(༡༩༨༧ལོའི་ཟླ༡༠བའི་ཚེས་༣ཉིན)
དགེ་རྒན་དང་སློབ་གྲོགས་རྣམས་པ་ལགས། དེ་རིང་བདག་ཞོན་ཧྭ་བོད་ཡིག་སློབ་འབྲིང་དང་བིས་མདོའི་ལྟེ་གནས་སློབ་ཆུང་ལ་ལྟ་སྐོར་དུ་ཡོང་བའི་སྐབས་སུ། ཁྱེད་ཚོ་ཚང་མས་དགའ་སྤྲོ་རབ་ཏུ་འཁོལ་བའི་ངང་བསུ་མ་བྱེད་པ་ལ། ངའི་སེམས་ཧ་ཅང་དགའ་བའི་ངང་ཁྱེད་ཚོར་སྙིང་ཉེ་བའི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་བ་ཡིན།
ལོ་ཤས་འདིའི་ནང་དུ་ཏང་གི་མི་རིགས་སྲིད་ཇུས་དང་སློབ་གསོ་སྲིད་ཇུས་ཀྱི་འོད་སྣང་འཕྲོས་འོག་རིམ་པ་གོང་མའི་ཏང་གི་ཐད་ཀར་དུ་འགོ་ཁྲིད་གནང་བའི་འོག་ཏུ་ཞོང་ཧྭ་རྫོང་གི་བོད་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལའང་ས་གནས་གཞན་དང་འདྲ་བར་ཡར་རྒྱས་མི་ཆུང་བ་ཞིག་བྱུང་བ་དེར་ངའི་སེམས་ཧ་ཅང་དགའ་བ་རེད།
ཁྱོད་ཚོ་ཚང་མས་ཀྱང་ཏང་གི་མཛུབ་སྟོན་དང་རང་གི་ཕ་མའི་རེ་བ་ལྟར། སློབ་སྦྱོང་ལ་འབད་པ་དང་། དགེ་རྒན་རྣམ་པས་ཀྱང་འབད་པས་སློབ་ཁྲིད་བྱས་ནས་ཡོན་ཏན་གྱི་ཐོག་ནས་གྲུབ་འབྲས་མི་དམན་པ་ཞིག་འཐོབ་ཡོད་པ་འདིར་ངེད་ཚོ་ཚང་མས་ཤིན་ཏུ་བཟང་གི་ཞེས་བསྔགས་པ་བྱེད་རྒྱུ་ཡིན།
དེ་སྔོན་སློབ་གྲྭ་གཉིས་ཀྱི་སློབ་གཙོ་ཡིས་ང་ལ་གནས་ཚུལ་སྙན་སེང་དང་རེ་བ་འདོན་པའི་ནང་གནས་ཚུལ་ཞིག་ཡོད་པ་ནི། བོད་རིགས་ཀྱི་སློབ་གྲྭ་རུ་གཙོ་བོ་བོད་ཡིག་གི་ཐོག་ནས་སློབ་སྦྱོང་བྱེད་བཞིན་ཡོད་པའི་མ་འོངས་པའི་མདུན་ལམ་དང་སློབ་གྲྭ་རིམ་པ་ཇེ་མཐོར་འགྲོ་རྒྱུའི་ཐོག་ལ་དཀའ་ངལ་ཡོད་པ་འདི་རེད། ངས་ཁྱེད་ཚོ་ལ་བཤད་རྒྱུ་ཞིག་ནི་ད་ལོ་ང་ཕོད་དང་ངེད་གཉིས་ཀྱིས་རེ་བ་བཏོན་ནས་བོད་རང་སྐྱོང་ལྗོངས་ས་ཁུལ་གྱི་བཅའ་ཁྲིམས་སུ་བོད་ཡིག་སློབ་སྦྱོང་དང་སྐད་ཆ་གོང་འཕེལ་དུ་གཏོང་རྒྱུའི་སྲིད་ཇུས་གཏན་འབེབས་བྱས་ཏེ་ལོ་རྗེས་མའི་ཟླ་བདུན་པའི་ཚེ་བདུན་ནས་ལག་ལེན་དུ་བསྟར་རྒྱུ་ཡིན།
དེ་གཏན་འབེབས་བྱས་པས་ཀྲུང་དབྱང་གི་འགོ་ཁྲིད་ཚོ་ཡིན་ནའང་འདྲ། མེས་རྒྱལ་ན་ཡོད་པའི་བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མི་དམངས་ཚོ་ཡིན་ནའང་འདྲ། ཚང་མས་དགའ་བསུ་བྱེད་པ་རེད། བོད་རིགས་ཡིན་ནའང་རྒྱ་ཡིག་གཙོ་བོར་བྱེད་པ་ལས་རང་གི་བོད་ཡིག་ལ་མི་དགའ་བ་དང་དེ་ལ་བསམ་འཆར་ཡོད་པ་རེད། ཡིན་ནའང་བསམ་འཆར་ཡོད་མཁན་ནི་ཉུང་ཤས་ཤིག་ཡིན་པ་ལས་མང་ཕྱོགས་ཀྱིས་དགའ་བསུ་བྱེད་པ་རེད། ལམ་ལུགས་གང་དང་གང་ཞིག་ཡིན་ཡང་ཐོག་མ་ནས་བཟུང་སྟེ་ཐམས་ཅད་དེ་འདྲ་ཞིག་རེད། བོད་ཡིག་ལག་ལེན་ལ་བརྟེན་ནས་འབྲས་བུ་ལེགས་པོ་བྱུང་ན་དེའི་ཉམས་མྱོང་དེ་བོད་ཀྱི་ས་ཆ་གཞན་ལའང་རིམ་བཞིན་སྤེལ་ནས་ལག་ལེན་དུ་བསྟར་དགོས། མི་རིགས་ཤིག་ལ་མཚོན་ན། རང་གི་སྐད་དང་ཡི་གེ་གཞི་འཛིན་རྒྱུ་ནི་ཧ་ཅང་ནས་ཀྱང་གལ་ཆེ་བའི་བྱ་བ་ཞིག་རེད། དེའི་རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་ཡོད་པ་དེ་མི་རིགས་གནས་རྒྱུ་དང་མི་རིགས་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་བཞི་བཤད་པ་དེའི་ནང་དུ་གཙོ་བོ་མི་རིགས་ཀྱི་སྐད་དང་ཡི་གེ་བཤད་ཡོད་པ་རེད། མར་ལེ་རིང་ལུགས་ཀྱི་དགོངས་པ་ལྟར་ནའང་ཨེན་ཁེ་སི་ཡིས་མི་རིགས་འདྲ་མཉམ་དང་མི་རིགས་སྐད་ཡིག་གི་འདྲ་མཉམ་ཁས་མི་ལེན་པ་དེ་ནི་མར་ལེ་རིང་ལུགས་མིན་པར་མ་ཟད། ཐ་ན་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་བ་ཞིག་ཀྱང་མིན་ཞེས་གསལ་བོ་བཤད་ཡོད་པ་རེད།
དེའི་རྐྱེན་གྱིས་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་ནང་དུའང་མི་རིགས་ས་ཁུལ་ལ་མི་རིགས་རང་རང་གི་སྐད་དང་ཡི་གེ་གཙོ་བོ་བྱེད་རྒྱུ་བཅའ་ཁྲིམས་ཀྱི་ནང་དུ་གཏན་ལ་ཕབ་ཡོད་པ་དང། ཡང་མི་རིགས་རང་གི་སྐད་དང་ཡི་གེ་འདི་ངེས་པར་སྦྱང་དགོས་པ་ནི་མི་རིགས་ཀྱི་འོས་འགན་ཞིག་ཡིན་པས། གོ་མི