སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་ཇི་ལྟར་གསོ་སྐྱོང་བྱེད་ཚུལ་རགས་ཙམ་གླེང་བ།

སྤྱིར་རྩོམ་ཡིག་སློབ་ཁྲིད་ལ་དོན་དངོས་ཐོག་རིགས་གསུམ་ཡོད་དེ། རྩོམ་ཡིག་མ་བྲིས་གོང་གི་སློབ་སྟོན་དང་འབྲི་བའི་སྐབས་ཀྱི་རྩོམ་ཡིག་སྦྱོང་བརྡར། བྲིས་རྗེས་ཀྱི་རྩོམ་ཡིག་དཔྱད་བརྗོད་བཅས་ཡིན། དོན་དངོས་སུ་སློབ་ཁྲིད་ཁྲོད་དུ་མཛུབ་སྟོན་རིགས་གསུམ་པོ་དེ་ནི་ཡོངས་སུ་གྲུབ་པ་ཞིག་མ་ཡིན་པར། དགེ་རྒན་གྱིས་སློབ་ཁྲིད་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་གང་ལ་གང་འཚམ་གྱིས་སློབ་མར་ཁོང་དུ་ཆུད་པར་བྱེད་དགོས། འོས་འགན་སློབ་གསོའི་སྐད་ཡིག་གི་བསླབ་དེབ་ཏུ་ལྟ་ཀློག་དང་རྩོམ་འབྲིའི་ཕྱོགས་ཀྱི་བྱ་བ་གཉིས་མཉམ་དུ་འཛིན་དགོས་པའི་གལ་ཆེན་རང་བཞིན་བརྗོད་ཡོད་དེ། འཐུས་སྒོ་ཚང་བའི་རྩོམ་ཡིག་གི་སྦྱོང་བརྡར་ཐད་བསླབ་དེབ་ཏུ་བཀོད་སྒྲིག་བྱས་པའི་རྩོམ་འབྲིའི་ནང་དོན་ལ་རྟག་པར་སྦྱོང་བརྡར་བྱེད་རྒྱུ་གཙོ་ཆེ་ཞིང་དམིགས་ཡུལ་གཙོ་བོ་ཡང་དཔེ་ཀློག་གི་སློབ་ཁྲིད་དང་གཅིག་མཐུན་ཡིན། དེའི་ཕྱིར། ང་ཚོའི་སྐད་ཡིག་དགེ་རྒན་དག་གི་རྩོམ་ཡིག་སློབ་ཁྲིད་ཀྱི་ཆེས་རྩ་བར་གྱུར་པའི་ལག་ལེན་དང་། བྱེད་ཐབས་གཙོ་བོ་ཡང་སློབ་མར་སློབ་ཚན་ཁྲོད་ནས་རྩོམ་འབྲི་ལ་ཡང་ཡང་སྦྱོང་བ་བྱེད་དུ་འཇུག་རྒྱུ་དེ་ཡིན། དེ་ན། རྩོམ་ཡིག་ལེགས་པོ་ཞིག་བྲི་དགོས་ན་ནུས་པ་གང་དག་གདོན་དགོས་ཤེ་ན།

གཅིག མང་དུ་བལྟ་བ་དང་མང་དུ་ཉན་པ་ནི་སློབ་མའི་རྩོམ་ཡིག་འབྲི་བའི་རྨང་གཞི་ཡིན།

སློབ་ཆུང་གི་ལོ་རིམ་ལ་མཚོན་ན་སློབ་མའི་ལོ་ཚོད་ཅུང་ཆུང་བས། གལ་ཏེ་གློ་བུར་དུ་རྒྱ་ཆེ་ཞིང་གཏིང་ཟབ་པའི་དྲི་བ་ཞིག་བཏོན་ན་སློབ་མར་དཀའ་ཁག་ཆེ་བ་དང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་རྩོམ་ལེགས་པོ་ཞིག་འབྲི་མི་ཐུབ་པས། སློབ་མའི་རྩོམ་འབྲིའི་ཆུ་ཚད་ལ་ཞིབ་བཤེར་དང་རྒྱུས་ལོན་བྱེད་པར་ཡང་ཕན་མི་ཐོགས། དེར་བརྟེན། ང་ཚོས་ཐོག་མར་བརྗོད་བྱ་དང་། ཡང་ན་རྩོམ་འབྲིའི་རྒྱུ་ཆ་སོགས་ཆེད་དུ་སློབ་མས་སྦྱངས་ཟིན་པའི་སློབ་ཚན་དང་འབྲེལ་བ་དམ་ཟབ་ཡོད་པར་བྱེད་པ་དང་། དེ་ནས་སློབ་མའི་འཚོ་བའི་དོན་དངོས་ནས་མགོ་བརྩམས་ཏེ་སློབ་མར་རྩོམ་ཡིག་གི་བརྗོད་བྱའམ་ནང་དོན་འབྲི་དགོས་ཚུལ། ཇི་ལྟར་འབྲི་དགོས་པ་སོགས་ཤེས་སུ་འཇུག་རྒྱུ་དེ་གཙོ་ཆེ། རྩོམ་ཡིག་མང་དུ་འབྲི་རུ་བཅུག་ན་སློབ་མའི་བསམ་གཞིག་གི་ནུས་པ་མཐོར་འདེགས་དང་བསམ་པའི་འཆར་སྒོ་རྒྱ་བསྐྱེད་ཐུབ་པར་ཡང་ཕན།

