པདྨ་ཚེ་བརྟན་ལགས་ཀྱི་དེབ་གསར་གཉིས་འགྲེམས་སྤེལ་བྱས་འདུག

རྒྱུས་ལོན་བྱུང་བ་ལྟར་ན། «ཨྱོན་གྱི་སོ»དང«ཕྱེད་ཙམ་ལས་མ་གླེང་པའི་གཏམ་རྒྱུད»གཉིས་ཀྱི་རྗེས་སུ། ཀྲུང་ཞིན་པར་སྐྲུན་ཁང་གིས་ཡང་བསྐྱར་པདྨ་ཚེ་བརྟན་གྱི་ཤུལ་བཞག་སྒྲུང་གཏམ་དེབ་གསར«གསོམ་ཤིང་གི་དྲི་བསུང»དང་། རྒྱ་ཡིག་ཏུ་བསྒྱུར་བའི«མི་རོ་རྩེ་སྒྲུང»གཉིས་པར་སྐྲུན་འགྲེམ་སྤེལ་གནང་འཆར་འདུག

«གསོམ་ཤིང་གི་དྲི་བསུང»ཞེས་པའི་དེབ་གསར་འདིའི་ཁྲོད་དུ་པདྨ་ཚེ་བརྟན་གྱི་སྒྲུང་གཏམ་གསར་རྙིང་བཅུ་གཉིས་ལྷག་འདུས་ཡོད་ལ། གཙོ་བོ་ཁོང་སྐུ་འཚོ་བཞུགས་སྐབས་བརྩམས་གནང་མཛད་པའི་སྒྲུང་གཏམ་གསར་པ«གསོམ་ཤིང་གི་དྲི་བསུང»དང་། ཁོང་གི་སྒྲུང་གཏམ་བརྩམས་ཆོས་ཐོག་མ«མི་དང་ཁྱི་རྒན» དེ་མིན་རྒྱ་ཡིག་ལམ་ནས་བརྩམས་པའི་སྒྲུང་གཏམ་གྲགས་ཅན«ཡུལ་གྱར་རྡུང་ལེན་པ»དང་གློག་བརྙན«འཚོལ»དང་ཁ་བྱང་གཅིག་པའི་སྒྲུང་གཏམ་སོགས་འདུས་ཡོད།

«གསོམ་ཤིང་གི་དྲི་བསུང»གི་དཀར་ཆག

«གསོམ་ཤིང་གི་དྲི་བསུང»ཞེས་པའི་སྒྲུང་གཏམ་དེབ་གསར་འདི་ནི་པདྨ་ཚེ་བརྟན་གྱི་བུ་འཇིགས་མེད་འཕྲིན་ལས་ནས་ཁོའི་ཕ་ལགས་ཀྱི་སྒྲུང་གཏམ་སྔོན་མ་དག་ལས་ལེགས་འདེམས་ཁ་སྣོན་བྱས་ནས་གྲུབ་པ་མ་ཟད། འཇིགས་མེད་འཕྲིན་ལས་ནས་ཁོའི་ཕ་ལགས་ལ་བྲིས་པའི་རྗེས་དྲན་རྩོམ་ཡིག«ཨ་ཕ་ལགས་བདེ་བར་བཞུད་ཅིག»དང་། སྐུ་ཞབས་ཁྲིན་ཏན་ཆིན་ནས་བྲིས་པའི«སྙིང་ཉེ་བའི་པདྨ་ཚེ་བརྟན་ལགས»ཞེས་པ་གཉིས་མགོ་བརྗོད་དང་མཐའ་སྡོམ་གྱི་ཚུད་དུ་བདམས་ཡོད་འདུག


གཞན«མི་རོ་རྩེ་སྒྲུང»གི་དེབ་གསར་ནི་པདྨ་ཚེ་བརྟན་ལགས་ཀྱིས་སྔོན་ཆད་རོ་སྒྲུང་ལས་བདམས་གསེས་དང་ལོ་ཙཱ་བྱས་པ་དག་བསྡུ་སྒྲིག་བྱས་ཡོད་ལ། དེ་ནི་གསེར་དངུལ་དང་ནད་མེད་ཚེ་རིང་གི་དགོས་འདོད་ཅི་བཞིན་སྐོང་ཐུབ་པའི་རོ་དངོས་གྲུབ་ཀྱིས་བདེ་སྤྱོད་བཟང་པོར་བཤད་པའི་གནའ་གཏམ་གྱིས་བདེ་སྤྱོད་བཟང་པོའི་ཡིད་ཀྱི་བརྟན་པ་འཕྲོག་ཅིང་། ཁོས་ཡང་དང་བསྐྱར་དུ་རོ་དངོས་གྲུབ་ལ་ཨ་ལན་སྤྲད་པས་རོ་དངོས་གྲུབ་ཕྱིར་སྒྲུབ་ཁང་དུ་འཕུར་བའི་མཚར་སྒྲུང་སྟེ། བོད་ཀྱི་སྲོལ་རྒྱུན་རིན་ཐང་ལྟ་བ་གཟེངས་སུ་ཐོན་པའི་མཚར་སྒྲུང་དག་བསྡུས་ནས་གྲུབ་པ་ཞིག་རེད།

དམངས་ཁྲོད་གཏམ་རྒྱུད་ནི་བོད་གནའ་མིའི་བློ་གྲོས་ཀྱི་རྩལ་གྱིས་བཞེངས་ཤིང་། དེ་ནི་མི་རིགས་གང་དེའི་སྲོལ་རྒྱུན་རིག་གནས་ཀྱི་གཏེར་བུམ་ལྟ་བུར་ཆགས་ཡོད་ལ། པདྨ་ཚེ་བརྟན་ན་མཚོན་ནའང་ཆུང་དུས་དམངས་ཁྲོད་གཏམ་རྒྱུད་དང་འདྲེ་སྒྲུང་། གླིང་སྒྲུང་། རྣམ་ཐར་སོགས་ལ་གསན་གཟིགས་མཐར་ཕྱིན་བྱས་མྱོང་པ་ཞིག་རེད། དེ་མིན། ཁོང་པེ་ཅིང་གློག་བརྙན་སློབ་གླིང་དུ་མ་ཕྱིན་སྔོན། ནུབ་བྱང་མི་རིགས་སློབ་གླིང་ནས་བོད་ཀྱི་རྩོམ་རིག་ཆེད་ལས་ལ་སྦྱངས་པ་མཐར་བསྐྱེད་གནང་མྱོང་པའི་མི་ཚད། སློབ་གླིང་དེ་ནས་རྩོམ་རིག་དང་། ལོ་རྒྱུས། སྐད་བརྡ། ཆོས་ལུགས། དམངས་སྲོལ། སྐར་རྩིས་སོགས་ལའང་གང་ནུས་ཀྱིས་སློབ་སྦྱོང་བྱས་པས། ཁོང་གི་ཡིག་བརྙན་གཉིས་ཀྱིས་གྲུབ་པའི་བརྩམས་ཆོས་ལ་བོད་ཀྱི་རིག་གནས་ཀྱི་འཚོ་བཅུད་སྨིན་ཡོད་པ་རེད།

ཀརྨ་རྡོ་རྗེ་ཚེ་རིང་ལགས་ནས་བྲིས་པའི་དེབ་ཀྱི་བར་བཅུག་རི་མོ།

དེ་བཞིན་དུ«མི་རོ་རྩེ་སྒྲུང»གི་དེབ་འདིའི་ནང་དོན་འབུར་དུ་ཐོན་ཆེད། བོད་ཀྱི་རི་མོ་མཁན་སྐུ་ཞབས་ཀརྨ་རྡོ་རྗེ་ཚེ་རིང་ལགས་ནས་དེབ་འདིའི་བར་བཅུག་རི་མོ་བྲིས་ཤིང་། བོད་ཀྱི་གཏམ་དཔེ་ཡང་འོས་འཚམ་གྱིས་བཀོད་ཡོད།

ཀརྨ་རྡོ་རྗེ་ཚེ་རིང་ལགས་ནས་བྲིས་པའི་དེབ་ཀྱི་བར་བཅུག་རི་མོ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号