་ཆོད་ནའང་སྦྱང་དགོས་བ་རེད། ངས་དཔེ་ཞིག་བཞག་ན། ཕྱི་རྒྱལ་ན་ཡོད་པའི་རྒྱ་མི་མང་པོ་སྟེ། ཁོ་ཚོ་ཚང་མས་ཕྱི་རྒྱལ་གྱི་སྐད་དང་ཡིག་རིགས་ལ་སྦྱང་དགོས་བ་རེད། རྒྱུ་མཚན་ནི་བྱ་བ་སོགས་ལས་གང་བསྒྲུབ་ནའང་ཕྱི་རྒྱལ་གྱི་སྐད་དང་ཡི་གེ་ཡིན་པ་མ་གཏོགས་། རྒྱའི་ཡི་གེ་ནི་ཀྲུང་གོ་དང་འབྲེལ་བ་འཛིན་བྱེད་གྱི་དོན་དུ་མ་གཏོགས་དགོས་མཁོ་ཡོད་པ་མ་རེད། ཡིན་ན་ཡང་ཁོ་ཚོས་སློབ་གྲྭ་བཙུགས་ནས་བྱིས་པ་ཚང་མས་སྔོན་ལ་རྒྱའི་སྐད་ཡིག་སྦྱོང་གིན་ཡོད་པ་རེད།
དེ་སྦྱངས་རྗེས་ཕྱི་རྒྱལ་གྱི་སྐད་དང་ཡི་གེ་སྦྱངས་ཡོད་པ་རེད། དེང་སང་འཛམ་གླིང་གི་རྒྱལ་ཁབ་དག་ན་མི་ཚོས་སྐད་ཡིག་གསུམ་དང་བཞི་ཤེས་པ་དེ་མང་པོ་རེད། སྐད་དང་ཡི་གེ་མང་པོ་ཤེས་ནའང་ཁོ་ཚོས་རང་གི་ཕ་སྐད་རྒྱག་པ་མ་གཏོགས་གཞན་གྱི་སྐད་མང་པོ་མི་རྒྱག་པ་རེད། དཔེར་ན་ཧྥ་རན་སེའི་མི་ཞིག་གིས་དབྱིན་ཇིའི་སྐད་ཤེས་ན་ཡང་། ང་ཚོས་ཕར་དབྱིན་ཇིའི་སྐད་བརྒྱབ་ན། ང་ཚོས་ཧྥ་རན་སེའི་སྐད་མ་ཤེས་ཚེ་ང་ཚོར་དབྱིན་ཇིའི་སྐད་རྒྱག་པ་རེད་མ་གཏོགས་ཅི་ནས་ཀྱང་ཧྥ་རན་སེའི་སྐད་རྒྱག་རྒྱུ་ལས་སྐད་གཞན་པ་རྒྱག་རྒྱུ་མ་རེད། དེ་བཞིན་དབྱིན་ཇི་པ་ཞིག་གིས་སྐད་བཞན་པ་ཤེས་ནའང་། སྔོན་ལ་ཁོ་ཚོས་ཕ་སྐད་རྒྱག་པ་མ་གཏོགས་སྐད་བཞན་པ་མི་རྒྱག་པ་རེད། ཨུ་རུ་སུ་ལ་མཚོན་ནའང་རྒྱབ་ཁབ་གཅིག་ལ་སྐད་གསུམ་ཡོད་པ་རེད། དེ་ཡང་འཇར་མན་གྱི་སྐད་རྒྱག་ཚུལ་ཞིག་དང་ཧྥ་རན་སེའི་སྐད་རྒྱག་ཚུལ་ཞིག དབྱི་ཐ་ལིའི་སྐད་རྒྱག་ཚུལ་ཞིག་བཅས་སོ། །
ས་ཆ་གསུམ་ན་སྐད་རིགས་རེ་ཡོད་ཀྱང་རང་རང་གི་སྐད་རྒྱག་པ་མ་གཏོགས་སྐད་གཞན་པ་ཞིག་གཏན་ནས་མི་རྒྱག ཕྱི་རྒྱལ་ལ་སོང་ན་རང་གི་མེས་རྒྱལ་གྱི་སྐད་དེ་མི་ཤེས་ཟེར་ན་མི་རྣམས་ཀྱིས་ཧབ་ཆ་རྒྱག་པ་དང་ངོ་ཚའི་གནས་ཤིག་ཏུ་བརྩི་བ་རེད། འཛམ་གླིང་གི་ཐོག་ན་དེ་ལྟར་རེད། ད་དེང་སང་ང་ཚོའི་ས་ཆ་ལ་མཚོན་ན་མི་ཚང་མས་སྐད་ཆ་ལྡབ་བེ་ལྡིབ་བེ་དང་ཉ་གེ་ཉོག་གེ་བཤད་ཀྱིན་ཡོད། ན་ནིང་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་རྫོང་ལ་གཟིགས་ཞིབ་ཏུ་འགྲོ་བའི་སྐབས་སུ་ས་ཆ་དེ་ན་བོད་ཚང་མས་རྒྱ་མིང་རེ་བཏགས་ཡོད་པ་རེད། ངས་གཅིག་ལྟ་དུས་མི་ཚང་མས་བོད་ལྭ་གོན་ཡོད་ཀྱང་མིང་ཚང་མ“张、王、李”ཞེས་པ་ཏག་ཏག་རེད། ངའི་སེམས་ལ་འདི་ནི་རྒྱ་རིགས་དག་གིས་བོད་ལྭ་ཞིག་བཙལ་ནས་ང་ཡོང་དུས་བོད་ལྭ་གོན་ནས་ཡོང་ནི་རེད་བསམས། ཡང་བལྟས་ན་རྒྱ་ཡང་མིན་པ་འདྲ། དད་པ་ཞིག་ཡོང་པ་དང་འདྲ་བར་མགོ་སྒུར་སྒུར་བྱེད། ངས་ཁྱོད་ཚོ་ཅི་ཞིག་མ་ཉན་ཞེས་དྲིས་པར། ང་ཚོ་བོད་མི་ཡིན་ཡང་སློབ་གྲྭར་འགྲིམ་དུས་ཡིན་གཅིག་མིན་གཉིས་རྒྱ་མིང་མ་བཏགས་ན་སློང་གྲྭར་མི་བསྡུ་བ་རེད་ཅེས་ཟེར། དེ་ནས་ངས་གཤེ་གཤེ་ལུང་བ་གང་ཞིག་བཏང་བ་ཡིན། ཐད་ཀར་དེ་ནས་ཚོགས་འདུ་འཚོགས་སུ་བཅུག་སྟེ་ཚང་མའི་མིང་བོད་མིང་དུ་བསྒྱུར་དགོས་པ་དང་། བོད་ཡིག་ཁྲིད་དགོས་པའི་ཡིག་ཆ་ཞིག་ལས་སུ་བཅུག་པ་ཡིན་ལ། ད་ལོ་ལག་ལེན་དུ་བསྟར་ཡོད་མེད་མ་ཤེས།
བདེ་ཆེན་རྫོང་དུ་ཆུའུ(区)མང་པོ་ཞིག་ཡོད་ལ། ང་ཚོ་དེ་ག་ནས་ཚོགས་འདུ་འཚོགས་དུས་དེའི་ནང་གི་ཆུའུ་གཅིག་གི་ཆུའུ་ཨུའི་ཧྲུའུ་ཅིས་བོད་ཡིག་གི་སློབ་ཁྲིད་བཀོད་སྒྲིག་བྱས་པ་རེད། འོན་ཀྱང་སློབ་མ་དེ་དག་གི་ཕ་མ་མི་ཉུང་བ་ཞིག་ཡོང་ནས་ཁོ་ལ་ཁྱོད་ཀྱིས་ང་རང་ཚོའི་བྱིས་པའི་མདུན་ལམ་མེད་པར་བཏང་ཞེས་དང་། བོད་ཡིག་ཁྲིད་ན་གོ་ཆོད་ཀྱི་མ་རེད། རྒྱ་ཡིག་མི་ཁྲིད་པར་བོད་ཡིག་ཁྲིད་ན་དུས་ཚོད་ཚང་མ་འཕྲོ་བརླག་ཏུ་བཏང་བ་རེད་ཅེས་བསམ་འཆར་བཤད། དེ་བས་ཁྱོད་ཚོས་བྱིས་པ་ལ་མདུན་ལམ་མེད་ཀི་ཟེར་བ་ཁག་མི་འདུག