གཉིས། དམིགས་ཡུལ་དང་རྩ་འཛུགས་ཡོད་པའི་སྒོ་ནས་མཛུབ་སྟོན་དང་དག་བཅོས་བྱ་དགོས།

རྩོམ་ཡིག་གི་སློབ་ཁྲིད་སྐབས་སུ་མ་རྩོམ་ལ་མཛུབ་སྟོན་བྱེད་པའི་སློབ་ཁྲིད་དེའང་ཆེད་དུ་སློབ་ཚན་གཅིག་གི་དུས་ཚོད་སྤྱད་ནས་སློབ་མར་མཛུབ་ཁྲིད་བྱེད་དགོས་པར་མ་ཟད། ཅི་ཐུབ་གང་ནུས་ཀྱིས་རྩོམ་ཡིག་འབྲི་སྟངས་འདྲ་བའི་སློབ་ཚན་མང་པོ་བཙལ་ནས་སློབ་མར་ཡང་དང་བསྐྱར་དུ་ཀློག་འདོན་བྱེད་དུ་འཇུག་པ་དང་། གོ་བ་ལེན་དུ་འཇུག་པ། དབྱེ་ཞིབ་བྱེད་དུ་འཇུག་རྒྱུ་དེ་ཧ་ཅང་གལ་ཆེ། སྤྱིར་རྩོམ་ཡིག་མཛུབ་ཁྲིད་ཀྱི་བྱ་བ་དེ་ཡང་ལས་སླ་ས་ནས་དཀའ་སར་རིམ་བཞིན་སྤོ་དགོས་པའི་བརྒྱུད་རིམ་ངེས་ཅན་ཞིག་ཡིན་མོད། འོན་ཀྱང་སློབ་ཁྲིད་བྱེད་སྟངས་གང་ཞིག་ཡིན་རུང་ངེས་པར་སློབ་མ་དག་ལ་ཐུན་དེའི་རྩོམ་ཡིག་གི་མཛུབ་ཁྲིད་ཁྲོད་ཀྱི་གཙོ་གནད་གང་ཡིན་པ་ཤེས་སུ་འཇུག་དགོས་ཤིང་། ཁ་བྱང་དང་ནང་དོན་གཅིག་འདྲ་འདེམས་དགོས་པར་མ་ཟད། མཛུབ་ཁྲིད་བྱས་རྗེས་དུས་ཐོག་ཏུ་རྩོམ་ཡིག་འབྲི་སྦྱོང་བྱེད་རྒྱུ་དང་ཞོར་དུ་སློབ་གསེང་གི་དུས་ཚོད་སྤྱད་ནས་དཔེ་ཀློག་བྱེད་རྒྱུ་དེའང་འགངས་ཆེ། དེ་བཞིན་འཚོ་བའི་ཁྲོད་དུ་དཔེ་ཀློག་མེད་ན་འཇིག་རྟེན་ལ་ཉི་འོད་མེད་པ་དང་འདྲ་ལ། རིག་པའི་གནས་ལ་དཔེ་ཀློག་མེད་ན་བྱ་རྒོད་ལ་གཤོག་པ་མེད་པ་དང་མཚུངས་པས། སློབ་ཆུང་སློབ་མའི་དུས་ནས་བཟུང་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་ཆགས་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་མཐོང་།

