ལེ་དབར་སྟོང་གི་གནས་གཉིས་བརྩེ་བས་སྦྲེལ། ལག་གདང་སྦྲེལ་ནས་འཕེལ་རྒྱས་ཇུས་ཆེན་བསྐྲུན།

 མཚོ་བྱང་ཁུལ་གྱི་ཚོང་འགུག་མ་འདྲེན་གྱི་ཁེ་ལས་གླེང་མོལ་ཚོགས་འདུ་ཧྲན་ཏུང་ཅི་ནན་དུ་འཚོགས་པ།

ཟླ4པའི་ཚེས16ཉིན། མཚོ་བྱང་ཁུལ་གྱི་ཚོང་འགུག་མ་འདྲེན་གྱི་ཁེ་ལས་གླེང་མོལ་ཚོགས་འདུ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ཧྲན་ཏུང་ཐོག་ཁང་ཆེན་མོ་རུ་འཚོགས་ཤིང་། ཧྲན་ཏུང་ཞིང་ཆེན་ཉོ་འཚོང་སྐུལ་འདེད་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཚོགས་གཙོ་མིན་ཞང་ཏུང་དང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གནང་། ཧྲན་ཏུང་ཞིང་ཆེན་ཁ་གཏད་རོགས་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ལིས་ཆིའུ་ཧྲིན་གྱིས་ཤིས་ཚིག་ཕུལ་ལ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཚབ་བྱས་ནས་ཧྲན་ཏུང་ཞིང་ཆེན་གྱིས་ལོ་མང་པོའི་རིང་མཚོ་བྱང་ལ་རོགས་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་བཤད་རྒྱུར། མཚོ་བྱང་ནི་མདོ་ལ་རིང་མོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཅིང་། རླབས་ཆེ་བའི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་འབྱུང་ཡུལ་ཡིན་པར་མ་ཟད་ལྗང་མདོག་དང་གསེར་མདོག དངུལ་མདོག གཡུ་མདོག དམར་མདོག་བཅས་ཕྱོགས་ལྔའི་ཐད་ནས"མདོག་ལྔའི་གཡང་ས། དག་སྣང་མཚོ་བྱང"གི་ས་ཁམས་གནས་ཡུལ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་སོགས་མཚོ་བྱང་འཕེལ་རྒྱས་ཀྱི་དགེ་མཚན་ངོ་སྤྲོད་བྱས། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཧྲན་ཏུང་དང་མཚོ་བྱང་དབར་མཛའ་བརྩེ་ཟབ་ཅིང་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར30.54བཏང་ནས་ལས་གཞི311ལག་བསྟར་བྱས་པ་དང་དངོས་ཟོག་ཞལ་འདེབས་བརྒྱབ་པའི་རིན་ཐང་སྒོར་དུང་ཕྱུར3.84ཟིན་པ་དང་། ལས་བྱེད་པ་དང་ཆེད་མཁས་འཇོན་མི2300ལྷག་ཙམ་མཚོ་བྱང་འཕེལ་རྒྱས་ལ་རོགས་རམ་བྱེད་པར་འདེམས་གཏོང་བྱས་པས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་ཟེར། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། མཚོ་བྱང་ནི་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པ་དང་ཧྲན་ཏུང་དང་མཚོ་བྱང་དབར་གྱི་མཛའ་བརྩེ་ཡུན་རིང་ཇེ་བརྟན་དང་མཉམ་ལས་སྔར་ལས་དམ་ཟབ་ཏུ་ཕྱིན་ཡོད་པས། ཁེ་ལས་པས་མཚོ་བྱང་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ། ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་གསར་བརྗེའི་ཉམས་ཞིབ་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། མཚོ་བྱང་གི་ནོར་གནག་དང་བོད་ལུག ནས་དང་ལོག་དཀར་སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་གསར་སྤེལ་བྱེད་པའི་ནང་ཧུར་ཐག་ཞུགས་ནས་མཚོ་བྱང་གི་མཐོ་སྒང་རྫས་མཆོག་རྒྱལ་ཡོངས་ཀྱི་ཁྲོམ་རའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་མཚོ་བྱང་གི་རིག་གནས་ཡུལ་སྐོར་ལས་གཞི་གསར་སྤེལ་བྱ་རྒྱུར་མ་དངུལ་ཧུར་ཐག་བཏང་ནས་གསོ་སྦྱོང་ཐོན་ལས་ཐད་མཉམ་ལས་ཀྱི་གོ་སྐབས་བཟང་པོ་འཚོལ་ཞིབ་བྱས་ཏེ། མཚོ་བྱང་གི་གསར་བརྗེའི་སློབ་གསོ་གསོ་སྦྱོང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ནང་ཧུར་ཐག་ཞུགས་པ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་བཀོད་སྒྲིག་བྱས་ཏེ། མཚོ་བྱང་གི་སྲོལ་རྒྱུན་ནུས་རྒྱུ་དང་ནུས་རྒྱུ་གཙང་མའི་ཐོན་ལས་ཁྱུ་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་རྒྱུན་བཞིན་ཁེ་ལས་ལ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་དང་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་དེ། ཁེ་ལས་མཚོ་བྱང་དུ་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་འབྱུང་འགྱུར་གསར་བ་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཟེར།