དེང་སྐབས་རྒྱ་ཡིག་མ་ཤེས་ན་ལས་བྱེད་པར་འགྲོ་ས་མེད་པ་དང་། དཔོན་པོ་འཁུར་མི་ཐུབ། ཡིན་ན་ཡང་ཁྱོད་ཚོས་ང་ཚོ་རང་གི་མི་རིགས་ཀྱི་མདུན་ལམ་འདི་ལའང་བསམ་བློ་ཞིག་ཨེ་བཏང་། རང་གི་མི་རིགས་ཀྱི་ཆེད་དུ་རང་རང་གི་སྐད་ཡིག་ཅིག་སྦྱང་མི་དགོས་ཟེར་ན་འདང་ཞིག་རྒྱོབ་ཅེས་བཤད་པ་ཡིན། ད་འདིར་ངས་ཁྱོད་ཚོ་ལའང་དང་པོ་བཤད་རྒྱུ་ནི་བོད་ཡིག་སྦྱང་རྒྱུ་འདི་རང་གི་མི་རིགས་ཀྱི་འོས་འགན་ཞིག་ཡིན་པས། ཕན་ཐོགས་རུང་མ་ཐོགས་རུང་ཅི་ནས་ཀྱང་བོད་ཡིག་སྦྱང་དགོས་པ་དེ་རེད། གཉིས་པ་ནི་བོད་ཡིག་སྦྱངས་ན་ཕན་མི་ཐོགས་རྒྱུ་ཡོད་པ་མ་རེད།
རྒྱུ་མཚན་ནི་ངས་གོང་དུ་བཤད་པ་ལྟར་ལྷ་སས་བོད་ཡིག་གོང་འཕེལ་གཏོང་རྒྱུར་གཏན་འབེབས་བྱས་ཡོད། གཏན་འབེབས་དེའི་ནང་དུ་ལས་བྱེད་པ་བསྡུ་ལེན་བྱེད་དུས་བོད་ཡིག་གི་རྒྱུགས་ལེན་རྒྱུ་ཡིན། ལོ་རྗེས་མའི་ཟླ་བདུན་པའི་ཚེས་གཅིག་ནས་བཟུང་སྟེ་དེ་ལག་ལེན་ལ་བསྟར་ནས་ཕྱིན་ཆད་ལས་བྱེད་པ་ཡིན་ནའང་འདྲ། བཟོ་པ་ཡིན་ནའང་འདྲ། ཚང་མས་བོད་ཡིག་གི་རྒྱུགས་སྤྲོད་དགོས། ད་ལས་ཁུངས་ན་ཡོད་པའི་ལས་བྱེད་པ་བོད་ཡིག་མི་ཤེས་པ་ཚང་མས་ལོ་གསུམ་གྱི་ནང་དུ་བོད་ཡིག་སྦྱང་དགོས། ལས་ཁུངས་ཡིན་ན་རིམ་པ་གོང་མ་ནས་མར་ལ་དང་། ཡང་ན་རང་སྐྱོང་ལྗོངས་ནས་མར་ལ་ཡི་གེ་ཡོང་ན་རྒྱ་ཡིག་གཅིག་པོ་མ་གཏོགས་བོད་ཡིག་མེད་ན་མར་ནས་ལེན་མི་དགོས་བ་དང་། བོད་ཡིག་ཡོད་ན་རྒྱ་ཡིག་ཀྱང་དེ་ལེན་དགོས། བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ཡོད་ན་རབ་རེད། མན་ཆད་ནས་ཡར་ལ་སྤྲོད་དུས་ཀྱང་རྒྱ་ཡིག་མེད་ཆོག བོད་ཡིག་ཀྱང་མ་སྤྲད་ན་ཆོག་པ་རེད། ད་དེ་ལག་ལེན་ལ་བསྟར་རྒྱུ་དཀའ་མོ་རེད། ཅི་ཞིག་རེད་ཅེ་ན། དེང་སང་ལྷ་ས་རུ་དཔོན་པོ་མཐོན་པོ་བོད་ཡིན་ཟེར་བ་ཚང་མས་བོད་ཡིག་བཟང་པོ་ཞིག་མི་ཤེས་པས། བོད་ཡིག་བྲིས་ན་ཁོ་ཚོས་འདོན་ཤེས་ཀྱི་མ་རེད།