གསུམ། དུས་རྒྱུན་གྱི་སྐད་ཡིག་སློབ་ཁྲིད་ཀྱི་རྩ་བའི་རྨང་གཞིར་ཤུགས་བསྐྱེད་པ།

སྐད་ཡིག་སློབ་ཁྲིད་ཁྲོད་ནས་འོས་ཤིང་འཚམ་པའི་ལས་བྱའི་འཆར་འགོད་བཟོ་རྒྱུ་དེ་གཙོ་ཆེ་སྟེ། དཔེར་ན། ཚིག་སྒྲིག་པ་དང་ཉིན་ཐོ་འབྲི་བ་སོགས་ཀྱི་སྣ་མང་སྦྱོང་བརྡར་དང་། བརྡ་སྤྲོད་སྐོར་གྱི་ཕྲད་ཀྱི་སྦྱོར་ཚུལ་ཏེ་བྱེད་འབྲེལ་དང་ལ་དོན་གྱི་ཕྲད་ཀྱི་སྦྱོར་ཚུལ་སོགས་ལ་རེ་བ་ནན་མོ་བཏོན་ཏེ་ཚིག་སྦྱོར་ཁ་གསལ་ལ་གོ་བདེ་བ་འོང་དགོས། ཚིག་སྒྲིག་ལ་མཚོན་ན་ཡང་ཡིག་འབྲུ་ཉུང་བ་ནས་རིམ་བཞིན་ཇེ་མང་དུ་གཏོང་བའི་ཕྱོགས་ཀྱི་སྦྱོང་བརྡར་ལ་འཇུག་པ་སྟེ། དཔེར་ན། དཔེ་ཆོས་དང་རྒྱན་ཚིག་སོགས་ཀྱི་ཚིག་སྣ་ཚོགས་བཀོལ་ནས་ཚིག་གི་སྦྱོར་བ་ཡང་དག་ཅིག་འཁྱོངས་པར་བྱས་ཏེ། སློབ་མའི་བློ་རིག་གི་མྱུར་སྟོབས་ལ་སྦྱོང་བ་བྱ་དགོས། ཉིན་ཐོ་དང་བསླབས་ཟིན་པའི་སློབ་ཚན་གྱི་ནང་དོན་བསྐྱར་བཤད་དང་། བསྡུས་འབྲི། རྒྱས་འབྲི་སོགས་ཀྱི་ཐབས་རྩལ་ལ་བརྟེན་ནས། སློབ་མ་རང་ཉིད་ལ་རྒྱུས་མངའ་ཡོད་པའི་ཤེས་བྱའི་རིགས་བརྗོད་བྱར་དྲངས་ན་སློབ་མ་དག་གི་རྩོམ་ཡིག་གི་རྒྱུ་ཆ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ཞིང་། བསམ་བློའི་ཆུ་ཚད་ཀྱང་དེ་བཞིན་དུ་ཇེ་མཐོ་དང་། ལྟ་རྒྱ་དང་ཐོས་རྒྱ་ཡང་ཇེ་ཆེར་འགྲོ་ཐུབ་པ་ནི་གདོན་མི་ཟ།

བཞི། འབྲི་སྟངས་ཀྱི་ཕྱོགས་ནས་ཚན་རིག་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་དགོས།

མི་སྣ་གཙོ་བོར་བརྗོད་པའི་རྩོམ་ཡིག་འབྲི་བའི་དབང་དུ་བཏང་ན། སྤྱིར་བཏང་དུ་ང་ཚོས་མི་སྣའི་ཁྱད་ཆོས་བཟུང་ནས་འབྲི་དགོས་ཏེ། མི་སྣ་དེའི་རིག་པའི་འཆར་སྒོ་དང་། བསམ་པའི་འཁྱེར་སོ། རྒྱུད་ཀྱི་ཡོན་ཏན་བྲིས་ན་སྣང་བརྙན་གསོན་པོ་ཞིག་འབྲི་ཐུབ་ལ། དེ་བཞིན་མི་སྣ་དེ་འབུར་དུ་ཐོན་པ་ཞིག་འབྲི་ན་རྒྱུན་དུ་གཟུགས་དབྱིབས་འབྲི་བའི་བྱེད་ཐབས་ལ་བརྟེན་དགོས་ཏེ། དེ་ཡང་མི་བརྒྱ་གདོང་གཅིག་གི་ཚུལ་དུ་མི་འགྲོ་བར། ལོ་ཡི་ཆེ་ཆུང་དང་། གཟུགས་ཀྱི་རིང་ཐུང་། ལུས་ཀྱི་སྦོམ་ཕྲ། གོས་ཀྱི་ཁ་དོག ལུས་ཀྱི་ཉམས་འགྱུར་བཅས་གཞན་དང་མི་མཚུངས་པའི་ཁྱད་ཆོས་དམིགས་སུ་བཟུང་ནས་བྲིས་ན་དེ་དག་རྩོམ་ཡིག་གི་བརྗོད་བྱའི་སྙིང་བོ་མཚོན་པའི་གྲོགས་སུ་འགྱུར་ཐུབ།