མིན་ཞང་ཏུང་གིས་གཏམ་བཤད་སྐབས་བསྟན་དོན། ཧྲན་ཏུང་གིས་མཚོ་བྱང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས"ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན"གྱི་རྩ་དོན་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཐོན་ལས་སྦྲེལ་མཐུད་དང་ཁྲོམ་ར་གསར་འབྱེད། རིག་སྟོབས་རོགས་སྐྱོར་སོགས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད་པ་དང་། "ཆི་ལུའུ་ཞིང་ཞོར་ཐོན་རྫས་ཚོང་ཁང་། མཚོ་སྔོན་ཆས་རྟགས་ཁང"སོགས་ཀྱི་སྟེགས་བུ་བརྒྱུད། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྣ་ཁ200ལྷག་ཙམ་ཧྲན་ཏུང་གི་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁྱིམ་དུ་འབྱོར་ཡོད། རིམ་རྩིས་བྱས་ན་ཉོ་སྒྲུབ་དངུལ་འབོར་སྒོར་ཁྲི8000ལས་བརྒལ་བ་དེའི་ཐོག་ནས"ཧྲན་ཏུང་དང་མཚོ་སྔོན་རོགས་ལས"ཀྱི་གསོན་ཤུགས་དྲག་པོ་གང་ལེགས་སྒོས་མངོན་ཡོད། མཚོ་བྱང་ཁུལ་ནི"འཛམ་གླིང་གི་སྤྱི་གནོད་མེད་པའི་ས་ཁོངས་ཆེན་པོ་བཞིའི་གྲས"ཡིན་པ་དང"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ"སོགས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་བཏོད་པ་བརྒྱུད་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་སྤུས་ཚད་ཀྱི་ཚབ་མིང་དུ་གྱུར་པར་མ་ཟད་གྲོང་གསེབ་དར་སྤེལ་གྱི"གསེར་གྱི་ལྡེ་མིག"ཏུ་དེ་བས་གྱུར་ཡོད། ཧྲན་ཏུང་ཞིང་ཆེན་ཉོ་འཚོང་སྐུལ་འདེད་མཐུན་ཚོགས་ཀྱིས་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་ས་ཁོངས་དབར་གྱི་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་པ་དང་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་རྒྱུན་མཐུད་ངང་དྲིལ་སྒྲོག་དང་འོས་སྦྱོར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་བྱང་ཐོན་རྫས་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཟེར།

