ནང་བསམ་བློ་དང་ཕྱིའི་ཐོས་བསམ།

རྩོམ་པ་པོ།:དོ་རྒྱ་བསོད་ནམས་ཚེ་རིང་།

རང་རེ་རྣམས་འགྲོ་བ་མི་ཞིག་གི་སྐྱེ་བ་བཞེས་པ་ནས་བཟུང་སྟེ། སྤྱི་ཚོགས་ཀྱི་མི་ཞིག་མ་ཆགས་རང་ཆགས་ཡིན་ལ། སྤྱི་ཚོགས་ཀྱི་མི་ཞིག་ཆགས་པ་ལ་ཁ་ལ་ཟ་འཐུང་དང་། རྒྱབ་ལ་གོན་པ་འདང་ངེས་ཁོ་ནས་མི་ཆོག་པར་ནང་བསམ་བློའི་ཆ་ནས་དཔལ་དང་ལྡན་པ་ཞིག་ཆགས་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད། འོ་ན། གནད་དོན་དེ་ཅི་ལྟར་ཐག་གཅོད་དགོས་ཤེ་ན།  དེ་ནི་ཐོས་བསམ་ལ་བརྟེན་པ་ལས་ཐབས་གཞན་ཅི་ཡང་ཡོད་པ་མ་ཡིན་ཏེ། སྔོན་གྱི་དམ་པ་རྣམས་དགེ་རྒན་མ་བསྟེན་པར་མཁས་པར་གྱུར་སོང་བ་གཅིག་ཀྱང་མེད་ལ། ད་ལྟ་ཡང་མེད། མ་འོངས་པར་ཡང་ཡོད་མི་སྲིད་པ་སེམས་ཐག་གོར་མོ་རྡོ་ཡིན་ནི་རེད། དེས་ན་སྤྱིར་འགྲོ་བ་མི་ཞིག་ཡིན་པ་དང་། ལྷག་པར་དུ་བརྡ་འཕྲིན་གྱི་དུས་རབས་གསར་པ་ལ་ཁ་གཏོད་དགོས་ངེས་ཀྱི་དེང་རབས་སྤྱི་ཚོགས་ཀྱི་མི་ཞིག་ཡིན་ཕྱིན། ཅིས་ཀྱང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སློབ་སྔོན་དང་བཅས་པ་འགྲིམས་དགོས་ངེས་སུ་ཟད་ལ། གལ་ཏེ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མི་འགའ་ཞིག་དེ་ལྟར་ལམ་ལྷོང་མ་བྱུང་བའི་དབང་དུ་བཏང་ནའང་། ཕྱིས་སུ་སྤྱི་ཚོགས་ཀྱི་སྒང་ནས་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱའི་སྐོར་ནས་ཆད་པ་ཆེད་དུ་མཐུད་མ་ཐུབ་རུང་། ཁྲིམས་ལུགས་ཁྲིམས་སྲོལ་དང་། བརྡ་འཕྲིན་ལག་རྩལ་རྒྱུན་ཤེས། རང་བྱུང་ཕ་སྐད་དུ་གྱུར་པའི་བོད་སྐད་དང་། སྤྱི་ཚོགས་ཕ་སྐད་དུ་གྱུར་པའི་རྒྱ་སྐད་རྣམས་ནི་ཚད་ངེས་ཅན་ཞིག་ཅིས་ཀྱང་བྱང་དུ་ཆུབ་དགོས་པའི་ཤེས་བྱ་ཡིན་ལ། དེ་ཡང་ཡི་གེ་དང་ཚིག་གི་ཀློག་འདོན་ཁོ་ན་ཙམ་ཤེས་པས་མི་ཆོག་