བྱ་འགུལ་ལམ་འགུལ་སྐྱོད་གཙོ་བོར་ཞིབ་འབྲི་བྱེད་དུས་སུའང་། གཅིག་ནི"བྱ་བ་ཅི་ཞིག་བྱ་རྒྱུ"ཡིན་པ་བྲི་དགོས་པ་དང་། གཉིས་ནི"བྱ་བ་དེ་ཇི་ལྟར་བྱ་རྒྱུ"ཡིན་པ་དེ་བྲི་དགོས། དཔེར་ན། 《ནོ་སྦེལ》ཞེས་པ་ལས། "ནོ་སྦེལ་གྱིས་ཐེངས་ཤིག་ལ། ཁོང་སྐུ་དངོས་ཚོད་ལྟའི་ཁང་དུ་སོང་ནས་མེ་རྟ་སྦར་ཏེ། མེ་རྟ་སི་རུ་རུ་འབར་ནས་འགྲོ་བར་མིག་ཅེ་རེར་བལྟས་པ་དང་། མེ་སྟག་འགད་རྫས་དང་ཐུག་ལ་ཉེ་དུས། ནོ་སྦེལ་གྱི་སྙིང་ལྟིག་ལྟིག་ལྡིང་། འོན་ཀྱང་མིག་ཟུང་གིས་འགད་རྫས་ལ་ཅེ་རེར་བལྟས་ནས་བསྡད། འགད་སྒྲ་ཆེན་པོ་ཞིག་གྲག་ནས་ས་གཞི་འདར་དུ་བཅུག་པ་དང་། དུད་ནག་ལང་ལོང་དུ་འཕྱུར། མི་རྣམས་འདྲོགས་ཤིང་འཚབ་ནས་ནོ་འབེར་ཚར་སོང་། ནོ་འབེར་ཚར་སོང་ཞེས་སྐད་བརྒྱབ། གློ་བུར་དུ་ལུས་ཧྲིལ་པོ་ཁྲག་གིས་སྦགས་པའི་མི་དར་མ་ཞིག་དུད་ནག་ལས་མཆོངས་ནས་འོངས་ཏེ། ལེགས་གྲུབ་བྱུང་སོང་། ལེགས་གྲུབ་བྱུང་སོང་ཞེས་སྐད་བརྒྱབ་པ་དང་། དེ་ནི་ནོ་སྦེལ་ཡིན་ནོ"ཞེས་པའི་ཚིག་འདིར་མཚོན་ན། "མེ་རྟ་སི་རུ་རུ་འབར་ནས་འགྲོ་བར་མིག་ཅེ་རེར་བལྟས"ཞེས་པ་དང་། "གློ་བུར་དུ་ལུས་ཧྲིལ་པོ་ཁྲག་གིས་སྦགས་པའི་མི་དར་མ་ཞིག་དུད་ནག་ལས་མཆོངས་ནས་འོངས་ཏེ་ལེགས་གྲུབ་བྱུང་སོང་། ལེགས་གྲུབ་བྱུང་སོང"ཞེས་སྐད་བརྒྱབ་པ་ལས་ཁོང་ནི་མི་སྙིང་སྟོབས་ཅན་དང་བྱ་བར་བློ་སེམས་རྩེ་གཅིག་ཡིན་པའི་སྣང་བརྙན་གསོན་ཉམས་ལྡན་པར་བཏང་ཡོད་པ་ལྟ་བུ། མི་སྣ་ཕན་ཚུན་བར་གྱི་སྐད་ཆ་དང་གཏམ་གླེང་འབྲི་དུས། སྐད་ཆ་དེ་མི་སྣ་དང་མཐུན་དགོས་རྒྱུ་གཙོ་ཆེ་ལ་མི་སྣའི་ཐུན་མིན་གྱི་ཁྱད་ཆོས་ལ་གཞིགས་ཏེ་མི་སྣའི་སྐད་ཆ་རེ་རེའང་མི་འདྲ་བར་བྲི་རྒྱུ་ཧ་ཅང་གལ་ཆེ།

