བོད་ཀྱི་ཁྱིམ་ཚང་སློབ་གསོའི་ཁྱད་ཆོས་རགས་ཙམ་གླེང་བ།

ཁྱིམ་ཚང་སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་གང་ལ་ཆ་མཚོན་ནས་བཤད་ནའང་ཆེས་གཞི་རྩར་གྱུར་པའི་སློབ་གསོའམ་ཡང་ན་གལ་འགངས་ཆེ་ཤོས་ཀྱི་སློབ་གསོ་དེར་བརྩི་བཞིན་ཡོད། དེ་བཞིན་དུ་རང་རེར་མཚོན་ནའང་གནའ་སྔ་མོ་ནས་བཟུང་ཆེ་བཀུར་ཆུང་བྱམས་དང་བྱས་པ་དྲིན་གཟོ་སོགས་ཡ་རབས་གུས་ལུགས་དང་མཐུན་པའི་སློབ་གསོར་གཙིགས་ཆེན་བྱེད་པར་མ་ཟད། རི་ཆུ་ནགས་གསུམ་སྲུང་སྐྱོབ་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་གནས་ཡོང་བར་འབད་པ་དང་། མི་ཆོས་ཀུན་སྤྱོད་དང་མི་མཐུན་པའི་འཛེམ་བྱ་ངོ་ཚའི་སྐོར་གྱི་སློབ་གསོར་ཡང་ཤིན་ཏུ་དོ་སྣང་བྱེད་པ་རེད། ཕ་མེས་ཀྱི་རིང་ནས་བརྒྱུད་པའི་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱིམ་ཚང་སློབ་གསོས་དུས་ད་ལྟའི་བར་དུའང་རྒན་དར་གཞོན་གསུམ་མང་པོར་མི་ཚེ་དོན་དང་ལྡན་པར་འགྱུར་བར་ཤན་ཤུགས་གང་ལེགས་ཐེབས་ཡོད།

གཅིག མི་ཆོས་ཀུན་སྤྱོད་གཙོར་འཛིན་པ།

རང་ཅག་ནི་གནའ་ནས་བཟུང་མི་རིགས་གཞན་དག་དང་མི་འདྲ་བར་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀྱི་ཚུལ་ལུགས་ལེགས་པར་སྲུང་བའི་མི་རིགས་ཤིག་ཡིན། རྒྱུ་མཚན་དེའི་དབང་གིས་མི་མང་པོ་ཞིག་གིས་དུས་ད་ལྟའང་རང་ཅག་ནི་ཁྲེལ་དང་ངོ་ཚ་བརྩི་ཞིང་ལས་རྒྱུ་འབྲས་སྲུང་བའི་མི་རིགས་ཡ་རབས་ཤིག་རེད་ཅེས་བསྟོད་བསྔགས་བྱེད་པ་ཡང་དངོས་ཡོད་གནས་ཚུལ་དང་མཐུན། ཀུན་སྤྱོད་ནི་མི་ཆོས་ཀྱི་གཞི་རྩ་ཡིན་པས་ས་པཎ་གཙོས་པའི་སྔོན་བྱོན་མཁས་དབང་རིམ་བྱོན་གྱིས་ཀྱང་དེའི་སྐོར་གྱི་ལེགས་བཤད་དང་བསྟན་བཅོས་མང་དུ་མཛད་ཡོད། ལེགས་བཤད་དེ་དག་ལ་བརྟེན་ནས་རང་རེའི་ཕྱི་རབས་པ་མང་པོ་ཞིག་གི་ཀུན་སྤྱོད་ལེགས་ལམ་དུ་འགྲོ་བར་ཤན་ཤུགས་བཟང་པོ་ཐེབས་ཡོད་པས་མི་ཚད། ཐ་ན་ཁྱིམ་ཚང་ཕལ་བ་རེ་རེའི་ཟ་མ་ཟ་ལུགས་དང་སྐད་ཆ་བཤད་ལུགས། གཞན་ལ་བརྩི་འཇོག་བྱེད་ལུགས་སོགས་ཀྱི་སྤྱོད་ཚུལ་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། སྤྱིར་ཁྱིམ་ཚང་སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པར་མི་སུ་ཞིག་ཡིན་རུང་མྱོང་གིན་ཡོད་པ་ནི་རྩོད་མེད་རེད།

