ་ཁ་གསོ་མི་དགོས་ཤིང་། ཁ་བ་ལྷབ་ལྷུབ་འབབ་ཅིང་གྲང་རླུང་འུར་འུར་ལྡང་བའི་དགུན་དུས་སུའང་ཨོང་བ་དང་བུད་ཤིང་གི་མེ་དྲོད་ལ་བརྟེན་མི་དགོས་པས། ཆུང་དུས་ནས་འདྲིས་ཤིང་ལོབས་པར་གྱུར་པའི་འཚོ་བའི་ཁྲོད་ཀྱི་དྲི་མ་སྐོར་ཞིག་ངའི་ཁོར་ཡུག་ནས་ཡལ་བཞིན་ཡོད་ལ། དྲི་མ་མེད་པའི་འཚོ་བ་དེས་ངའི་ག་ཤེད་ཅིག་ལ་སྟབས་བདེ་ཞིག་བསྐྲུན་ནའང་། ངའི་ག་ཤེད་ཅིག་ལ་མནར་གཅོད་ཅིག་གཏོང་བཞིན་ཡོད་པས། ངས་ཕ་ཡུལ་ནས་ཨོང་བ་དང་བུད་ཤིང་བསྲེགས་པ་ལ་བརྟེན་ནས་མཆེད་པའི་དྲི་མ་དེ་དྲན་བྱུང་ལ། ལྷབ་ལྷུབ་འབར་བའི་མེ་ལྕེ་དམར་པོ་དེ་མ་མཐོང་ན་ཡིད་སེམས་མི་དྲོས་པའི་ཡུལ་མི་སྤུན་ཟླ་དག་ཀྱང་དྲན་བྱུང་།

གུང་གསེང་སོགས་ཀྱི་སྐབས་སུ་ཕ་ཡུལ་ལ་འགྲོ་དུས་མ་གཏོགས་གྲོང་ཁྱེར་ནས་ཕ་ཡུལ་གྱི་དྲི་མ་དེར་སྣོམ་མི་ཐུབ་ཅིང་། དེང་སྐབས་ཕ་ཡུལ་ནས་ཀྱང་སྐབས་འགར་ཕ་ཡུལ་གྱི་དམིགས་བསལ་གྱི་དྲི་མ་དེ་དག་ལ་སྣོམ་དཀའ་བར་གྱུར་འདུག མཚམས་ལན་རེར་བྱ་བའི་དགོས་དབང་སོགས་ཀྱིས་རྩྭ་ཐང་བརྒྱུད་ནས་འགྲོ་དུས། འབྲོག་པའི་རུ་ནང་ནས་མཆེད་ཡོང་བའི་ཨོང་བ་སྦར་བའི་དྲི་མ་ཚོར་དུས། དེས་ངའི་ཡིད་སེམས་སིམ་པར་བྱེད་ལ། འདི་ནི་ཕ་ཡུལ་གྱི་དྲི་མ་ཡིན་པའི་ངེས་པ་ཞིག་ཀྱང་གཏིང་ནས་རྙེད་ཡོང་།

སྔོན་ཆད་ཞིང་འབྲོག་ས་ཆ་གང་ལ་མཚོན་ནའང་། ནངས་དགོང་གཉིས་སུ་ཁྱིམ་ཚང་གི་དུ་ཁུང་དང་སྦྲ་ནག་གི་གོང་ཁ་སོགས་ནས་སྔོ་རྒྱང་རྒྱང་དུ་འཕྱུར་བའི་དུ་བ་དེ་ནི་ཕ་ཡུལ་གྱི་ཐུན་མོང་མ་ཡིན་པའི་ལྗོངས་རྣམ་ཞིག་ཡིན་ལ། སྔོ་རྒྱང་རྒྱང་གི་དུ་བ་དེས་ཕ་ཡུལ་གྱི་གསོན་ཤུགས་དང་ཚེ་སྲོག་གི་སྐྱེས་སྟོབས་ཀྱང་མཚོན་ཡོད། དུ་བའི་དྲི་མའི་ཁྲོད་དུ་ལྕི་བའི་དྲི་མ་ཡོད་ལ། གསོམ་ཤིང་གི་དྲི་མ་དང་ལྷ་ཤིང་ཤུག་པའི་དྲི་མ་ཡང་ཡོད། དྲི་མ་དེ་དག་ལ་ཞིབ་ཏུ་སྣོམ་དུས། དྲི་མ་དེ་དག་ནི་འཚོ་བའི་དྲི་མ་དང་ཚེ་སྲོག་གི་དྲི་མ་ཡིན་པས། དེས་ང་ལ་ནམ་ཡང་བརྗེད་ཐབས་མེད་པའི་ཕ་ཡུལ་གྱི་སྙི་ས་དེ་བསྟན་བྱུང་ལ། དྲི་མ་དེ་དག་ལ་ཞིབ་ཏུ་སྣོམ་དུས། དྲི་མ་དེ་དག་ནི་རིག་གནས་ཀྱི་དྲི་མ་དང་ཤེས་རབ་ཀྱི་དྲི་མ་ཡང་ཡིན་པས། དེས་ང་ལ་ནམ་ཡང་སེམས་ལ་འཛིན་དགོས་པའི་ཕ་ཡུལ་གྱི་སྲ་ས་དེ་ཡང་བསྟན་བྱུང་།

ད་ལྟ་གྲོང་ཁྱེར་གྱི་འདུ་འཛིའི་ཀློང་ནས་དྲི་མ་ཅི་ཡང་མེད་པའི་འཚོ་བར་རོལ་དུས། ཕ་ཡུལ་ནས་མ་གཏོགས་མྱོང་མི་ཐུབ་པའི་ཨོང་དྲི་དང་བསང་དྲི་སོགས་ནི་ངའི་རྣམ་ཤེས་ཀྱི་ཟུངས་བཅུད་གསོ་བའི་སྨན་མཆོག་ཅིག་དང་འདྲ་ལ། དྲི་མ་དེ་དག་ལ་སྣོམ་རྒྱུ་བྱུང་ན་ལུས་སེམས་གཉིས་ལ་ག་ཤེད་ཅིག་ནས་སྟོབས་ཤུགས་ཤིག་རྒྱས་ཡོང་། གྲོགས་པོ་ཞིག་གིས་ལྕི་བའི་སྤོས་ཤིག་བཟོས་ན་དེས་ང་ཚོའི་ལུས་ཟུངས་ལ་སྔར་ལས་ལྷག་པའི་སྟོབས་ཤུགས་ཤིག་སྦྱིན་ཐུབ་ཟེར། རེད་ཡ། ང་ཚོའི་མེས་པོ་དང་ང་ཚོའི་མི་རབས་འདིར་མཚོན་ན་ལྕི་བའི་དྲི་མ་དེས་ལུས་ལ་སྟོབས་ཤུགས་ཤིག་བསྐྱེད་ཐུབ་ཀྱང་། གྲོང་ཁྱེར་དང་གྲོང་རྡལ་ནས་ནར་སོན་པའི་རྗེས་རབས་པ་དག་གིས་དྲི་མ་དེ་ཚོར་ཚེ་སེམས་ལ་ཅི་ཞིག་དྲན་སྲིད་དམ། ཞིང་འབྲོག་གི་ཕ་ཡུལ་དང་ཁ་བྲལ་བའི་ང་ཚོའི་རྗེས་རབས་པ་ཚོས་ནོར་གྱི་ལྕི་བ་ལའང་བྲིན་གྱི་འདུ་ཤེས་འཛིན་གྱིན་ཡོད་པས། མི་རབས་དེ་ནར་སོན་རྗེས། དེ་དག་གིས་རྣང་ཞིང་དང་རྨོན་དོར། མཐོ་སྒང་དང་རྩྭ་ཐང་། ནོར་ལུག་དང་སྦྲ་ནག ལྕི་བ་དང་རིལ་མ་ལ་ལྟ་སྟངས་ག་འདྲ་ཞིག་འཛིན་སྲིད་དམ།

ཕ་ཡུལ་གྱི་དྲི་མ་ནི་བསང་དུད་མཁའ་ལ་ལྡིང་དུས་ཀྱི་དྲི་མ་དེ་ཡིན་ལ། ཕ་ཡུལ་གྱི་དྲི་མ་ནི་ཨོང་བ་མེ་ལ་སྒྲོན་དུས་ཀྱི་དྲི་མ་དེ་ཡིན། ཡང་ན། ཕ་ཡུལ་གྱི་དྲི་མ་ནི་སེམས་ཅན་མ་རུ་བསྒོམས་པའི་བྱམས་དང་སྙིང་རྗེ་དེ་ཡིན་ལ། ཕ་ཡུལ་གྱི་དྲི་མ་ནི་དགེ་བ་གཞན་དོན་དུ་བསྔོ་བའི་བློ་རྒྱ་དང་གཏོང་ཕོད་དེ་ཡང་ཡིན།

ཕ་ཡུལ་གྱི་དྲི་མ་གླེང་དུས། ངའི་ཡིད་ལ་ནམ་རྒྱུན་བསང་དྲི་དང་ཨོང་དྲི་གཉིས་དྲན་འོང་། ཡིད་ཐང་ཆད་པའི་སྐབས་སུ་བསང་དྲི་དང་ཨོང་དྲི་གཉིས་ཀྱིས་ངའི་རྣམ་རིག་ཇེ་གསལ་དུ་གཏོང་ཐུབ་ལ། ངའི་ཚོར་བ་ཇེ་སྐྱེན་དུ་ཡང་གཏོང་ཐུབ་པར་མ་ཟད། སེམས་ལ་བདེ་བ་དང་སྤྲོ་བ་ཞིག་ཀྱང་སྟེར་ཐུབ། ཡིད་སེམས་ལྷོད་ལ་བབས་ནས་བསང་དྲི་དང་ཨོང་དྲི་གཉིས་ལ་བསམ་བློ་གཏོང་དུས། ངས་དྲི་མ་དེ་གཉིས་ནི་འཚོ་བའི་དྲི་མ་དང་ཤེས་རིག་གི་དྲི་མ་ཡིན་པ་རྨང་ནས་ཚོར་བྱུང་།

དེ་ལྟར་ཞིབ་འདང་རྒྱག་དུས། མི་ཡང་དྲི་མ་ཞིག་གིས་གྲུབ་ཡོད་ལ། མི་ཡིས་དྲི་མ་ཡང་འཚོ་བའི་དྲི་མ་དང་རིག་གནས་ཀྱི་དྲི་མ་གཉིས་ཀྱིས་བསྐྲུན་པ་ཡིན། ཡིན་ནའང་། དེང་སྐབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དུས་རབས་ཀྱི་འགྱུར་ལྡོག་གི་དབང་གིས་ང་ཚོའི་རྗེས་རབས་པའི་ལུས་སྟེང་ན་མཐོ་སྒང་གི་མི་རིགས་འདིའི་དྲི་མ་དེ་རིམ་བཞིན་ཡལ་བར་འགྱུར་བཞིན་ཡོད་པས། འདི་ནི་འཕེལ་རྒྱས་ཀྱི་གོ་རིམ་ཞིག་ཡིན་ནམ། ཡང་ན་ཆག་སྒོ་ཞིག་གི་སྣ་འདྲེན་ཡིན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号