མཚོ་བྱང་ཁུལ་གྱི་གངས་ལྗོངས་འཕྲིན་གསར་དྲ་བ་དངོས་སུ་ཤར་གཏོང་བྱས།


   ཟླ4བའི་ཚེས26ཉིན། མཚོ་བྱང་ཁུལ་མདོ་ལ་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་པའི་གངས་ལྗོངས་འཕྲིན་གསར་དྲ་བ་དངོས་སུ་ཤར་གཏོང་བྱས་ལ། དྲ་བ་ཤར་གཏོང་བྱས་པ་དེས་མཚོ་བྱང་ཁུལ་ལ་སྨྱན་སྦྱོར་བོད་ཡིག་དྲ་བ་མེད་པའི་སྟོང་ཆ་གསབ་ཅིང་། མཚོ་བྱང་ཁུལ་གྱི་གསར་འགྱུར་དྲིལ་སྒྲོག་གི་མ་ལག་དང་སྒྲིག་གཞི་འཐུས་ཚང་དང་ཚད་ལྡན་ཅན་གྱི་ལམ་བུར་བསྐྱོད་པ་མཚོན་ལ། དེས་ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་སྔོན་ཐོན་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་བརྒྱུད་སྒྲོག མཚོ་བྱང་གི་སྙན་པ་མཐོ་རུ་གཏོང་བར་ནུས་པ་བླ་ལྷག་ཐོན་སྲིད།

   མཚོ་བྱང་ས་ཁུལ་གྱི་བོད་རིགས་རོང་འབྲོག་མང་ཚོགས་ཀྱི་གསར་འགྱུར་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པོར་སྐོང་བ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱ་རྒྱུར་སྔར་ལས་ཤུགས་སྣོན་པ། བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ས་གནས་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་དམངས་སྲོལ་རིག་གནས། བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལས་ཐོབ་པའི་གྲུབ་འབྲས་བཅས་སྔར་ལས་ལེགས་པའི་སྒོ་ནས་དྲིལ་སྒྲོག་བྱེད་པ་དང་། བོད་རིགས་ལས་བྱེད་མང་ཚོགས་ལ་བསམ་བློའི་སློབ་གསོ་སྣེ་ཁྲིད་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བཅས་བྱ་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་། ཁུལ་ཨུའི་དྲིལ་སྒྲོག་པུའི་མཛུབ་ཁྲིད་ཞིབ་ཚགས་འོག མདོ་ལ་ཚགས་པར་ཁང་གི་ལས་བཟོ་བ་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད་གངས་ལྗོངས་འཕྲིན་གསར་དྲ་བ་ཟླ4ལྷག་རིང་གི་ཚོད་ལྟ་བྱས་མཐར་ད་ལྟ་དངོས་སུ་ཤར་གཏོང་བྱས་ལ། གངས་ལྗོངས་འཕྲིན་གསར་དྲ་བ་དངོས་སུ་ཤར་གཏོང་ཐུབ་པ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་དུས་ཐོག་དང་སྟབས་བདེ། ཡང་དག་གི་སྲིད་དོན་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱ་རྒྱུར་ཆ་རྐྱེན་བསྐྲུན་པར་མ་ཟད། རོང་འབྲོག་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱེད་ཕྱོགས་སྲིད་ཇུས་ཤེས་རྟོགས་བྱེད་པའི་འཕྲིན་ལམ་རྒྱ་ཆེར་བཏང་ཡོད་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གལ་ཆེན་དག་དྲིལ་སྒྲོག་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ས་གནས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཕེལ་རྒྱས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་གནས་ཚུལ་གླེང་བ། རིག་གནས་སློབ་གསོ་ཁྱབ་གདལ་དང་ཚན་རིག་སྙིང་སྟོབས་དར་སྤེལ་བཅས་གཏོང་བའི་ངེས་དོན་གྱི་དྲིལ་སྒྲོག་སྟེགས་བུ་ཞིག་ཡིན་པས། མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན། སྐྱེ་ཁམས་སྲུང་སྐྱོབ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་ངེས།  

   དྲ་བ་འདིས་འདྲ་པར་དང་ཡི་གེ སྒྲ་དང་བརྙན་བཅས་མཉམ་འདྲེས་ཀྱི་རྣམ་པའི་ཐོག་ནས་གསར་འགྱུར་གྱི་ནང་དོན་དག་གཙོ་བོ་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ལ། དྲ་བར་མཚོ་བྱང་དང་གསར་འགྱུར། རིག་གནས། རྩོམ་རིག སློབ་གསོ། རྒྱུན་ཤེས། གླིང་སྒྲུང་། ཆེད་དོན། བརྙན་རིས། པར་རིས། རོལ་དབྱངས་སོགས་རིམ་པ་དང་པོའི་ལེ་ཚན་རིགས་ཆེ་གྲས11དང་རིམ་པ་གཉིས་པའི་ལེ་ཚན40ལྷག་ཙམ་ཡོད་ལ། ཕྱོགས་དང་ཟུར་མང་བོའི་ཐོག་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གནས་དང་མཚོ་བོད་མཐོ་སྒང་གི་བརྗིད་ཉམས་ལྡན་པའི་མི་ཆོས་མཛེས་ལྗོངས། ལོ་རྒྱུས་རིག་གནས། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་དམངས་སྲོལ་རིག་གནས་སོགས་ཕྱི་ལ་ངོ་སྤྲོད་བྱེད་པར་མ་ཟད། རོང་འབྲོག་མང་ཚོགས་ལ་ཞབས་ཞུའི་ཆ་འཕྲིན་གང་མཁོ་དེ་སྤྲོད་ལ་བརྩོན་ལེན་བྱ་རྒྱུ་ཡིན། དྲ་བའི་གྲུབ་ལུགས་དུས་རབས་དང་མཐུན་ཞིང་དང་འཆར་ངོས་འཇུག་བདེ་ལ། བཀོལ་བདེ་སྤྱོད་བདེ་ཡིན་ཞིང་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན།

   གངས་ལྗོངས་འཕྲིན་གསར་དྲ་བ་ཤར་གཏོང་བྱེད་པའི་བཀྲ་ཤིས་དུས་བཟང་གི་སྐབས་འདིར། མི་དམངས་དྲ་བ་དང་ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར། མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་སོགས་ལས་ཁུངས20ལྷག་ཙམ་གྱིས་གཞུང་སྒེར་གང་རུང་ནས་རྟེན་འབྲེལ་ཞུ་འཕྲིན་བཏང་ནས་གངས་ལྗོངས་འཕྲིན་གསར་དྲ་བ་ཤར་གཏོང་བྱས་པར་རྟེན་འབྲེལ་ཞུ་བཞིན་ཡོད།

གཤམ་གྱི་དྲ་ཚིགས་འདི་བརྒྱུད་ནས་གངས་ལྗོངས་འཕྲིན་གསར་དྲ་བར་འཛུལ་ཆོག
http://jinrizangxiang.com/

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号