ཡིན་ནའང་སོ་སོའི་སྐད་ཡིག་དང་གནས་ཡུལ། འཚོ་རྟེན་དང་དད་མོས་སོགས་མི་འདྲ་བའི་དབང་གིས་སློབ་གསོ་གཏོང་སྟངས་ཀྱང་མི་འདྲ་བ་ཡིན། འོན་ཀྱང་། མི་རིགས་བྱིངས་ཀྱིས་ཞིང་ཕྱུགས་གཉིས་ཀའི་འཚོ་རྟེན་གཉེར་བ་གཙོ་ཆེ་བའི་རང་མི་རིགས་ལྟ་བུར་མཚོན་ནས་བཤད་ན་མི་རིགས་རང་ལ་གཞན་དང་ཐུན་མོང་མ་ཡིན་པའི་སློབ་གསོ་གཏོང་སྟངས་དང་སེམས་ཁམས་ཤིག་ཆགས་ཡོད་པ་ནི་ལྟ་ཅི་སྨོས།

བོད་ཀྱི་ཁྱིམ་ཚང་ཞིག་ཡིན་ཕྱིན་བྱིས་པར་ཆུང་དུས་ནས་སྤྱོད་པ་ལེགས་པའི་མི་བཟང་པོ་ཞིག་ཇི་ལྟར་བྱ་དགོས་ཚུལ་གྱི་སློབ་གསོ་གཏོང་གིན་ཡོད། དཔེར་ན། ཕ་མས་བྱིས་པར་ཆུང་དུས་ནས་གཞན་གྱི་དངོས་པོ་གང་འདོད་དུ་མི་འཁྱེར་བ་དང་རྫུན་མི་བཤད་པ། སྲོག་ཆགས་ཆུང་ཆུང་ལ་གཅེས་སྐྱོང་བྱེད་པ། མི་གཞན་གྱི་སྐྱིད་སྡུག་ལ་བསམ་ཤེས་བྱེད་དགོས་ཚུལ་སོགས་མི་ཆོས་ཀུན་སྤྱོད་དང་འབྲེལ་བའི་སློབ་གསོ་སྣ་ཚོགས་གཏོང་བར་བྱེད། དེ་དག་ཡོད་ཚད་ནི་མི་ཞིག་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་མེད་དུ་མི་རུང་པའི་སློབ་གསོའི་ཆ་ཤས་ཤིག་ཡིན་པར་མ་ཟད་མི་གཞི་བརྟན་པོ་ཞིག་ཆགས་པའི་གཞི་མར་ཡང་གྱུར་ཡོད།

ཁྱིམ་ཚང་དུ་དུས་རྒྱུན་ཕ་མས་མི་སྤྱོད་བཟང་ཞིག་བྱེད་དགོས་ཚུལ་གྱི་སློབ་གསོ་གཏོང་བ་ལས་གཞན་རུ་སྡེ་གཅིག་པའི་མི་རྒན་བསམ་ཤེས་དག་གིས་ཀྱང་ཡ་རབས་གཞུང་དྲང་གི་མི་བཟང་པོ་ཞིག་བྱེད་དགོས་ཚུལ་གྱི་སློབ་གསོའང་གཏོང་སྲིད། འདི་ལས་རང་རེའི་མི་རྣམས་ཀྱི་སེམས་ངོར་བྱ་བ་གང་དང་གང་ལ་འཇུག་ནའང་མི་ཆོས་ཀུན་སྤྱོད་ནི་རྩ་བ་ཡིན་པའི་བག་ཆགས་མཐུག་པོ་ཞིག་ཆགས་ཡོད་པ་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ། མི་ཆོས་ཀུན་སྤྱོད་བཟང་ཞིང་མི་གཞི་ལེགས་ན་རང་གཞན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་མི་ཚེའང་དོན་དང་ལྡན་པར་འགྱུར་བ་རེད།

