སྦྲ་ནག་གི་ལོ་ཟླ་དང་འགྲོགས་པའི་ཨ་རིག་དགོན་ཆེན།

རང་ཅག་མཚོ་སྔོན་ཞིང་ཆེན་དུ་བྱང་གི་དགོན་ཆེན་བཞི་གཙོ་བྱས་མིང་གྲགས་ཅན་གྱི་དགོན་པ་ཤིན་ཏུ་མང་། དེ་ཡང་།  ཞིང་ཆེན་གྱི་བྱང་སྒོ་ཞེས་འབོད་པའི་མདོ་ལ་རྫོང་ཨ་རིག་རྩྭ་ཐང་དུ། གཞི་རྒྱ་ཆུང་ཡང་། ཀུན་གྱིས་ཡིད་སྨོན་འཆོར་བའི་དགོན་སྡེ་ཞིག་ཡོད་ལ། དེ་ནི་ལོ་རྒྱུས་སུ་ཨ་རིག་ཚོ་བར་གཏོགས་པའི་ཨ་རིག་དགོན་དགའ་ལྡན་ཆོས་འཕེལ་གླིང་ཡིན། སྔར་དགོན་སྡེ་འདི་ནི་མི600ཡས་མས་ཤོང་བའི་སྦྲ་ནག་ཆེན་པོ་ཞིག་ལས་གྲུབ་པ་དང་། ཕྱིས་སུ་ད་ལྟའི་དགོན་པའི་རྣམ་པ་རུ་བསྒྱུར། 

མི600ཡས་མས་ཤོང་ཞིང་ཆེ་ཆུང་ལ་སྤྱི་ལེ་གྲུ་བཞི་མ300ལྷག་ཡོད་པའི་སྦྲ་ནག་ཆེན་པོ་འདི་ནི་ནོར་རྩིད་རྒྱ་མ1920དང་། ཆོན་ཐག་སོགས་གྲུབ་པའི་ཐག་པ་རྨིད2520དང་། རེ་ལྡེ་རྨིད2160ཡིས་གྲུབ་ལ། འཛམ་གླིང་གི་ཆེས་ཆེ་བའི་སྦྲ་ནག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་མྱོང་ཡོད།

སྔར་ཨ་རིག་ཚོ་བ་རུ་སྤོར་གནས་འཚོལ་གྱི་བརྒྱུད་རིམ་ཁྲོད། ཨ་རིག་དགོན་ཡང་དེ་དང་ཆབས་ཅིག་ཏུ་གནས་སྤོར་བྱེད་ཀྱིན་འདུག ལོ་རྒྱུས་ཀྱི་དུས་ཡུན་རིང་བའི་འཕེལ་རིམ་ཁྲོད། ད་ལྟ་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་ཁྱད་ཆོས་ལྡན་པའི་ཨ་རིག་དགོན་པའི་འདུ་ཁང་ལས་སྦྲ་ནག་དང་སོག་གུར་གྱིས་གྲུབ་པའི་འདུ་ཁང་མཐོང་རྒྱུ་མེད་པར་གྱུར་མོད། འོན་ཀྱང་སྦྲ་ནག་དེ་བདག་སྐྱོང་ལེགས་པོ་བྱས་ཡོད་པས། ད་ལྟའང་དགོན་པ་རུ་མཐོང་རྒྱུ་ཡོད།

མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གི་ཨ་རིག་རྩྭ་ཐང་དུ་ཆགས་པའི་ཨ་རིག་དགོན་པ་ནི།  མི་ཀུན་གྱིས་ཡིད་སྨོན་འཆོར་སའི་གནས་ཤིག་ཡིན། དབྱར་ཟླ་དྲུག་པར།  གནམ་ངོ་དྭངས་ཤིང་།  ག་ས་གང་དུ་མེ་ཏོག་ཁྲ་ལམ་མེར་བཞད་པའི་དུས།  གྲོང་ཁྱེར་གྱི་ཡུལ་སྐོར་པ་རྣམས་ནི་ཟིང་ཟིང་གི་སྒྲ་དང་གྲོང་ཁྱེར་གྱི་འདུ་འཛི་དང་བྲལ་ཏེ། གནས་འདིར་ཡོང་བ་ཙམ་གྱིས་བདེ་སྐྱིད་ཀྱི་སྣང་བ་ཞིག་རང་བཞིན་དུ་སྐྱེས་ཡོང་།