དེའི་སྟབས་ཀྱིས་དཀའ་མོ་ཞིག་རེད། ཡིན་ནའང་ང་ཚོས་སེམས་ཐག་བཅད་ནས་ལོ་འགའི་ནང་ནས་དེ་ལག་ལེན་ལ་བསྟར་རྒྱུ་ཡིན། དེ་ལྷ་ས་ནས་ལག་ལེན་བསྟར་ཚེ་དེའི་མཐུན་རྐྱེན་གྱིས་བོད་ཀྱི་རང་དོན་འཁུར་བཞིན་པ་རྣམས་ལའང་དེའི་ཤུགས་རྐྱེན་ཐེབས་པ་རེད། ལྷ་སའི་བཤད་སྲོལ་ལྟར་ན་བོད་ཡིག་སྦྱོང་བ་ནི་སྲིད་ཇུས་རང་བཞིན་ཅན་ཞིག་དང་རྒྱ་ཡིག་སྦྱོང་བ་ནི་ཅ་ནེའི་རང་བཞིན་དང་ཕོ་བའི་དོན་དུ་རེད་ཟེར། ངས་བོད་ཡིག་འདིས་ས་གནས་ཕན་ཐོགས་ཡོད་པ་ཞིག་གཏོང་རྒྱུ་ཡིན། དེ་ཡིན་ན་བོད་ཡིག་གིས་གོ་ཆོད་རྒྱུ་རེད། སྤྱིར་བོད་རིགས་སློབ་མ་ཚང་མ་སློབ་གྲྭ་ཆེན་མོའི་སྒྲིག་འཛུགས་ཀྱང་དེ་འདྲའི་བཟང་པོ་ཞིག་མི་འདུག་མོད། ཕྱིན་ཆད་རྒྱ་ཇེ་ཆེར་བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་སློབ་མ་ནང་དུ་བསྡུ་བར་མ་ཟད་བོད་རིགས་ཀྱི་ས་ཆ་གཞན་པའི་སློབ་མ་ཡང་ནང་དུ་བསྡུ་རྒྱུ་དེ་གོ་རིམ་དང་པོ་རེད། གོ་རིམ་གཉིས་པར་བོད་རིགས་ས་ཁུལ་གཞན་དག་ལའང་བོད་ཡིག་གི་སློབ་གྲྭ་ཆེན་མོ་འཛུགས་པར་འབད་བརྩོན་བྱེད་རྒྱུ་ཡིན། དཔེར་ན། མཚོ་སྔོན་དང་ཁམས་ཕྱོགས། ཀན་སུའུ་སོགས་སུའང་བོད་རིགས་ཀྱི་སློབ་གྲྭ་ཆེན་མོ་འཛུགས་རྒྱུ། དེ་ལྟར་བསྒྲུབས་ཚེ་སློབ་ཆུང་ནས་སློབ་ཆེན་བར་དུ་བོད་ཡིག་གཅིག་པུ་སྦྱངས་ཏེ་ཕྱིར་ཐོན་ཐུབ་པ་རེད། རྗེས་སུ་རྒྱ་ནག་གི་སློབ་ཆེན་ལའང་རྒྱུགས་སྤྲོད་རྒྱུ་དང་། མ་ཐུབ་ཚེ་ལོ་གཅིག་ལ་རྒྱ་ཡིག་ཁོ་ནར་ཟབ་སྦྱོང་བྱས་ནས་འགྲོ་ཐུབ་རྒྱུ་རེད།
དེ་རྒྱ་ལ་མཚོན་ནའང་ཕྱི་རྒྱལ་ལ་འགྲོ་དཀའ་མོད། ལོ་གཅིག་ཙམ་གྱི་རིང་ལ་ཕྱི་རྒྱལ་གྱི་སྐད་རིགས་སྦྱངས་ཚེ་ཕྱི་རྒྱལ་གྱི་སློབ་ཆེན་ཁག་ལའང་འགྲོ་ཐུབ་པ་ལྟ་བུ་རེད། དེ་འདྲའི་བྱ་ཐབས་སྣ་ཚོགས་བཀོལ་ནས་ཁྱོད་ཚོས་རྒྱུན་དུ་འདོན་བཞིན་པའི་གནད་དོན་དེ་དག་ཐག་གཅོད་ཐབས་བྱེད་རྒྱུ་ཡིན། དེའི་ཕྱིར་ཁྱོད་ཚོས་བོད་ཡིག་ལ་སློབ་སྦྱོང་བཟང་པོ་བྱོས། འདིའི་ཐོག་ལ་སེམས་ཁུར་བྱེད་མི་དགོས། གཉིས་པ་ནི། བོད་ཡིག་གཅིག་པོ་ཤེས་པས་ཀྱང་མི་ཆོག་པས་དེ་ཡང་གནད་དོན་ངོ་མ་ཞིག་རེད། ང་ཚོའི་རྒྱལ་ཁབ་ལ་མཚོན་ན་རྒྱ་ཡིག་གཙོ་བོ་ཡིན་ལ། དེ་གཞན་པའི་ཆབ་སྲིད་དང་ཚན་རིག་ལ་སོགས་པ་རྒྱ་ཡིག་གི་སྟེང་ནས་ཤེས་རྒྱ་ཕུན་སུམ་ཚོགས་པ་ཡོད་པས་དེ་ལེགས་པར་སྦྱང་དགོས་མོད། དེ་གཅིག་པུས་ཀྱང་མི་ཆོག་པས་ཕྱི་རྒྱལ་གྱི་སྐད་རིགས་སྦྱོང་བ་ལེགས་པོ་བྱེད་དགོས་ཤིང་དེའི་ནང་ནས་དབྱིན་ཇིའི་སྐད་རིགས་ཤེས་དགོས་པས་སྦྱོང་བ་བྱོས་དང་། མཐུན་རྐྱེན་ལེགས་ན་དེ་དག་སྦྱོངས་ཤིག
ད་ཁྱོད་ཚོས་ཁང་བ་དང་འཚོ་བའི་ཕྱོགས་ནས་དཀའ་ངལ་འདོན་བཞིན་ཡོད་མོད། སྤྱིར་དེང་སང་རྒྱལ་ཁབ་ལའང་དཀའ་ངལ་ཡོད་པ་རེད། ཡིན་ན་ཡང་ང་ཚོས་རིམ་བཞིན་བསམ་བློ་བཏང་སྟེ་གནས་ཚུལ་དེ་དག་ཇི་ལྟར་ཐག་གཅོད་པར་ཧུར་ཐག་བྱེད་རྒྱུ། འདི་དག་ལོ་གཅིག་ལ་འགྲུབ་རྒྱུ་དཀའ་མོད། ལོ་འགའི་ནང་ནས་དེ་དག་འགྲུབ་ཐུབ་སྙམ་པས་ཁྱོད་ཚོས་སེམས་བདེ་མོ་བྱས་ཆོག དེ་མིན་རང་གི་ཁྱིམ་ལ་མཚོན་ནའང་བྱིས་པར་ཕྱིན་ཆད་མདུན་ལམ་ཡོད་ཆེད་བསམ་བློ་ཅུང་རྒྱང་ཐག་རིང་བོར་གཏོང་དགོས་པ་རེད། བྱིས་པ་རྣམས་ཀྱིས་ཀྱང་སློབ་སྦྱོང་གི་གོ་སྐབས་འཕྲོ་བརླག་ཏུ་མི་གཏོང་བར་ཧུར་ཐག་སྒོས་སློབ་སྦྱོང་བྱེད་པ་ལས་རྩེད་མོར་གཡེང་བ་དང་། མཆོང་ལྡིང་བྲོ་གར་ལ་ཞེན་པ། རྡུང་རེས་བྱེད་པ་སོགས་ལ་མགོ་གཡེང་མི་བྱེད་པར་མཁྱེན། ད་དེ་ལྟར་གྱིས། རྗེས་སུ་ངེད་ཅག་ཐུག་དུས་ཁྱོད་ཚོའང་བཟང་བོ་ཞིག་རེད་ཅེས་བཤད་རྒྱུ་ཡོད་པ་ཞིག་བྱོས། ད་བདེ་མོ།
འདི་ནི་པཎ་ཆེན་རིན་པོ་ཆེ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་ཁོང1987ལོའི་ཟླ10བའི་ཚེས3ཉིན་ཞོན་ཧྭ་རྫོང་བོད་ཡིག་སློབ་འབྲིང་དུ་གཟིགས་ཞིབ་ཏུ་ཕེབས་སྐབས་གནང་བའི་གསུང་བཤད་ཡིན། བཀའ་མ་མཁའ་འབུམ་གྱིས་ཉིན་དེའི་གསུང་བཤད་ཇི་བཞིན་སྒྲ་ཐག་ལས་ཡི་གེར་ཕབ་བོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注