གཉིས། ཆེ་བཀུར་ཆུང་བྱམས་ཀྱི་རྒྱུན་སྲོལ་རིང་བ།

སྤྱིར་འཇིག་རྟེན་གྱི་མི་སུ་ཞིག་ཡིན་རུང་སྐྱེ་རྒ་ན་འཆིའི་ཆོས་ཉིད་ཀྱི་དབང་དུ་མི་འགྱུར་བ་གཅིག་ཀྱང་མེད་མོད། དེང་སང་མི་འགའ་ཤས་ཀྱིས་རང་ཉིད་ནམ་ཡང་རྒས་རྒྱུ་མེད་པ་དང་རྒས་མི་སྲིད་པ་ལྟ་བུའི་འཁྲུལ་སྣང་དང་རློམ་སེམས་ཤིག་བཅངས་ཏེ། རྒན་པ་དང་བྱིས་པ་རྣམས་ལ་མནར་གཅོད་གཏོང་བ་དང་མཐོང་ཆུང་བྱེད་པ་སོགས་སྤྱོད་ངན་ཚད་ལས་འདས་པའང་སྤེལ་གྱིན་ཡོད། དཔེར་ན། ཕ་མར་སྙོར་སྐྱོང་མི་བྱེད་པར་ཁེར་རྐྱང་དུ་ལོགས་སུ་སྡོད་དུ་འཇུག་པ་དང་ཟས་གོས་འགྲོ་འདུག་ལ་སེམས་ཁུར་གང་ཡང་མི་བྱེད་པ་སོགས་ནི་ཤིན་ཏུ་ཡིད་ཕངས་པ་ཞིག་རེད། རང་ཅག་ནི་སྔར་ནས་བཟུང་ཆེ་བཀུར་ཆུང་བྱམས་ཀྱི་གུས་ལུགས་བཟང་པོ་ལྡན་པ་ཞིག་ཡིན་པས་བྱིས་པ་ཚོར་ཆུང་དུས་ནས་བཟུང་མ་བསླབ་མ་སྐུལ་པར་རང་ཤུགས་ཀྱིས་རྒན་པར་བཀུར་བསྟི་དང་ཆུང་བར་བྱམས་སྐྱོང་བྱེད་པའི་བག་ཆགས་ཡག་པོ་ཞིག་རང་རྒྱུད་ལ་གྲུབ་ཡོད། དེ་ནི་རྒྱུ་མེད་རྐྱེན་མེད་ཀྱིས་གྲུབ་པ་ཞིག་མ་ཡིན་པར་ཕ་མེས་ཀྱི་རིང་ནས་བརྒྱུད་པའི་ཁྱིམ་ཚང་སློབ་གསོའི་ཤུགས་རྐྱེན་ལས་བྱུང་བ་ཞིག་རེད།