པར་ཚིག་གི་དོན་རྣམས་རང་རྒྱུད་ལ་སྦྱར་ཅིང་ཉམས་སུ་བླངས་ཏེ། རང་ཉིད་སྤྱི་ཚོགས་ལ་གནོད་པ་མེད་པའི་ཁར་ཕན་པ་དང་ལྡན་པའི་མི་ཞིག་ཆགས་གལ་ཆེའོ། །དེ་ཡང་ཞིབ་ཏུ་བཤད་ན། འགྲོ་བ་ལ་ཕན་པའི་གྲྭ་བ་དང་སྔགས་པ། ཇོ་མོ། དམངས་ལ་ཕན་པའི་མགོ་ཁྲིད། སློབ་མར་བྱམས་པའི་དགེ་རྒན། ནད་པར་བརྩེ་བའི་སྨན་པ། ཁྱིམ་མིར་བྱམས་པའི་བཟའ་དཔོན། ཕ་མར་སྲི་ཞུ་སྒྲུབ་པའི་བུ་ཕྲུག་སོགས་སུ་འགྱུར་པར་བྱེད་དགོས་སོ། །དེ་ལྟར་བྱས་པས་ད་གཟོད་འགྲོ་བ་མིའི་བདེ་སྐྱིད་དང་། སྤྱི་ཚོགས་ཀྱི་འཆམ་མཐུན། རྒྱལ་ཁབ་ཀྱི་བདེ་འཇགས། མི་སྒེར་གྱི་ཐོབ་ཐང་རྣམས་རྩོལ་མེད་རང་ཤུགས་ཀྱིས་ཐོན་ནས་ཡོང་བ་ན། རྫོགས་ལྡན་གྱི་བསྐལ་བ་ཞེས་པ་དང་དཔལ་ཡོན་གྱི་སྤྱི་ཚོགས་ཞེས་པ། འབྱོར་ལྡན་གྱི་འཚོ་བ་ཞེས་པའི་དཔལ་ལ་རོལ་བ་ཡིན་ཏེ། དེ་མིན་ནམ་ཡང་སྐྱོན་ཡོད་ཚད་གཞན་སྟེང་ནས་འཚོལ་བ་དང་དངོས་པོའི་དཔལ་ཡོན་དར་བ་ཁོ་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་མཚན་ཉིད་མི་ཚང་བ་ཤེས་སོ། 

དེ་བས་གཤམ་ནས་བདག་གིས་ཕྱིའི་ཐོས་བསམ་ལ་བརྟེན་ནས་བསམ་བློ་དཔལ་ཡོན་ཅན་དུ་ཅི་ལྟར་གཏོང་བའི་བསམ་ཚུལ་འགའ་རྨོངས་བློར་འཆར་བ་བཞིན་ཞུས་ན།
གཅིག དཔེ་ཆར་ལྟ་བའི་དུས

༡ ནང་གི་དུས

ནང་གི་དུས་ཞེས་པ་ནི་མི་རང་ཉིད་སོ་སོའི་ལམ་གྱི་གནས་སྐབས་ལྔ་ལ་བཤད་པ་ཡིན་ཏེ། ང་རང་ཆུང་དུས་དང་ལོ་ལོན་དུས་ལྟ་བུའོ། །དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱི་ལེགས་བཤད་ལས། “རིག་པ་གཞོན་པའི་དུས་ན་སློབ། །བ་ནི་དགུན་གྱི་དུས་སུ་གསོ། །ཞིང་ནི་སེར་དང་ལྡན་ལ་རྨོ། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །”ཞེས་གསུངས་པ་ལྟར། དཔེ་ཆར་ལྟ་བའི་དུས་ཕུན་སུམ་ཚོགས་པ་ནི། མི་རྣམས་ལོ་ན་གཞོན་པའི་དུས་ཡིན་ཏེ། དེ་ཡང་ཆུང་བའི་དུས་སུ་དཔེ་ཆར་ལྟ་བའི་དུས་ཕུན་སུམ་ཚོགས་པ་ཡིན་དོན་ཡང་། ལོ་ན་ཆུང་དུས་རིག་པ་གསལ་བ་ཁོ་ནས་མ་ཡིན་ཏེ། ཁྱིམ་སོ་ཚིས་ཀྱིས་མི་ཁོམ་པ་དང་། བྱིས་པ་གཉོར་སྐྱོང་། རྒན་པར་སྲི་ཞུ། སྤྱི་ཚོགས་ལས་རིགས་ཀྱི་འགན་ཁུར་མེད་པས་ཀྱང་ལོ་ན་གཞོན་དུས་སུ་དཔེ་ཆར་ལྟ་བའི་རྐྱེན་ཚང་ནས་འདུག་པས་རེད།ཡིན་ནའང།ལོ་ན་ཆུང་དུས་སློབ་གྲྭར་འགྲིམས་པ་དང་དཔེ་ཆར་བལྟས་པའི་བདེན་ཡུས་ཀྱིས་དར་མ་དང་རྒན་པ་ཆགས་དུས་དཔེ་ཆར་མ་བལྟས་ན། རལ་གྲིའི་ཁ་མ་བླངས་པ་དང་། ཞིང་ལ་ཆུ་མ་བཏང་བ་དང་ཀུན་ནས་མཚུངས་ཏེ། ས་སྐྱ་པཎྜི་ཏས། “རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །”ཞེས་གསུངས་པའི་ཤུགས་ལས། དཔེ་ཆར་ལྟ་བ་ཡིན་ན། ལོ་ན་ཆུང་བའི་རྨང་ལ་ཚེ་གང་བོར་ཁ་མཐུད་རྒྱག་དགོས་པའི་གནས་ལུགས་དང་ཆོས་ཉིད་བསྟན་ཡོད་པ་རེད། ཡང་གཅིག་བཤད་ན། མི་ཞིག་མཁས་པ་ཆགས་མ་ཆགས་དེ་ལོ་ན་ཆུང་དུས་ཤེས་ཡོན་བསླབས་པའི་རྒྱུ་དང་ཕྱིས་ཀྱི་རྒྱུན་འཁྱོངས་ཀྱི་རྐྱེན་གཉིས་ཚང་བས་ཡིན་པ་ཐག་གིས་ཆོད་པ་རེད

༢ ཕྱི་ཡི་དུས

ཕྱི་ཡི་དུས་ཞེས་པ་ནི། ལོ་དང་ཟླ་བ། ཉིན་མཚན་དུས་དྲུག་ལ་བཤད་པ་ཡིན་ཏེ། མི་ཞིག་ཡིན་ན་དཔེ་ཆར་ལྟ་བའི་ཕྱི་ཡི་དུས་ལེགས་ཤོས་གང་ཡིན་ཅེ་ན། ཡོན་ཏན་པའི་སྡེ་འདྲ་ཡིན་ན། ཉིན་ལ་མཚན་དང་། ཟླ་ལ་ཟླ། ལོ་ལ་ལོ་མཐུད་པའི་རྒྱུན་སྲོལ་ཡོད་པ་བཞིན་ཉིན་མཚན་ཁ་སྦྱོར་གྱིས་དཔེ་ཆར་བལྟས་ན་ཆོག་མོད། འོན་ཀྱང་། སྤྱིར་བཏང་གི་འབངས་མི་ཕལ་བ་དང་། ཞིང་བ། འབྲོག་པ། ལས་བྱེད་པ། དགེ་རྒན། སྨན་པ། ཚོང་བ་འདྲ་ཡིན་ན། ལས་ཀའི་སྒང་ལ་དཔེ་ཆར་ལྟ་ཁོམ་མེད་ཅིང་། ལས་ཀ་ཡོངས་སུ་མ་འགྲུབ་པར་དཔེ་ཆར་ལྟ་བའང་མི་རུང་བས། ནངས་དགུང་གཉིས་ལ་དཔེ་ཆར་ལྟ་བ་ནི་ཆེས་མཆོག་ཏུ་གྱུར་པ་ཡིན་ནོ། ། དེ་ལྟར་ཡིན་ཏེ། མི་ཚེ་དོན་དང་ལྡན་པར་འདོད་པའི་མི་ཞིག་ཡིན་ན། ཞོགས་པའི་དུས་ཚོད5:30—8:30བར་གྱི་ཐོར་ཐུན་དང་། དུས་ཚོད8:30—12:00བར་གྱི་སྔ་ཐུན། དུས་ཚོད2:30—6:00བར་གྱི་ཕྱི་ཐུན། དུས་ཚོད7:30—10:30བར་གྱི་སྲོད་ཐུན་གྱི་དབྱེ་བ་དང་ལས་ཀ་ཧ་ཅང་གསལ་པོ་གསལ་རྐྱང་ཡིན་ཅིང་། ཁྱིམ་པ་སྐྱ་བོ་ཞིག་ལ་མཚོན་ན། ཉིན་དཀར་ཕྱུགས་ཟོག་འཚོ་སྐྱོང་དང་། ཞིང་རྨོ་ལོག་རྒྱག །ཕྱིར་ཚོང་ནང་འདྲེན། དཔེ་ཁྲིད་མི་སྐྱོང་། སྲོག་སྐྱོབ་ནད་བཅོས་སོགས་རང་རང་གི་ལས་ཀ་ལ་འཇུས་དགོས་ཀྱང་། ཐོར་ཐུན་དང་སྲོད་ཐུན་གཉིས་ནི་མི་སྒེར་སུ་ལ་མཚོན་ཀྱང་རང་ཉིད་ཁོ་ན་ལ་དབང་བའི་དུས་ཚོད་ཁྱད་པར་བ་ཞིག་ཡིན་པ་མ་ཤེས་པར། སྔ་མོ་བྱ་ལྟར་ལངས། དགུང་མོ་ཁྱི་ལྟར་ཉལ་ན། ཁ་སོས་རྒྱབ་ཁེབས་ཙམ་ལས་གཞན་གྱི་ཡན་དང་ན་ཟླའི་མགོ་ལ་ཤོར་བའི་དཔེ་མེད་དོ། །གསལ་བར་བཤད་ན། འཇིག་རྟེན་འདི་ནས་མི་ཞིག་ཤངས་དང་མི་ཤངས་པའི་བར་ཁྱད་ནི་ཐོར་ཐུན་དང་སྲོད་ཐུན་གྱི་དུས་ཕུན་སུམ་ཚོགས་པ་འདི་བེད་སྤྱོད་ཤེས་མིན་ལ་རག་ལས་པ་སེམས་ཐག་གོར་མོ་རྡོ་ཡིན་ནོ། །སུ་ཞིག་གིས་བདག་ལ་ཁོམ་པ་དང་དུས་ཚོད་མེད་ཅེས་བརྗོད་པ་ནི། ནམ་ཡང་རང་མགོ་རང་གིས་གཡོགས་པའི་བྱ་སྤྱོད་དུ་ཟད་དེ། དེང་སང་གི་མིས་ནངས་དགུང་གཉིས་ལ་ཁ་པར་རྩེ་བ་ལས་དུས་ཚོད་གཅིག་རེ་དཔེ་ཆར་ལྟ་བར་བསྒྱུར་ཐུབ་པའི་དབང་དུ་བཏང་ན། ནམ་ཞིག་དཔལ་དང་ལྡན་པའི་འབངས་མི་ཞིག་རང་ཤུགས་ཀྱིས་ཆགས་པར་གདོན་མི་ཟའོ། །
གཉིས། དཔེ་ཆར་ལྟ་བའི་གནས

