གཏམ་རྒྱུད་སློབ་གསོས་ཁྱིམ་ཚང་སློབ་གསོར་ཐེབས་པའི་ཤུགས་རྐྱེན་སྐོར་ཅུང་ཙམ་གླེང་བ།
གདུ་བྷེ།
སྤྱིར་མི་ཞིག་གི་གཤིས་རྒྱུད་བཟང་ངན་དང་ལུས་སེམས་བདེ་མིན། སྤུས་ཚད་མཐོ་དམའ། ངལ་རྩོལ་རྩལ་ནུས་འཛོམས་མིན་སོགས་ནི་མི་དེའི་སློབ་གསོའི་ཆུ་ཚད་ལ་རག་ལས་ཡོད། སློབ་གསོའི་ཆུ་ཚད་ཀྱི་རྩ་བ་ཡང་ཐོག་མའི་སློབ་གསོ་སྟེ་ཁྱིམ་ཚང་སློབ་གསོ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ཁྱིམ་ཚང་སློབ་གསོ་ལ་ཕྱོགས་སྣ་མང་ཡང་། རིག་གནས་དང་བསམ་བློའི་ངོ་བོ་ལྡན། བྱིས་པ་ཚོ་དགའ་བ་དང་དུངས་པ་ཡོད་པའི་སློབ་གསོ་གཏོང་སྟངས་ཤིག་ཡོད་པ་དེ་ནི་གཏམ་རྒྱུད་བཤད་རྒྱུ་དེ་རེད། བོད་ཀྱི་གཏམ་རྒྱུད་མང་ཆེ་བའི་བརྗོད་བྱ་དང་རྗོད་བྱེད་ལ་སློབ་གསོའི་ནུས་པ་ཤུགས་ཆེན་ལྡན་པས། རྩོམ་འདིར་སློབ་གསོའི་རང་བཞིན་ལྡན་པའི་གཏམ་རྒྱུད་འདི་དག་གིས་ཁྱིམ་ཚང་སློབ་གསོར་ཤུགས་རྐྱེན་ཇི་ལྟར་ཐོན་པ་རགས་ཙམ་གླེང་ཡོད།
གཅིག སློབ་གསོ་ཐོག་མར་བྱུང་བའི་རིམ་པ་དང་དེའི་རིན་ཐང་།
སློབ་གསོ་ཐོག་མ་དེའང་མི་རིགས་རང་གི་སྐད་ཆར་བརྟེན་ནས་སློབ་གསོ་སྤེལ་བ་རེད། སྤྲ་མིས་དུས་ཡུན་རིང་པོའི་ནང་དུ་ངལ་རྩོལ་ལ་བརྟེན་ནས་རིམ་འགྱུར་བྱུང་མཐར་སྲོག་ཆགས་ཀྱི་གྲས་ནས་ཁ་བྲལ་ཏེ་མིའི་རིགས་སུ་གྱུར། དེའི་རྩ་བའི་མཚོན་རྟགས་ནི་སྐད་ཆ་བྱུང་བ་དེ་ཡིན། སྐད་ཆ་བྱུང་བ་དང་དུས་མཚུངས་སུ་སློབ་གསོའི་བརྒྱུད་རིམ་གྱི་མགོ་བརྩམས་པ་རེད། ཐོག་མའི་སློབ་གསོ་ནི་གདོད་མའི་མི་ཚོགས་ཁྲོད་རྒན་རབས་ཀྱིས་རི་དྭགས་རྔོན་པའི་ཤེས་བྱ་དང་། རྡོ་ཡི་ལག་ཆ་བཟོ་སྟངས། སྟབས་བདེ་བའི་འཚོ་བའི་རྒྱུན་ཤེས་སོགས་གཙོ་བོ་ཉམས་མྱོང་དང་ལག་ལེན་ཕྱི་རབས་པ་ལ་རྒྱུད་སྤྲོད་སྤེལ་གསུམ་བྱེད་པ་དེ་རེད། དེ་ལྟ་བུའི་སློབ་གསོ་སྤེལ་བྱེད་ནི་གདོད་མའི་སྐད་ཆ་ཡིན། རྒྱུ་མཚན་ནི། གདོད་མའི་སྐད་ཆ་ནི་གདོད་མའི་མི་ཚོགས་ཀྱིས་ནང་ཁུལ་དུ་ཕན་ཚུན་ལ་འབྲེལ་ལམ་འཛུགས་པ་དང་ཕན་ཚུན་འབྲེལ་གཏུག་བྱེད་པའི་ཟམ་པ་ལྟ་བུ་ཡིན་པ་དང་། སྐད་ཆ་ལ་བརྟེན་ནས་ཕན་ཚུན་གྱི་བསམ་བློ་བརྗེ་རེས་དང་ལག་ལེན་མཉམ་འབྲེལ་བྱེད་པར་ནུས་པ་ཐོན་བཞིན་ཡོད།སྤྱིར་བཏང་དུ་སྐད་དང་ཡི་གེ འཚོ་བའི་གོམས་གཤིས་སོགས་ནི་མི་རིགས་སོ་སོར་ཐུན་མིན་དུ་སྣང་ཡང་། འཇིག་རྟེན་གནས་ལུགས་ཐད་ཀྱི་རིན་ཐང་ལྟ་ཚུལ་དང་སྤང་བླང་འཇུག་ལྡོག་བྱེད་ཚུལ་ནི་མི་རིགས་དང་རིག་གནས་བྱེ་བྲག་པར་མ་བལྟོས་པར་ཐུན་མོང་སྤྱི་འགྲོས་སུ་སོང་བ་ཤས་ཆེ་བར་མཐོང་། རིག་གནས་ཞེས་པ་དང་སློབ་གསོ་ཞེས་པའི་དམིགས་གཏད་ཀྱི་ཡུལ་ཡང་བྱེ་བྲག་གི་སྐྱེ་བོ་རེ་རེའི་མི་ཚེ་དེ་ཤེས་རབ་ཀྱིས་ཟིན་པ་དང་། བཟང་སྤྱོད་ཀྱིས་ཕྱུག་པ། རྩིས་ཐང་ལྡན་པའི་ངང་འཚོ་བ་འབའ་ཞིག་ལས་མ་འདས།
གཉིས། མི་ཆོས་ཀུན་སྤྱོད་ཀྱི་ཕྱོགས་སུ་ཤུགས་རྐྱེན་ཐེབས་ཚུལ། ང་ཚོས་ནམ་རྒྱུན་སློབ་གསོའི་དམིགས་ཡུལ་ནི་རིག་གནས་ཡོན་ཏན་འབྱོར་བའི་ཆེད་དང་། མི་གཞི་བཟང་པོ་ཞིག་ཡོང་བའི་ཕྱིར་ཡིན་ཞེས་བརྗོད། མི་གཞི་བཟང་ངན་གྱི་ཚད་གཞི་ཇི་ལྟར་འབྱེད་པ་ཡིན། ཡ་ཧུ་དཱ་པ་ཐུན་མོང་ལ་བཤད་ཚུལ་འདི་འདྲ་ཞིག་ཡོད་དེ། “བསམ་པ་བཟང་བ་ཙམ་གྱིས་མི་བཟང་པོ་ཡིན་པའི་ངེས་པ་མེད། བསྟན་བཅོས་འཆད་པར་ཐོགས་རྡུགས་མེད་པའི་མི་དེ་ལ་བཟང་པོའི་ཡོན་ཏན་ལྡན་ཞེས་མི་སྨྲ། དོན་ལ་མིའི་བཟང་ངན་ནི་གང་དེར་བཟང་བོའི་སྤྱོད་པ་ལྡན་མིན་གྱིས་འཇོག”ཅེས་བཤད། འོ་ན་བཟང་པོའི་སྤྱོད་པ་ལྡན་མིན་ནི་ཇི་ལྟར་ཤེས། དེ་ལ་ཡ་ཧུ་དཱ་པ་ཚོས་འདི་སྐད་དུ། “བཟང་བོའི་སྤྱོད་པ་ལྡན་མིན་ནི་དེ་ལ་ལེགས་པའི་སློབ་གསོ་ཐོབ་མ་ཐོབ་ཀྱིས་འཇོག་པ་ཡིན”ཞེས་པ་ལས་ཤེས་ཐུབ།
སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ་མྱངས་མེད་པའི་བྱིས་པ་ཞིག་གི་རིག་གནས་ཉམས་མྱོང་། བསླབ་བྱ་སོགས་གཞིར་བཟུང་ན། མི་རིགས་ཤིག་གི་སྲོག་རྩ་ནི་མི་རིགས་གང་དེའི་ཤེས་རིག་ཡིན་པ་དང་། ཤེས་རིག་ཀྱང་སློབ་གསོའི་རྒྱུན་འབའ་ཞིག་ལ་རག་ལས་ཡོད། སློབ་གསོའི་རྒྱུན་མ་ཆད་ན་མི་རིགས་གང་ཞིག་ཉམས་པར་འགྱུར་མི་སྲིད་ཅེས་པ་བཞིན། “ཇི་སྲིད་སྤྱི་ཚོགས་མ་སྟོང་བར། དེ་སྲིད་སློབ་གསོ་སྟོང་བ་མིན”ཞེས་གསུངས།
གཏམ་རྒྱུད་སློབ་གསོས་ཁྱིམ་ཚང་སློབ་གསོར་ནུས་པ་ཤུགས་ཆེན་ཐོན་བཞིན་ཡོད་དེ། དཔེར་ན། བོད་ཀྱི་ཟློས་གར«རྒྱལ་བུ་དྲི་མེད་ཀུན་ལྡན»ལྟ་བུ་གཏམ་རྒྱུད་ཇི་བཞིན་ཚིག་རྒྱན་གྱིས་མ་སྤྲས་པར་བྱིས་པ་ཚོར་གོ་བདེ་བར་འཆད་པར་བྱས་ན། བྱིས་པ་ཚོའི་ནང་སེམས་སུ་རང་ཤུགས་ཀྱིས་སྦྱིན་པའི་ལྷག་བསམ་གྱི་བསམ་བློའི་རིག་གནས་ཤིག་འཁོར་ཡོང་བ་ཡིན། དེ་མ་གཏོགས་ཕ་མ་སུ་ཞིག་གིས་རང་གི་བུ་ཕྲུག་ལ་བཙན་གྱིས་སྦྱིན་པའི་ལས་སུ་ཞུགས་དགོས་ཀྱི་སྐུལ་མ་བྱས་ཀྱང་ནུས་པ་ཐོན་དཀའ་བའི་རྒྱུ་མཚན་ནི། གཏམ་རྒྱུད་སློབ་གསོ་ལྟ་བུའི་གཟུངས་གཞུག་དེ་ཁྱིམ་ཚང་སློབ་གསོ་ལ་འཇུག་མ་ཐུབ་པའི་རྐྱེན་གྱིས་ཡིན་སྲིད། གཏམ་རྒྱུད་བཤད་མཁན་དང་གསར་སྐྲུན་པ་ནི་ཕྱུགས་ལས་དང་ཞིང་ལས་ལ་གཞོལ་བའི་མི་དམངས་མང་ཚོགས་ཡིན་དགོས། གཏམ་རྒྱུད་བཤད་མཁན་གྱིས་ཚིག་རྒྱན་མ་སྤྲས་པར་འཚོ་བའི་མྱོང་གོམས་དང་རིག་གནས་ཀྱི་ཆུ་ཚད་བེད་སྤྱད་དེ་དངོས་དོན་ལ་སྣོན་འཕྲི་བྱས་ནས་བྱུང་བ་ཞིག་ཡིན། མདོར་བསྡུས་ན་གཏམ་རྒྱུད་ནང་དུ་འཚོ་བའི་མྱོང་གོམས་དང་རྒྱུན་ཤེས་ཀྱི་ཉིང་བཅུད། འགྲོ་འདུག་སྤྱོད་སྟངས་སོགས་ཀྱི་གོ་རིམ་སྦས་ཡོད་པ་རེད།