སྔར་ལོ་པཎ་དག་གིས་ཐོག་མར་བླ་མ་བསྟེན་ཏེ་བཀུར་བསྟི་བྱས་པའི་ཚད་དང་བླ་མས་ཀྱང་སློབ་མ་བྱམས་ཀྱིས་བསྐྱངས་ཏེ་ཤེས་བྱ་དང་འདོད་ཡོན་ཕངས་མེད་ཀྱིས་ཚིམ་པར་བྱས་པའི་ཚད་ནི་དེང་སྐབས་ང་ཚོའི་བློ་ཡུལ་ལས་འགོངས་པ་ཞིག་རེད། བག་ཆགས་ཡག་པོ་དེའི་རྒྱུན་བསྲིངས་ཏེ་དུས་ད་ལྟའང་སྤྱི་ཚོགས་ཀྱི་བྱེད་སྒོ་འདྲ་མིན་གང་ཞིག་སྤེལ་རུང་མཁས་བླུན་གྱི་དབྱེ་བ་མེད་པར་རྒན་པ་རྣམས་གྲལ་མགོར་བཞག་སྟེ་གཙོ་བོ་བྱེད་ཀྱིན་ཡོད་པ་དང་། རྒན་པ་རྣམས་ཀྱིས་ཀྱང་ཕྱིར་གཞོན་པ་རྣམས་ལ་མི་ཚེའི་སྐྱིད་སྡུག་གི་ཉམས་མྱོང་དང་བྱ་བའི་འཇུག་ལྡོག་གི་གནས་ལུགས་མང་པོ་ཞིག་བརྗོད་ནས་ལམ་སྟོན་གང་ལེགས་གནང་གིན་ཡོད། རྒན་པ་ལ་མི་གུས་པ་དང་ཚིག་ངན་སོགས་སྨྲ་བའི་མི་དག་ལ་ཀུན་གྱིས་སྨོད་ཅིང་མ་རབས་ཀྱི་གྲས་སུ་འཇོག་པ་ཡིན། དེ་བཞིན་དུ་ཆུང་བར་བྱམས་སྐྱོང་མི་བྱེད་པའི་མི་རྒན་དག་ལའང་གཞན་གྱིས་བཀུར་བསྟི་དང་བརྩི་འཇོག་དེ་འདྲ་ཐོབ་མི་སྲིད། གོང་དགེ་བའི་བཤེས་གཉེན་དང་མཁས་དབང་དག་གིས་ཀྱང་དུས་རྒྱུན་ང་ཚོར་ཆེ་བཀུར་ཆུང་བྱམས་ཀྱི་ལུགས་སྲོལ་བཟང་པོ་ཉམས་མི་རུང་བའི་དྲན་སྐུལ་གཏོང་གིན་ཡོད། དྲིན་དྲན་པ་དང་དྲིན་གཟོ་བ་དང་དྲིན་ཤེས་པའི་མི་ཞིག་ལ་ཆ་མཚོན་ན་རང་གི་ཕ་མ་དང་རྒན་གྲས་ལ་བརྩི་འཇོག་བྱེད་པ་ནི་གཞན་གྱིས་སྐུལ་མི་དགོས་པའི་རྒྱུན་ཤེས་ལྟ་བུར་གྱུར་ཡོད།

གསུམ། འཛེམ་བྱའི་རིག་གནས་ལ་དང་དོད་ཆེ་བ།

བོད་ཀྱི་ཁྱིམ་ཚང་སློབ་གསོའི་ཁྲོད་དུ་འཛེམ་བྱའི་རིག་གནས་ལ་དང་དོད་ཤུགས་ཆེར་བྱེད་པས་ནང་དོན་དང་རྣམ་པ་ཡང་ཕུན་སུམ་ཚོགས་པ་ཞིག་ཡིན། ཁྱིམ་ཚང་གི་ནང་ནས་མི་རྒན་དག་གིས་བྱིས་པ་ལོ་ཆུང་ཡོད་སར་མི་གཞན་ལ་ངན་སྨོས་དང་ཚིག་རྩུབ་སོགས་སྨྲ་བའི་སྐད་ཆའི་རིགས་བཤད་པར་འཛེམ་དོགས་བྱེད་པར་མ་ཟད། དེ་མིན་ཕོ་མོ་ཕན་ཚུན་བར་གྱི་འདོད་གཏམ་རྩེད་མཚར་དང་ཁ་ཤུ་འདེབས་པ་དང་བཀྲ་མི་ཤིས་པའི་གཏམ་སྨྲ་བ་སོགས་ལའང་འཛེམ། གལ་སྲིད། ཁྱིམ་ཚང་གི་ནང་ནས་ཆགས་གཏམ་དང་བཀྲ་མི་ཤིས་པའི་སྐད་ཆ་གང་འདོད་དུ་བཤད་ཚེ་ཕ་མས་རྗེས་ཕྱོགས་ཁྱིམ་ཚང་ནང་ཁུལ་ནས་སྐད་ཆ་གང་དག་བཤད་རུང་བ་དང་གང་དག་བཤད་མི་རུང་བ་སོགས་ཀྱི་ཁ་ཏ་དང་སློབ་གསོ་ནན་མོ་གཏོང་བར་བྱེད། དེ་མིན་ཤ་ཚ་ཉེ་འབྲེལ་མང་པོ་འདུ་སར་ཡང་གང་འདོད་དུ་གཅིན་སྐྱག་གཏོང་བ་དང་ལ་གཞས་ལེན་མི་རུང་། དུས་རྒྱུན་བྱིས་པ་པྲ་ཚག་དང་མ་རབས་དག་གིས་ཀྱང་ཁྱིམ་ཚང་གི་ནང་ནས་སྐད་ཆ་གང་དག་བཤད་རུང་བ་དང་གང་དག་བཤད་མི་རུང་བ་གསལ་པོར་རྟོགས་ཀྱིན་ཡོད།

ཁྱིམ་གྱི་ཕྱི་རོལ་ཏུ་ས་རྐོ་བ་དང་ཆུ་རྙོག་པ་དང་རྩྭ་རྩི་ཤིང་གཏུབ་གཅོད་བྱེད་པ་སོགས་རང་བྱུང་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་རིགས་ལའང་ཀུན་གྱིས་སྨོད་པར་མ་ཟད། འབུ་སྲིན་ཕྲ་མོ་དང་སྲོག་ཆགས་ཆུང་གྲས་གསོད་པ་དང་མནར་གཅོད་གཏོང་བ་སོགས་ཀྱང་བྱེད་མི་རུང་བ་ཡིན། མདོར་ན། བོད་རིགས་འདི་ཡང་འཛམ་གླིང་གི་མི་རིགས་གཞན་དག་དང་འདྲ་བར་ཁྱིམ་ཚང་སློབ་གསོའི་རྒྱུན་སྲོལ་རིང་ཞིང་ལོ་རྒྱུས་ཀྱི་ཁུངས་དང་ལྡན་པ་ཞིག་ཡིན་པར་མ་ཟད། དེ་ལ་བརྟེན་ནས་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོའི་མ་ལག་ཅིག་ཆགས་ཤིང་གནའ་དེང་གཉིས་ཀར་མཁས་དབང་གནམ་གྱིས་ས་བཀབ་པ་ལྟ་བུའང་བགྲང་གིས་མི་ལངས་པ་བྱོན་མྱོང་། གཞན་དྲིང་མི་འཇོག་པའི་མཁས་དབང་འདི་དག་ཀྱང་ཡང་དག་པའི་ཁྱིམ་ཚང་སློབ་གསོ་དང་ཐུན་མིན་གྱི་སློབ་གསོ་ཟུང་འབྲེལ་གྱིས་སྐྱེད་སྲིང་བྱས་པ་ཞིག་ཡིན། ཕྱི་ཚུལ་ནས་བལྟས་ན་རང་རེའི་ཁྱིམ་ཚང་སློབ་གསོ་ནི་གུ་ཡངས་དང་བག་ལྷོད་པོ་ཞིག་ཡིན་མོད། དོན་དངོས་སུ་དེ་ནི་སྒྲིག་གཞི་ལྡན་ཞིང་ཞིབ་ཚགས་ཆེ་བ་ཞིག་ཡིན་པས་མི་ཞིག་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་དངོས་ཤུགས་བརྒྱུད་གསུམ་ནས་ཤན་ཤུགས་ཆེན་པོ་ཐེབས་ཡོད། དུས་ད་ལྟའང་བོད་ཀྱི་ཁྱིམ་ཚང་ནས་སྐྱེད་སྲིང་བྱས་པའི་བྱིས་པ་དང་མི་རིགས་གཞན་དག་གི་ཁྱིམ་ཚང་གིས་སྐྱེད་སྲིང་བྱས་པའི་བྱིས་པའི་བསམ་པའི་འཁྱེར་སོ་དང་། སྐད་ཆ་བཤད་ལུགས་དང་གོན་པ་གོན་སྟངས་སོགས་ལ་ཧེ་བག་ཆེན་པོ་ཡོད་པ་འདི་ལས་ཀྱང་བོད་རིགས་ཀྱི་ཁྱིམ་ཚང་སློབ་གསོ་ནི་དེ་འདྲའི་རྗེས་ལུས་དང་བག་འཁུམ་ཞིག་མིན་པ་གསལ་པོར་རྟོགས་ཐུབ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号