ལིས་ཆིའུ་ཧྲིན་གྱིས་ཤིས་ཚིག་ནང་བསྟན་དོན། 2010ལོར་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཧྲན་ཏུང་གིས་མཚོ་བྱང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་གཏན་འཁེལ་བྱས་པ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། འགྲོ་འོང་བརྗེ་རེས། རིག་གནས་སློབ་གསོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མ་དངུལ་དང་རྣམ་གྲངས། འཇོན་མི་སོགས་ཀྱི་ཐད་རོགས་སྐྲུན་ཤུགས་ཆེན་བྱས་ཏེ་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལེགས་ཆ་གསབ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཞིག་དང་མཚུངས་པ་དང་། ཕན་ཚུན་གྱི་དགོས་མཁོ་བརྗེ་རེས་དང་གཉིས་ཁེ་གཉིས་ཕན་ནི་ཁེ་ལས་ལས་རིགས་ཀྱི་ཕུལ་བྱུང་མི་སྣའི་ཐུན་མོང་གི་ངོས་འཛིན་ཞིག་ཡིན་པས་ཁེ་ལས་ལས་རིགས་ཀྱི་གྲོགས་པོ་རྣམ་པས་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་འཕེལ་ཕྱོགས་ལ་བརྟེན་ནས་མཚོ་བྱང་དུ་མཐུན་སྦྱོར་མཉམ་ལས་ལ་ཧུར་ཐག་བྱེད་པ་དང་བྱ་གཞག་ཆེན་པོ་མཉམ་གཏོད་བྱེད་པར་དགའ་བསུ་ཞུ་ཟེར། 

ཚོགས་འདུའི་ཐོག ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་དང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་སོ་སོས་ཚོང་འགུགས་མ་འདྲེན་དང་ཞིང་ཕྱུགས་ཐོན་ལས། ཡུལ་སྐོར་ཐོན་ལས་བཅས་འོས་སྦྱོར་བྱས་པ་རེད། ཧྲན་ཏུང་ཞིང་ཆེན་ཚོང་ལས་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་དང་། ཧྲན་ཏུང་ལིང་ཁྲོ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་རིག་གནས་ཡུལ་སྐོར་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་མཁོ་འཚོང་མཁོ་སྤྲོད་འབྲེལ་ཐག་དོ་དམ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ཝེ་ལེ་ཧུའུ་ལེན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་དབྱང་ཁྲུན་སྦི་རག་ཚད་ཡོད་སྤྱི་གཉེར་ཁང་། མཚོ་བྱང་དབྱི་ཧའེ་སྐྱེ་དངོས་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས་ཀྱི་འཐུས་མིས་བརྗེ་རེས་གཏམ་བཤད་གནང་བ་རེད། ས་ཁུལ་དང་ལས་ཁུངས། ཁེ་ལས་བཅས24ཡིས་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས། དམའ་དབྱིངས་དཔལ་འབྱོར། མཁོ་བསྟུན་ཐོན་ལས་གླིང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་སོགས་ཐད་ཀྱི་གཙོ་གནད་ལས་གཞི12ལ་བདེ་བླག་ངང་གན་རྒྱ་བཞག་པ་དང་། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར75.6ཟིན་ཡོད། དེའི་རིང་ཚོགས་ཞུགས་མི་སྣས་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ལ་ལྟ་སྐོར་བྱས།

མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པའི་ཁོངས་མི་དང་། ཧྲན་ཏུང་ཞིང་ཆེན་གྱི་ཉོ་ཚོང་སྐུལ་འདེད་མཐུན་ཚོགས། རོགས་སྐྱོར་གཞུང་ལས་ཁང་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཧྭ་ལུའུ་མ་རྐང་ཚོད་འཛིན་སྡེ་ཚོགས། ཧྲུའེ་ཧྥ་ཧྲིན་ནུང་སྡེ་ཚོགས། ལིང་ཁྲོ་མཉེན་ཆས་སྡེ་ཚོགས་སོགས་ཁེ་ལས80ལྷག་གི་འཐུས་མི་དང་། ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གི་ཁོངས་མི་བཅས་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号