ཨ་མཆོག་ས་ཁུལ་གྱི་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པས2024ལོའི་སློབ་ཞུགས་རོགས་དངུལ་གནང་བའི་མཛད་སྒོ་སྤེལ། 

ཟླ8པའི་ཚེས23ཉིན། ཨ་མཆོག་ས་ཁུལ་གྱི་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པས2024ལོའི་སློབ་ཞུགས་རོགས་དངུལ་གནང་བའི་མཛད་སྒོ་ཨ་མཆོག་གྲོང་རྡལ་ལོ་དགུའི་ལམ་ལུགས་སློབ་གྲྭ་རུ་སྤེལ།

ཨ་མཆོག་ས་ཁུལ་གྱི་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པའི་ཚོགས་གཙོའམ་ཨ་མཆོག་ས་ཁུལ་གྱི་སློབ་གསོའི་ཡབ་ཆེན་དུ་བསྔགས་པའི་ཨ་མཆོག་བསྟན་པ་གཙོ་བྱས་པའི་སློབ་གསོ་ཡར་སྐུལ་ཚོགས་པའི་མགོ་ཁྲིད་དང་། བསང་ཆུ་རྫོང་དང་ཨ་མཆོག་གྲོང་རྡལ་གྱི་འབྲེལ་ཡོད་མགོ་ཁྲིད། རོགས་དངུལ་ཐོབ་པའི་སློབ་མ་དང་ཁྱིམ་བདག་གི་འཐུས་ཚབ་བཅས་མཛད་སྒོར་ཞུགས།

ཐེངས་འདིར། བྱ་དགའ་ཐོབ་མཁན་གྱི་དགེ་རྒན་ཕུལ་བྱུང8ཡོད་པ་དང་། མི་རེར་སྒོར2000ཀྱི་བྱ་དགའ་བྱིན། འབུམ་རམས་པར་རྒྱུགས་འཕྲོད་མཁན་གྱི་སློབ་མ2ཡོད་པར། མི་རེར་སྒོར30000གྱི་རོགས་དངུལ་བྱིན་པ་དང་། འབུམ་རམས་པར་རྒྱུགས་འཕྲོད་མཁན་གྱི་ལས་བྱེད་པ1ཡོད་པར་སྒོར10000གི་རོགས་དངུལ་བྱིན། རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་མཁན་གྱི་སློབ་མ6ཡོད་པ་དང་། མི་རེར་སྒོར5000ཡི་རོགས་དངུལ་བྱིན། དངོས་གཞིར་རྒྱུགས་འཕྲོད་མཁན་གྱི་སློབ་མ41ཡོད་པ་དང་། མི་རེར་སྒོར1500གི་རོགས་དངུལ་བྱིན་ཅིང་། ཐེངས་འདིར་ཁྱོན་བསྡོམས་སྒོར183000གི་སློབ་ཞུགས་རོགས་དངུལ་གནང་།

བྱ་དགའ་ཐོབ་པའི་དགེ་རྒན་ཕུལ་བྱུང་གི་སྡེ།

རོགས་དངུལ་ཐོབ་པའི་འབུམ་རམས་པའི་སྡེ།

རོགས་དངུལ་ཐོབ་པའི་རབ་འབྱམས་ཞིབ་འཇུག་སློབ་མའི་སྡེ།

རོགས་དངུལ་ཐོབ་པའི་དངོས་གཞི་སློབ་མའི་སྡེ།

སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པའི་བྱ་བྱེད་པས2024ལོའི་སློབ་ཞུགས་རོགས་དངུལ་ཐད་ལ་ཞལ་འདེབས་གནང་མཁན་གྱི་མིང་ཐོ་དང་སྒོར་གྲངས་སྒྲོག་འདོན་བྱས་ཤིང་། ཨ་མཆོག་ས་ཁུལ་གྱི་སློབ་གསོར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་དག་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་དང་གུས་འདུད་ཞུས།

མཛད་སྒོར་ཞུགས་པའི་ཨ་མཆོག་བསྟན་པ་གཙོ་བྱས་པའི་ཨ་མཆོག་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པའི་མགོ་ཁྲིད་དང་། རྫོང་དང་གྲོང་རྡལ་གྱི་མགོ་ཁྲིད། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱིས་གཏམ་བཤད་གནང་སྟེ། འགྲན་རྩོད་ཛ་དྲག་ཆེ་ཞིང་འཕེལ་རྒྱས་ཀྱི་བང་ཁ་མགྱོགས་པའི་དུས་རབས་འདིའི་འགྲན་རྩོད་ཁྲོད་ཕམ་ཁ་མི་ཉོ་བར་རྒྱལ་ཁ་ལེན་དགོས་ན་ངེས་པར་དུ་ཤེས་རིག་གི་ལམ་ཁ་བསྙེག་དགོས་པ་དང་། སློབ་གསོ་ལ་མཐོང་ཆེན་བྱེད་པའི་ས་གནས་དང་མི་རིགས། རྒྱལ་ཁབ་ལ་ད་གཟོད་རེ་བ་ཡོད་པས། རོགས་དངུལ་ཐོབ་པའི་སློབ་མ་དག་གིས་དེ་རིང་གི་རྟིང་སྐུལ་འདི་མགོ་བརྩམ་ས་བྱས་ཏེ་སློབ་སྦྱོང་ལ་འབད་པ་བྱེད་པ་དང་ཁྱིམ་བདག་དག་གིས་བུ་ཕྲུག་གི་སློབ་གསོར་དང་དོད་བྱས་ནས་སློབ་སྦྱོང་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་དགོས་པའི་རེ་བ་བཏོན།

དེ་ཡང་། ཨ་མཆོག་སློབ་གསོའི་ཐེབས་རྩ་ཚོགས་པའི་རྨང་ནི་ལོ་རབས་བརྒྱད་ཅུའི་ནང་སྐུ་ཞབས་ཨ་མཆོག་བསྟན་པ་ལགས་ཀྱི་ཐུགས་རྗེའི་གཟི་འོད་ཀྱིས་བཙུགས་པ་ཞིག་ཡིན་ལ། དུས་དེར་ཁོས་ས་གནས་ཀྱི་སློབ་ཞུགས་སློབ་གསོའི་ཕྱོགས་སུ་འབད་འབུངས་སྒོས་སློབ་ཆུང་སློབ་མའི་ཇ་ཁང་གི་སྦྱིན་བདག་མཛད། རྗེས་སུ་དམའ་འབྲིང་སློབ་མ་སོགས་ཀྱི་འཚོ་བར་མཐུན་རྐྱེན་གང་ལེགས་བསྐྲུན་ཅིང་། རིམ་གྱིས་དངོས་གཞི་དང་ཞིབ་འཇུག འབུམ་རམས་པར་རྒྱུགས་འཕྲོད་མཁན་བཅས་ལ་རྒྱབ་སྐྱོར་བླ་མེད་གནང་སྟེ་ད་རག་བར་ཨ་མཆོག་ས་ཁུལ་གྱི་འབུམ་རམས་པ14དང་རབ་འབྱམས་ཞིབ་འཇུག་སློབ་མ100ལྷག དངོས་གཞི་སློབ་མ1000ལྷག་ལ་སློབ་ཞུགས་རོགས་དངུལ་གནང་། དེ་མིན་ཕུལ་བྱུང་དགེ་རྒན་སྐོར་ཞིག་ལ་ཡང་ཡར་སྐུལ་གྱི་བྱ་དགའ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号