གསུམ། མི་ཚེའི་རིན་ཐང་གི་སྙིང་སྟོབས་ལ་ཤུགས་རྐྱེན་ཐེབས་ཚུལ།
སྤྱིར་བྱིས་པར་སློབ་གསོའི་བྱེད་ཐབས་གང་ཞིག་བཀོལ་བའི་ཆ་ནས་ཁྱིམ་བདག་རྣམས་ལ་དཀའ་ཁག་ཆེན་པོ་འབྱུང་བཞིན་ཡོད། སློབ་གསོའི་ཐབས་ལམ་སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་ནི། སློབ་གསོ་བྱ་ཡུལ་གྱི་བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམས་མིན་དང་། བྱིས་པའི་ལུས་སེམས་འཕེལ་རྒྱས་ལ་ཕན་འབྲས་ཡོད་མེད་ཀྱི་ཚད་ནས་ཐག་གཅོད་བྱེད་དགོས། རང་གི་སློབ་གསོ་གཏོང་ཐབས་དེ་རང་གི་སློབ་གསོ་བྱ་ཡུལ་གྱི་བྱིས་པ་དང་ཡོངས་སུ་འཚམ་རྒྱུ་ནི་ཁྱིམ་ཚང་སློབ་གསོའི་རྩ་བ་རེད། ཁྱིམ་ཚང་སློབ་གསོ་གཏོང་སྟངས་ལ་ཕྱོགས་སྣ་ཚོགས་ཡོད་ཀྱང་། གཙོ་བོ་བྱིས་པ་དེའི་ངོ་མཚར་ཤེས་འདོད་ཀྱི་བློ་དང་བྱ་དངོས་རྟོག་ཞིབ་ཀྱི་བརྩེ་བ་དེ་ལ་གཞི་བཅོལ་ནས་བྱིས་པ་དེ་བྱ་དངོས་གང་ལ་དགའ་མོས་ཡོད་པ་དང་། དུངས་པ་ཡོད་པ་དག་འཚོལ་ཞིབ་བྱས་པ་ནས་མགོ་རྩོམ་དགོས།
རྒྱལ་ཁབ་ཕྱི་ནང་གི་བྱིས་པ་མང་ཆེ་བ་ལ་གཅིག་མཐུན་གྱི་ཆ་ཞིག་ཡོད་པ་ནི་ཚང་མ་གཏམ་རྒྱུད་ལ་ཉན་པར་སྤྲོ་བ་ཡོད་པ་དེ་རེད། དེ་བཞིན་མ་འོངས་རྐང་འཛིན་ཡིན་པའི་བློ་ཆུང་བྱིས་པ་ཚོར་མཚོན་ན་ཡང་། གནའ་སྔ་མོ་ནས་བརྒྱུད་ཡོང་བའི་ཕ་མེས་དག་གིས་སྤྱི་ཚོགས་ཀྱི་ཉམས་མྱོང་དང་ཕྱི་རོལ་བྱ་དངོས་ཀྱི་འཕེལ་འགྱུར། བསམ་བློའི་དགོངས་པ། བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་གཏམ་རྒྱུད་སྣ་ཚོགས་བྱིས་པ་ཚོའི་བློ་ཁ་དང་འཚམ་པའི་ངང་བུམ་པ་གང་བྱོའི་ཚུལ་དུ་བཤད་ན། གཏམ་རྒྱུད་དེའི་བརྗོད་བྱའི་དོན་སྙིང་རྒྱུད་ལ་རྟོགས་པར་ཕན་པ་ཆེ། གལ་ཏེ་ཁྱོད་ཀྱི་གཏམ་རྒྱུད་སློབ་གསོ་དེས་བྱིས་པ་གཏམ་རྒྱུད་དེའི་ནང་དུ་ཁྲིད་དེ་མཚམས་མཚམས་སུ་མིག་ཆུ་བཞུར་བ་དང་། མཚམས་མཚམས་སུ་དགོད་ཁ་འཆོར་བ། མཚམས་མཚམས་སུ་ཁུ་ཚུར་འཕྱར་བ་སོགས་ནང་སེམས་ཀྱི་འགྱུར་བ་སྣ་ཚོགས་ཕྱི་ལུས་ཀྱི་ཉམས་དང་ལྷན་དུ་སྟོན་ནུས་ན། གཏམ་རྒྱུད་སློབ་གསོའི་བྱེད་ཐབས་འགྲིག་སོང་བའི་རྟགས་རེད
དཔེར་ན། «ཁྭ་ཏས་ཆུ་འཐུང་བ»ཞེས་པའི་གཏམ་རྒྱུད་འདིས་དཀའ་ཁག་ལ་ཞིབ་ཏུ་བསམ་བློ་གཏོང་དགོས་པའི་སྙིང་སྟོབས་ཡོད་དགོས་པ་དང་། དེ་ལ་ཐབས་བཀོད་འཐེན་ན་ཐག་གཅོད་མི་ཐུབ་པའི་གནད་དོན་ཞིག་མེད་པའི་གནས་ལུགས་གསལ་བཤད་བྱས་ཡོད། གཞན་ཡང་། «སྲིན་པོ་འདུལ་བའི་གཏམ་རྒྱུད»ལྟ་བུས། དཀའ་ཁག་གི་མདུན་དུ་དཔའ་མི་ཞུམ་པར་དཔའ་གདེང་བསྐྱེད་དགོས་པའི་སྙིང་སྟོབས་ཀྱི་རིན་ཐང་བརྗོད་ཡོད་པ་དང་། «རི་བོང་ཁ་ཤོ་བའི་གཏམ་རྒྱུད»ལྟ་བུས། གཞན་ལ་མགོ་གཡོག་མགོ་སྐོར་དང་། རྫུན་དང་གཡོ་སྒྱུ། བསླུ་བྲིད་སོགས་ཀྱི་སྤྱོད་ངན་བསྒྲུབ་མི་རུང་བའི་གནས་ལུགས་བརྗོད་ཡོད།
གཏམ་རྒྱུད་རིན་ཐང་ཅན་སྣ་ཚོགས་ཁྱིམ་ཚང་སློབ་གསོ་དང་ཁ་མི་འབྲལ་བར་བྱས་ཏེ། སློབ་གསོ་ནི་ཐབས་ལམ་སྟེ། སློབ་གསོ་ཡིས་བློ་འབྱེད་དང་། བློ་གྲོས་བསྲིངས་པ། ཤེས་རབ་བསྐྱེད་པ། ལེགས་ལམ་ཟིན་པར་བྱེད་སྲིད། ཕ་མ་རྣམས་ཀྱིས་ཁོ་ཚོར་གཏམ་རྒྱུད་འདི་ལ་ཆགས་བཞག་ནས་འདས་པའི་ཆ་ལ་ཆགས་འཇིགས་ཇི་སྙེད་བྱུང་བ་དང་། འཇིག་ཉེན་སྡུག་བསྔལ་ཅི་འདྲ་མྱངས་པ་ངོ་སྤྲོད་པ་ལས་གཞན། སློབ་གསོའི་སྲོག་རྩ་ནི་མི་རིགས་གང་དེའི་ཤེས་རིག་ཡིན་པ་དང་། ཤེས་རིག་ཀྱང་སློབ་གསོའི་རྒྱུད་འབའ་ཞིག་ལ་རག་ལས་པ། སློབ་གསོའི་རྒྱུན་མ་ཆད་ན་ཤེས་རིག་གང་ཞིག་ཉམས་པར་འགྱུར་མི་སྲིད་པའི་རྒྱུ་མཚན་ངོ་སྤྲོད་བྱེད་དགོས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注