གནས་འདིའི་དབེན་འཇགས་ཀྱི་འདུ་ཁང་དང་། ལོ་ན་བགྲེས་པའི་གྲྭ་བཙུན། བརྗིད་ཉམས་ལྡན་ལ་དམར་མདངས་འཆར་བའི་རྩིག་པ་བཅས་ནི་འཆམ་མཐུན་ལྡན་ཞིང་མིག་ལ་མཛེས། ད་དུང་། རྒྱང་རིང་ནས་བལྟས་མ་ཐག་ཏུ། ཨ་རིག་དགོན་པའི་ཉེ་འགྲམ་གྱི་མུ་མཐའ་མེད་པའི་ལྗང་མདོག་གི་རྩྭ་ཐང་ནི་ཇི་འདྲའི་མཛེས་ཤིང་སྡུག་པ་ལ།   འུ་ཅག་དགོན་པའི་ནང་ཐོན་མ་ཐག་ཏུ། དད་ལྡན་མི་སྣ་མང་པོ་ཞིག་གིས་ངག་ནས་མ་ཎི་ཡིག་དྲུག་བཟློ་བའི་སྒྲ་ལས་འུར་འུར་ཟིང་ཟིང་གི་སྒྲ་ཅི་ཡང་མེད་པར་དབེན་ཞིང་འཇགས་ལ། ཀུན་ལ་བླ་ན་མེད་པའི་ཚོར་བ་ཞིག་བསྐྱེད་ཐུབ།

སྐུ་འབུམ་བྱམས་པ་གླིང་དང་བསྡུར་ན། ཨ་རིག་དགོན་པ་ནི་དེ་འདྲའི་མིང་གྲགས་ཆེན་པོ་མེད་མོད། འོན་ཀྱང་ཨ་རིག་དགོན་པར་རང་གི་ཁྱད་ཆོས་ལྡན་དེ། བརྗིད་ཉམས་ལྡན་ལ། དབེན་ཞིང་འཇགས་པ། བྱིན་ཆགས་ལྡན་ཞིང་བག་ལ་བྲོ་བ། འདི་དག་ཀུན་ནི་ཡུལ་སྐོར་ལྗོངས་རྒྱུའི་ལྟེ་གནས་སུ་གྱུར་པའི་དགོན་པ་དག་གིས་འགྲན་ཟླ་བྲལ་བ་ཞིག་ཡིན།  དེ་ཡང་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།ཞེས་པ་བཞིན་དད་ལྡན་པ་མང་པོ་ཞིག་རྒྱང་རིང་ནས་ཆེད་དུ་གནས་འདིར་མཇལ་སྐོར་དུ་ཕྱིན་ཏེ་གསོལ་བ་འདེབས།

ཨ་རིག་དགོན་པའི་ལྡེབས་རིས་ནི་ཚོན་མདངས་རྣམ་པར་བཀྲ་བ་དང་། མི་རྣམས་ལ་བྱིན་ཆགས་ལྡན་ཞིང་བག་བྲོ་བའི་སྣང་བ་སྟེར་བའི་སྟོབས་ཤུགས་ལྡན། ཁྱོད་ཀྱིས་ལུས་ངག་ཡིད་གསུམ་གྱི་དད་པས་སྒོ་ནས་མ་ཎི་བསྐོར་བའམ། ཡང་ན། གནས་གང་རུང་ཞིག་ནས་བསམ་བློ་གཏོང་བཞིན་བསྡད་ནའང་། ཁྱོད་ལ་གེགས་དང་བར་ཆད་བྱེད་མཁན་ནི་གཏན་ནས་ཡོད་མི་སྲིད།  ཕལ་ཆེར། གནས་འདི་ལྟ་བུ་ནས་ཁྱོད་ཀྱིས་རང་ཉིད་འཚོལ་ཐུབ་སྲིད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号