ཉིང་ཁྲིའི་སྐབས་ཉེར་གཉིས་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཟླ4པའི་ཚེས3ཉིན་མགོ་རྩོམ་རྒྱུ་རེད།
གསར་འགོད་པས་ཚེས10ཉིན་འཚོག་པའི་ཉིང་ཁྲིའི་སྐབས་ཉེར་གཉིས་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། སྐབས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱིས“མི་ཡུལ་གྱི་དག་ཞིང་། ཡིད་འོང་གི་ཉིང་ཁྲི”ཞེས་པའི་བརྗོད་གཞི་རྒྱུན་མཐུད་བྱས་ཏེ་ཟླ4པའི་ཚེས3ཉིན་ནས་བཟུང་དངོས་སུ་མགོ་རྩོམ་པ་དང་བྱ་འགུལ་ཟླ་གཅིག་རིང་སྤེལ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་གྱིས་ད་ཆའི་གནས་བབ་འོག་གི་དུས་ཆེན་སྒྲུབ་གཉེར་གྱི་རྣམ་པ་གསར་བ་དང་། བྱེད་ཐབས་གསར་བ། ཁྱད་ཆོས་གསར་བ་ཟུང་འབྲེལ་བྱས་ཏེ། “གངས་ལྗོངས་ཁམ་བུའི་མེ་ཏོག་གི་གཏམ་རྒྱུད”ཅེས་པའི་གཟབ་རྒྱས་སྤྲོ་ཚོགས་ཀྱི་མུ་འབྲེལ་བྱ་འགུལ་དང་།“དཔྱིད་མཉམ་གྱི་ཁམ་བུའི་མེ་ཏོག་གསོལ་སྟོན”མི་ཁྲིའི་རྫ་ཁོག་རིན་མེད་རོལ་མྱོང་སོགས་སྣ་མང་ཕུན་སུམ་ཚོགས་པའི་དུས་ཆེན་གྱི་བྱ་འགུལ18གསར་དུ་བཏོན་ནས། རྒྱ་ཆེའི་ཡུལ་སྐོར་བ་དང་གྲོགས་པོ་ཚོར་ངོ་མཚར་ཆེ་བའི་ཁམ་བུའི་མེ་ཏོག་དུས་ཚིགས་ཤིག་མངོན་ཡོད།
གཞན་ཡང་། ད་ལོར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱིས་པེ་ཅིན་གྲོང་ཁྱེར་ཕིང་ཀུའུ་ཆུས་དང་ཧུའུ་ནན་ཞིང་ཆེན་ཁྲེང་ཏི་གྲོང་ཁྱེར་དང་མཉམ་འབྲེལ་བྱས་ཏེ། ཤུགས་རྐྱེན་ཆེ་བའི“ཁམ་བུའི་མེ་ཏོག་མནའ་འབྲེལ”བསྐྲུན་པ་དང་། ས་ཁོངས་བརྒལ་ནས་ཁམ་བུའི་མེ་ཏོག་མཉམ་རོལ་གྱི་མཉམ་འགུལ་རྣམ་པ་དང་ས་གནས་གསུམ་གྱི་དཔྱིད་དུས་མཛེས་ལྗོངས་ལྷན་དུ་འབྲི་བཞེངས་བྱ་རྩིས་ཡོད། མཉམ་འབྲེལ་སྒོས་ཁམ་བུའི་མེ་ཏོག་བརྗོད་གཞིའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་། བསམ་བློ་ཞིབ་ཏུ་བཏང་ནས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཇུས་འགོད་དང་ཁྱད་གདལ་དུ་བཏང་སྟེ། ས་གནས་གསུམ་གྱི་ཁམ་བུའི་མེ་ཏོག་དཔལ་འབྱོར་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཚོགས་ར་གཙོ་བོ་ཉིང་ཁྲི་གྲོང་ཁུལ་གྱི་ཀོང་པོའི་སྤྱི་གླིང་དུ་བཙུགས་ཡོད་པ་དང་། རྫོང(གྲོང་ཁྱེར་དང་ཆུས)སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས“ཁམ་བུའི་མེ་ཏོག+”ཡི་བྱ་འགུལ་སྣ་མང་བཀོད་སྒྲིག་བྱས་ཡོད་ལ། སྐབས་དེར་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཡུལ་སྐོར་བ་འདི་གར་ལྟ་སྐོར་དུ་ཡོང་ནས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་དཔྱིད་དུས་ཀྱི་མཛེས་པ་ཉམས་ལེན་བྱེད་པར་དགའ་བསུ་ཞུ།
ཐེངས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་ཐོག་ད་དུང་མེ་ཏོག་ལ་ལྟ་བའི་ལམ་ཐིག་ལེགས་ཤོས་གསུམ་བཏོན་ཡོད་དེ། སོ་སོར་གཤམ་གསལ་ལྟར།
ལམ་ཐིག་དང་པོ། ར་འོག—སྤོ་མེས་རྫོང་གི་རྨིག་སྟོད་འཁྱགས་རོམ།—ཀྲུང་གོའི་ཁམ་བུའི་མེ་ཏོག་གི་རོང་ཆེན། —བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་ཆུང་ངུ།—ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས། —བྲག་ཡིབ་ཆུས་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོ།—བྲག་ཡིབ་ཆུས་རྡོ་སྟེང་གྲོང་ཚོ། —ཀོང་པོ་རྒྱ་མདའ་རྫོང་གི་ཤུར་པའི་མཁར་རྫོང་།—ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོ། —ལྷ་ས།
ལམ་ཐིག་གཉིས་པ། ཡུན་ནན།—རྫ་ཡུལ་རྫོང་ལོ་མ་གྲོང་ཚོའི་ཁམ་བུའི་མེ་ཏོག—མེ་ཏོག་རྫོང་སྒོར་སྒོར་ཐང་གི་གུག་ཆ་ཆེན་པོ།—མེ་ཏོག་རྫོང་གི་དགྱེ་གླིང་གྲོང་ཚོ།—སྨན་གླིང་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་རོང་ཆེན། —སྨན་གླིང་གྲོང་ཁྱེར་གྱི་ཚལ་མི་གྲོང་ཚོའི་ཁམ་བུའི་མེ་ཏོག — སྣང་རྫོང་གི་ལ་ཐོག་ཤང་རྩ་གྲོང་ཚོ།—སྣང་རྫོང་གི་ལོ་ངོ་སྟོང་གི་སྟར་ཁའི་ནགས། — ལྷོ་ཁ།
ལམ་ཐིག་གསུམ་པ། ཉིང་ཁྲི།—བྲག་ཡིབ་ཆུས་གསེར་སྐྱེམས་ལ།—སྤོ་མེས་རྫོང་བཟུང་སྣ་གྲོང་ཚོའི་ཁམ་བུའི་མེ་ཏོག —སྤོ་མེས་རྫོང་ཆུ་མདོ་གྲོང་རྡལ་གྱི་ཁམ་བུའི་མེ་ཏོག —མེ་ཏོག་རྫོང་གི་སྤྲིན་གྱི་རྒྱ་མཚོ། —མེ་ཏོག་རྫོང་གི་དགྱེ་གླིང་གྲོང་ཚོ། —སྨན་གླིང་གྲོང་ཁྱེར་ཟུར་གསུམ་གྲོང་ཚོའི་ཁམ་བུའི་མེ་ཏོག —བྲག་ཡིབ་ཆུས་ཉང་ཆུའི་མཛེས་ལྗོངས་ཁུལ།—ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས།—ཉིང་ཁྲི་བཅས་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注