ཡོན་ཏན་པའི་སྡེའམ། དགོན་སྡེ་དང་སློབ་གྲྭ་འདྲ་ཡིན་ན། དཔེ་ཆར་ལྟ་བའི་གནས་གཏན་དུ་འཁེལ་ཅིང་ཧ་ཅང་གསལ་བས་འདིར་བཤད་པའི་དགོས་པ་མ་མཆིས་ལ། མང་ཚོགས་ཕལ་བ་འདྲ་ཡིན་ན། རང་གི་ཁྱིམ་དང་ཁྱིམ་གྱི་ཉལ་ས་དང་། དཔེ་ཁང་དང་མཆོད་ཁང་གང་ཡིན་ནས་བལྟས་ཀྱང་རུང་ལ། དེང་སང་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་ཏེ་སྡེ་བའི་དཔེ་ཀློག་ཁང་དང་། ཁྱིམ་ཚང་གི་དཔེ་ཁང་ཡང་ཆེད་དུ་ཡོད་པས་དེ་དག་བེད་སྤྱད་པར་བྱ་སྟེ། ལོ་རྒྱུས་ན་སུ་ཞིག་ལ་དཔེ་ཆར་ལྟ་སའི་གནས་ཀྱིས་དབུལ་བའི་ལོ་རྒྱུས་ཤིག་བཤད་དུ་མེད་དོ། །དེ་ཡང་རང་ཉིད་གང་དུ་བསྡད་ཀྱང་། གང་ལ་སོང་ཡང་ཁ་པར་བཞིན་དཔེ་ཆ་ཉེར་སྤྱོད་དུ་གྱུར་ཚེ་འགྲིགས་ནས་ཡོད་དོ། །
གསུམ། བལྟ་བྱའི་དཔེ་ཆ

སྔོན་མ་ཡིན་ན། དཔེ་ཆ་ཡིན་ན་བསྟན་བཅོས་ཡིན་པའི་ཁྱབ་མཐའ་བཀོད་ཆོག་པའི་ཚད་ཡིན་པ་རེད། དེང་སང་བརྡ་འཕྲིན་གྱི་དུས་རབས་ལ་སླེབས་ཟིན་པས། དཔེ་ཆ་ཡོད་ཚད་མཆོག་དང་། རབ་དང་། ཕུལ་དང་། ལེགས་པའི་ངེས་པ་གཏན་ནས་མ་མཆིས་པས། དཔེ་ཆར་ལྟ་ན། མཁས་པའི་གསུང་ལ་ཉན་ན། ངེས་པར་དཔེ་ཆ་གདམ་ཤེས་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན་ཏེ། རང་ཉིད་དད་པ་དང་ལྡན་པ་ཞིག་ཡིན་ན་ཆོས་དང་མཐུན་པའི་དཔེ་ཆ་ལ་ལྟ་བ་དང་། རང་ཉིད་འབངས་མི་ཞིག་ཡིན་ན་ཁྲིམས་དང་མཐུན་པའི་དཔེ་ཆར་ལྟ་བ་དང་། རང་ཉིད་ལག་རྩལ་པ་ཞིག་ཡིན་ན་ལག་རྩལ་གཞུང་ལུགས་དངོས་ལ་ལྟ་བ་དང་། རང་ཉིད་སྒྱུ་རྩལ་ལ་དུངས་པ་ཞིག་ཡིན་ནའང་དེ་བཞིན་དུ། ལུང་དང་ཁུངས་ཡོད་པ། བརྗོད་བྱ་དོན་ལྡན། རྗོད་བྱེད་སྙན་པ་སྟེ། མདོར་ན། དཔེ་ཆ“རྫུན་མ”དང་། རང་གི་ཤེས་ཚད་ཀྱིས་ཆོས་དང་ཆོས་མིན། རྒྱལ་ཁབ་ཕྱི་ནང་། མིའི་རིགས་ཀྱི་ལས་དབང་ཐག་བཅད་ནས་བཤད་པ་དང་འཆད་བཞིན་ཡོད་པའི་དུམ་གཅོད་དེ་དག་ལ་ལྟ་བ་ལས་མ་བལྟས་ན་བཟང་ལ། དཔེ་ཆར་བལྟས་ནས་གཡོ་སྒྱུ་དང་། ཁོང་ཁྲོ། འདོད་ཆགས་རྣམས་ཇེ་ཆེ་ནས་ཇེ་ཆེ་དང་ཇེ་བླུན་ནས་ཇེ་བླུན་དུ་འགྲོ་ན། དཔེ་ཆར་བལྟས་ནས་རང་ཉིད་ཀྱི་རྒྱུད་མ་རུང་བའམ་ཀུན་བརྟག་གི་མ་རིག་པའི་གཞན་དབང་དུ་གྱུར་སོང་བས་ལམ་ལོག་ཏུ་ཕྱིན་པ་རེད། འདི་ནས་དཔེ་ཆར་ལྟ་བ་ཞེས་པ་དང་གཞན་ཡང་སློབ་ཁྲིད་ལ་ཉན་པ་གཉིས་དོན་ལ་གཅིག་ཏུ་འབབ་པས། དེང་སང་མི་མང་པོས་ཁ་པར་གྱི་ནང་རྫོང་ལས“གདམས་ངག”ཉན་ནས་མི་ཚེ་ཟད་བཞིན་ཡོད་ནའང་། སོ་སོའི་ཕྱོགས་རིས་དང་། ཆགས་སྡང་། བླུན་ཞད་ཇེ་ཆེར་འགྲོ་བཞིན་པ་འདིས་ཀྱང་། དཔེ་ཆར་ལྟ་གལ་དང་སློབ་ཁྲིད་ལ་ཉལ་གལ་ཆེ་རུང་ལྟ་ལོག་དང་ཉན་ལོག་ཏུ་སོང་ན་དྲྭ་དཔོན་གན་གྱི་རང་བཞིན་ཡིན་པ་གསལ་བར་བསྟན་པ་རེད། དགེ་འདུན་ཆོས་འཕེལ་མཆོག་གིས། “དུས་གསུམ་རྗེན་པར་གཟིགས་པའི་མངོན་ཤེས་དང་། །རློམ་པའི་འོལ་ཚོད་སྨྲ་བའི་སྤོབས་པ་གཉིས། །གང་ལ་མེད་པའི་ཉམ་ཆུང་ང་འདྲ་དག །ལྐོག་གྱུར་ཡུལ་ལ་དཔྱད་ཚུལ་འདི་ཙམ་ཉིད། །”ཅེས་གསུངས་པ་ལས། ད་ནི“རློམ་པའི་འོལ་ཚོད་སྨྲ་བའི་སྤོབས་པ། །”ཁ་དར་བའི་དུས་ལ་ཐོན་ཟིན་པས། མཁས་པའི་གསུང་དང་དཔེ་ཆ་གདམ་གསེས་མ་ནོར་བ་གལ་ཆེའོ། །
བཞི། དཔེ་ཆར་ལྟ་བའི་གྲོགས

སྤྱིར་བཏང་དུ་བཤད་ན། མི་ཞིག་ཡིན་ཕྱིན། མི་ལ་མགོ་ཁང་པ་དང་། ལག་ཡོང་སྒོ་མཁོ་བ་བཞིན་དུ། འཇིག་རྟེན་གསོན་ངོགས་འདི་རུ་གྲོགས་ཤིག་ཅིས་ཀྱང་མཁོ་བ་ཡིན་ལ། མཐར་གཏུགས་ན་མི་ཤངས་པ་ནི་གྲོགས་ཀྱིས་ཕན་གདགས་པ་ལས་ཤངས་པ་ཤ་སྟག་ཡིན། ཡང་གཅིག་བཤད་ན། མི་ཞིག་གི་སྐྱེས་ཚད་དང་ཤངས་ཚད་དེ་ཐད་ཀར་གྲོགས་ཀྱིས་ཐག་གཅོད་བཞིན་ཡོད་པ་རེད་ཅེས་བཤད་ཀྱང་མི་ཆོག་པ་མེད་དོ། །དེ་ཡང་ཡིན་ཏེ། དཔོན་ལ་འགྲོགས་པས་དཔོན་དང་། ཚོང་བ་ལ་འགྲོགས་པས་ཚོང་། ཆང་འཐུང་ལ་འགྲོགས་པས་ཆང་འཐུང་དུ་འགྱུར་བ་བཞིན་དུ། དཔེ་ཆར་ལྟ་ནའང་། དཔེ་ཆར་ལྟ་བའི་གྲོགས་ཀྱི་ཁྱུད་མོ་ཞིག་དགོས་པ་རེད། བོད་ཀྱི་གཏམ་དཔེ་ལ། “ཟངས་ང་འགྲོགས་ན་དྲེད་མག་དང་། མཆོད་རྟེན་ལ་འགྲོགས་ན་དཀར་རག །”ཞེས་པས་མི་སྤྱི་ལ་འགྲོགས་ཚུལ་གལ་ཆེ་བ་དང་། ཞལ་ཤེས་སུ། “ཆོས་བླ་མ་ལས་ཉོན། རྩད་ཆོས་གྲོགས་ལ་ཆོད།”ཞེས་པས་ཀྱང་དཔེ་ཆར་ལྟ་བའི་གྲོགས་ཀྱི་གལ་ཆེན་རང་བཞིན་གསལ་བར་བསྟན་ནས་ཡོད་དོ། །
ལྔ། དཔེ་ཆར་ལྟ་བའི་ཚུལ

བདག་གིས་དཔེ་ཆར་ནམ་ཞིག་ལྟ་བའི་དུས་དང་། གང་ནས་ལྟ་བའི་གནས། གང་ལ་ལྟ་བའི་དཔེ་ཆ། དཔེ་ཆར་ལྟ་བའི་གྲོགས་བཅས་ཀྱི་ཐད་ནས་རང་གི་འདོད་ཚུལ་རེ་བཤད་ཟིན་ལ། ད་ནི་ཇི་ལྟར་ལྟ་བའི་ཚུལ་ཅུང་ཟད་བརྗོད་ན། རབ་ཡིན་ན། དཔེ་ཆར་ལྟ་བ་ལས་ཀྱང་ཐོག་མར་དཔེ་ཁྲིད་ལ་ཉན་པ་གལ་ཆེ་སྟེ། དེ་ལྟར་མ་ཡིན་པར་ཐད་ཀར་དཔེ་ཆར་བལྟས་ན། ཆོས་དང་། ཁྲིམས་དང་། ལག་རྩལ་སོགས་མང་པོ་ཞིག་གི་མན་ངག་དང་ཤུགས་བསྟན་དག་གོ་བར་མི་འགྱུར་པས། སྐབས་དེར་རང་གི་ཤེས་ཚོད་དང་འོལ་ཚོད་ཀྱིས་ཐག་བཅད་ནས་འགྲོ་བས། ཡི་གེ་ཤེས་པ་དང་དཔེ་ཆར་ལྟ་བ་མང་པོ་ཞིག་གིས་དཔེ་ཆར་ལྟ་བཞིན་དུ་ལོག་རྟོག་དང་སྐོར་ལོག་གི་འཁོར་ལོ་བསྐོར་བའང་དེའི་སྐྱོན་རེད། ཡང་གཅིག་བཤད་ན། དཔེ་ཆར་ལྟ་དོན་ནི་དང་པོ་རང་ལ་ཕན་ཐོགས་དོན་དང་ཕྱིས་སུ་གཞན་ལ་གོ་ཆོད་ངེས་ན་འཁྲིད་པར་བྱ་ཡི། “ལོང་བས་ལོང་བ་ཁྲིད་པ”ནི་གཏན་ནས་མི་རུང་ངོ་། 

མདོར་ན། ཁྱིམ་ཚང་དང་མི་སྒེར་གྱི་ཕྱུག་མིན་ནི་ཁང་པ་དང་། རླངས་འཁོར། ལས་བྱེད་པ། དོང་ཙེ་ཁོ་ནས་མི་འོངས་ཏེ། ཁྱིམ་ཚང་ལ་དཔེ་ཆ་ཡོད་མེད་དང་། དཔེ་ཁང་ཡོད་མེད་དང་། དགེ་བཤེས་ཡོད་མེད་དང་། མཁན་པོ་ཡོད་མེད་དང་། དཔེ་ཆར་ལྟ་མཁན་ཡོད་མེད་དང་། གཞན་ལ་ཕན་འདོགས་མཁན་ཡོད་མེད་ཀྱིས་ཀྱང་ངོ་ཞེས་ཞུས་པ་ཡིན་ལ། ནམ་ཞིག་དཔེ་ཆས་དཔེ་ཆ་བཙལ་བའི་ཚད་ལ་ཐོན་ན་རེ་བ་ཡོངས་སུ་འགྲུབ་པ་ཡིན་ནོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号