ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གསོ་རིག་སྐོར་གྱི་དེབ་ཕྲེང་ཞིག་བསྒྲིགས་ནས་པར་བསྐྲུན་གནང་འདུག
ཉེ་ཆར། ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས«ཆབ་མདོའི་བོད་ལུགས་གསོ་བ་རིག་པའི་དཔེ་རྙིང་གཅེས་བཏུས་རབ་དཀར་དུང་གི་ཕྲེང་བ་བཞུགས་སོ»དང«ཆབ་མདོའི་བོད་ལུགས་གསོ་བ་རིག་པའི་དཔེ་རྙིང་གཅེས་བཏུས་ཀྱི་དཀར་ཆག་རྒྱས་པ།»ཞེས་པ་གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་།
«ཆབ་མདོའི་བོད་ལུགས་གསོ་བ་རིག་པའི་དཔེ་རྙིང་གཅེས་བཏུས་རབ་དཀར་དུང་གི་ཕྲེང་བ»ཞེས་བྱ་བའི་པོད་ཉི་ཤུའི་བདག་ཉིད་ཅན་གྱི་དཔེ་ཚོགས་འདིར། ཐོག་མར་དེའུ་དམར་བའི་གསུང་འབུམ་པོད་བརྒྱད་ལས། དང་པོར་གསོ་བ་རིག་པའི་ཐོབ་ཡིག་སོགས་ལོ་རྒྱུས་དང་། རྒྱུད་བཞི་དམར་མཆན་སོགས་གཞུང་བཤད་ཀྱི་སྐོར་ཡོད། གཉིས་པ་ཤེལ་གོང་བྲིས་མ་དང་པར་མ། མིག་སྨན་གསལ་བྱེད་ཡེ་ཤེས་སྤྱན་འབྱིན་སོགས། གསུམ་པ་ཤེལ་ཕྲེང་པར་མ་དང་བྲིས་མ། བཞི་པ་སྲིན་ནད་དང་། རྨ་བཅོས་སོགས་ནད་ཐོག་སྐོར། ལྔ་པ་ལག་ལེན་བདུད་རྩི་གཏེར་སྒྲོམ་པར་གཞི་མི་འདྲ་བ། དྲུག་པ་ཉེར་ལྔ་བརྒྱ་རྩ་སོགས། བདུན་པ་བཟོ་ཡི་རིག་པ་བི་ཤྭ་ངལ་གསོ་སོགས། བརྒྱད་པ་ནང་སེམས་ཀྱི་ནད་བཅོས་པའི་སྐོར། དགུ་པ་རྒྱུད་བཞི་ལག་བྲིས་མཆན་བུ་ཅན་སོགས། བཅུ་པ་རྒྱུད་ཀྱི་ཆ་ལག །བཅུ་གཅིག་པ་གསོ་རིག་འབུམ་བཞི་སོགས། བཅུ་གཉིས་པ་སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས། བཅུ་གསུམ་པ་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་སོགས། བཅུ་བཞི་པ་མན་ངག་བློ་གསལ་དྲན་འཛིན་སོགས། བཅོ་ལྔ་པ་ཀླུ་འབུམ་ནག་པོ་དང་། ཉག་བླའི་ཟབ་དོན་སྙིང་པོ་སོགས། བཅུ་དྲུག་པ་སྨན་སྦྱོར་ཟིན་ཏིག་མཛེས་རྒྱན་སོགས། བཅུ་བདུན་པ་རྩི་སྨན་གྱི་ཚབ་ཡིག་དང་། སྨན་ངོའི་རི་མོ་དང་ཆ་བྱད་རི་མོ་སོགས། བཅོ་བརྒྱད་པ་མཁན་ཚེ་རྣམ་རིན་པོ་ཆེའི་རྒྱུད་བཞིའི་བཀའ་མཆན། བཅུ་དགུ་པ་མཁན་ཚེ་རྣམ་རིན་པོ་ཆེའི་ཟིན་བྲིས་སོགས། ཉི་ཤུ་པ་སྟོང་ཚ་འཇམ་ཆུང་གི་མན་རྒྱུད་དཀའ་མཆན་བཅས་ཀྱིས་གྲུབ་ཡོད་དོ། །
དེ་ཡང་དཔེ་རྙིང་པོད་གྲངས་ཉི་ཤུའི་དཔེ་ཚོགས་འདིར་ཐོག་མར་དེའུ་དམར་བའི་གསུང་འབུམ་པོད་གྲངས་དང་པོ་ནས་བརྒྱད་པའི་བར་ལ་དཔེ་ཚན་བརྒྱ་ལྷག་ཡོད་པ་དང་། པོད་དགུ་པ་ནས་བཅུ་གཅིག་བར་གཞུང་འགྲེལ་གྱི་སྐོར་ལ་དཔེ་ཚན་སོ་ལྔ་ཙམ་ཡོད། པོད་གྲངས་བཅུ་གཉིས་ནས་བཅོ་ལྔའི་བར་ནད་ཐོག་ལག་ལེན་གྱི་སྐོར་ལ་དཔེ་ཚན་ཉེར་ལྔ་ཡོད། པོད་བཅུ་དྲུག་ནས་བཅུ་བདུན་བར་སྨན་ངོ་དང་སྨན་སྦྱོར་གྱི་སྐོར་ལ་དཔེ་ཚན་ཉེར་གསུམ་ཡོད། པོད་བཅོ་བརྒྱད་ནས་ཉི་ཤུ་བར་ཉེ་དུས་མཁས་པའི་བཀའ་མཆན་དང་ཟིན་བྲིས་སོགས་ལ་དཔེ་ཚན་དྲུག་ཁྱོན་བསྡོམས་དཔེ་ཚན་ཉིས་བརྒྱ་ལྷག་ཡོད་པ་འདི་དག་ཕོན་འབོར་ཆེ་བས་བལྟ་བདེ་འཚོལ་བདེའི་ལྡེ་མིག་གམ་ཀློག་པ་པོ་སོ་སོའི་འདོད་དོན་མྱུར་དུ་རྙེད་པའི་མན་ངག་ལྟ་བུར་འགྱུར་ཆེད་དཀར་ཆག་འདི་ཉིད་བསྒྲིགས་པའོ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注