དཔེར་ན།《བློ་རྩེ་གཅིག་སྒྲིམ》ཞེས་པའི་སློབ་ཚན་ལས། "ལོ་ཏན་གྱིས་ཁོའི་བློས་ཐུབ་ཀྱི་གྲོགས་པོ་ཁྲིད་དེ་རང་གི་ལས་སྒྲུབ་ཁང་ལ་བལྟ་རུ་སོང་། གྲོགས་པོ་ཚི་ཝེ་ཀུས་ལོ་ཏན་གྱི་ཕུལ་དུ་བྱུང་བའི་བརྩམས་ཆོས་གསར་པ་གྲུབ་པར་རྟེན་འབྲེལ་ཞུས། དེ་ནས་ལོ་ཏན་གྱིས་འཇིམ་བརྙན་དེར་ཡུད་ཙམ་ལ་ཞིབ་ལྟ་བྱས་རྗེས། སྨིན་མ་བསྡུས་ཏེ།'འོ། འགྲིག་མི་འདུག ད་དུང་སྐྱོན་ཡོད་པ་རེད།·······དཔུང་བ་གཡས་པ་ཅུང་ཟད་ཡོ་འདུག ངོ་ན་ཡང·······དགོངས་པ་མ་ཚོམས། ང་ལ་ཅུང་ཟད་སྒུག་དང'ཞེས་བཤད་ནས། མྱུར་དུ་འཇིམ་བཟོའི་ལག་ཆ་བཟུང་ནས་བཟོ་བཅོས་བྱས། ཚི་ཝེ་ཀུས་འཇིམ་བཟོ་མཁན་པོའི་བྱ་བར་བར་ཆད་གཏོང་བར་དོགས་ནས་ཁ་རོག་གེར་བལྟས་ནས་བསྡད་ཅེས་པ་དང་། ཡང'ཀྭ་ཡེ། བརྩེ་ལྡན་གྱི་གྲོགས་པོ་ལགས། ཁྱོད་ལ་ཅི་བྱུང་བ་ཡིན། ང་ད་དུང་ཁང་བའི་ནང་དུ་ཡོད།'ཅེས་བཤད་པ་ན། ལོ་ཏན་གྱིས་ད་གཟོད་ཁོའི་མགྲོན་པོ་ཡིད་ལ་དྲན་ཞིང་། མྱུར་དུ་སྒོ་ཕྱེ་ནས'ཨ། ངའི་དྲན་པ་འདི། ངོ་མ་ཁྱེད་རང་བརྗེད་འདུག དགོངས་པ་མ་ཚོམས། དགོངས་པ་མ་ཚོམས་ཞེས་ཚི་ཝེ་ཀུ་ལ་བཟོད་གསོལ་ཞུས' "ཞེས་པའི་ཚིག་ཐུང་ངམ་སྐད་ཆ་འདི་དག་ལས་སྐུ་ཞབས་ལོ་ཏན་ནི་བྱ་བར་ཧ་ཅང་གཟབ་ནན་ཡིན་པས་རང་གི་གྲོགས་པོ་རང་དང་མཉམ་དུ་ཡོད་པའང་བརྗེད་པའི་ཚུལ་ལ་ཐོན་འདུག་པ་དེ་མངོན་པར་མཚོན་པ་ལྟ་བུ།

གཞན་ཡང་། བསླབ་ཚན་ཁྲོད་ཀྱི་རི་མོ་དང་འབྲེལ་ཡོད་ཀྱི་ཤེས་བྱ་སྐོར་ཞིག་སློབ་མར་རི་མོར་བལྟས་ཏེ་སྐད་ཆ་བཤད་པའི་ནུས་པ་སྦྱོང་བརྡར་དང་བརྒྱུད་ནས་བསམ་བློ་གཏོང་ཕོད་པ་དང་། ངག་ཐོག་ནས་བཤད་ཕོད་པ་དང་བཅས། རིམ་བཞིན་གྲོས་བསྡུར་བྱེད་པའི་བྱ་འགུལ་སོགས་བརྒྱུད་ནས་ཡིག་ཐོག་ཏུ་ཕབ་བཤུས་བྱེད་པར་སྦྱོང་བ་བྱས་ནས་སློབ་མའི་རྩོམ་ཡིག་འབྲི་བའི་སྤོབས་པ་དང་། བློ་སྐྱེད། སྤྲོ་སྣང་བཅས་ལ་མཐོང་ཆེན་དང་དོ་སྣང་བྱ་དགོས། དགེ་རྒན་གྱིས་ཀྱང་ཁྲིད་སྟོན་བྱེད་སྐབས་སློབ་མའི་བཟང་ཕྱོགས་ལ་བསྟོད་བསྔགས་བྱེད་ཤེས་དགོས་ཏེ་གང་ལ་གང་འཚམ་དང་དེ་ལ་དེ་མཐུན་གྱི་དཔྱད་བརྗོད་ལེགས་པོ་འབྲི་བའང་གལ་འགངས་ཤིན་ཏུ་ཆེའོ། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号