རྐང་ཚའི་འགྱིག་འདེད་ཚུལ།
བོད་པའི་གཅིར་འགྱིག་གམ་དགུ་འགྱིག་གི་རི་མོ།
གནའ་ནས་ད་བར་དུ་རང་རེའི་བོད་ཁུལ་དུ་ཐེ་གེ་དང་འབའ་འདེབས་པ་སོགས་རིག་སྟོབས་འཕེལ་བྱེད་ཀྱི་རྩེད་ཆས་རིགས་ཧ་ཅང་མང་པོ་ཞིག་ཡོད་ལ། འགྱིག་ཟེར་བ་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པ་མ་ཟད། འགྱིག་ནི་རྡེའུ་ཁ་དོག་གཉིས་སུ་ཕྱེས་ཤིང་བློ་རིག་ཟུང་འབྲེལ་སྒོས་ཀླད་ཤུགས་ལ་བརྟེན་ནས་རྩེད་དགོས་པ་ཞིག་ཡིན། སྤྱིར་བོད་ཀྱི་ཁ་དཔེ་ལ་ས་ཆ་རེ་ལ་དཔེ་རེ། ལུང་པ་རེ་ལ་ཆུ་རེ་ཞེས་པ་ནང་བཞིན་ས་ཁུལ་རེ་རེའི་འགྱིག་འདེད་སྟངས་ཀྱང་མི་འདྲ་ལ། རྐང་ཚའི་ཕྱོགས་ཀྱི་འགྱིག་འདེད་ཚུལ་ཀྱི་སྐོར་རགས་ཙམ་བརྗོད་ན། སྤྱིར་འགྱིག་ལ་རྒྱ་འགྱིག་དང་བོད་འགྱིག དྲུག་འགྱིག སྐྱག་འགྱིག དགུ་འགྱིག གཅིར་འགྱིག འགྱིག་མགོ་གཉིས་མ། ཟོག་རྫིའི་ཁེར་འགྱིག་སོགས་རིགས་ཧ་ཅང་མང་མོད། མཚོ་སྔོན་པོ་རྐང་ཚར་མཚོན་ན་འགྱིག་འདེད་སྟངས་གཙོ་བོ་དེ་གཅིར་འགྱིག་གམ་དགུ་འགྱིག་ཞེས་པ་དེ་ཡིན། གཅིར་འགྱིག་གམ་དགུ་འགྱིག་ནི་ཚུགས་སྒོ9དང་རྡེའུ40(གནའ་དུས་རྡེའུ་ནི་རྡོ་དཀར་ནག་གཉིས་ཡིན།)། དཀྱིལ་སྙིང་ངམ(རྒྱལ་ས)བཅས་ལས་གྲུབ་ལ། རྣམ་ཤེས་རིག་པ་སྐྲ་རྩེར་མ་བསྒྲིམས་ན་རི་དྭགས་རྒྱ་ལ་ཚུལ་པ་ནང་བཞིན་དོང་ལ་ལྷུང་བའི་ཉེན་ཁ་ཧ་ཅང་ཆེ། དེ་ཐོག་མར་རྡེའུ་འཇོག་སྐབས་དཀར་པོ་དང་ནག་པོ་ཞེས་མི་གཉིས་ཀས་གང་འདོད་དུ་མི་འཇོག་པར་འགྲན་ཡའི་རྡེའུ་དེ་ཇི་ལྟར་གཅིར་དགོས་པའམ་ཇི་ལྟར་འཕུད་དགོས་པར་དམིགས་དགོས་པ་ཞིག་ཡིན། འགྲན་ཡ་ཕམ་པར་བྱེད་སྟངས་ལ་རྡེའུ་གཅིར་བ་དང་བོའུ་ཆེན་རྒྱག་པ་གཉིས་ཡོད།
གཅིག རྡེའུ་གཅིར་བ་ནི་རང་ཉིད་ཀྱི་རྡེའུ་གཉིས་ཀྱི་བར་དུ་འགྲན་ཡའི་རྡེའུ་གཅིག་གཅིར་བར་ཟེར་བ་དང་དེའི་སྐབས་ཀྱི་བར་དུ་གཅིར་བའི་འགྲན་ཡའི་རྡེའུ་དེ་བླངས་ཆོག
གཉིས། བོའུ་ཆེན་རྒྱག་པ་ནི་འགྱིག་གདན་ངོས་ཀྱི་ཐིག་གཅིག་གི་སྟེང་དུ་རང་ཉིད་ཀྱི་རྡེའུ་གྲལ་སྒྲིག་ནས་ཡོད་པ་དང་ཐིག་འདིའི་ཆེས་མཇུག་དང་ཡང་ན་ཆེས་མགོ་ན་ཡོད་པའི་མཐའ་མའི་རྡེའུ་དེ་འགྲན་ཡའི་རྡེའུ་ཡིན་ན་དེ་ལ་བོའུ་ཆེན་རྒྱག་པ་ཟེར་བ་དང་། དེའི་སྐབས་འགྲན་ཡའི་རྡེའུ་གཅིག་པུ་དེ་བླངས་ཆོག (དེ་ལ་ཡང་གཞིའི་རིང་ཐུང་མི་འདྲ་བའི་ཆ་ནས་བོའུ་རིང་དང་བོའུ་ཐུང་། བོའུ་འབྲིང་བཅས་གསུམ་ཡོད།) རྡེའུ་གཅིར་བར་ཡང་གང་འདོད་དུ་གཅིར་མི་རུང་བར་བློ་རྩེ་ཉི་ཤུ་རྩ་གཅིག་དང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་གཅིར་དགོས། གལ་ཏེ་གཅིར་མི་རུང་བ་ཞིག་གཅིར་ཚེ་འགྲན་ཡའི་རྡེའུ་གང་མང་གཅིར་བའམ་འཕུད་པའི་གོ་སྐབས་འཆོར་ངེས། དེ་ལྟར་ཕན་ཚུན་གྱི་རྡེའུ་གཅིར་རེས་དང་ཡང་ན་འཕུད་རེས་བྱས་ནས་མཐའ་མར་ཕྱོགས་གཅིག་གི་རྡེའུ་མེད་པར་གཏོང་དགོས་ལ། དེ་ལྟར་བཏང་ཚེ་ད་གཟོད་འགྲན་ཡ་ཕམ་པར་བརྩི་བ་ཡིན། གལ་ཏེ་མཐའ་མར་ཕྱོགས་གཉིས་ཀའི་རྡེའུ་ཚར་མེད་པ་མ་ཟད་ཚུགས་སྒོ་ཡོད་ཚད་རྡེའུ་བཞག་གང་ཡོད་ན། ད་གཟོད་དཀྱིལ་སྙིང་ངམ་རྒྱལ་སའི་སྟེང་སྣུར་ནས་སྒོ་ཕྱེ་དགོས། དེ་ལྟར་ད་དུང་མུ་མཐུད་དུ་འདྲ་མཉམ་ཡིན་ཚེ་རྡེའུ་འཐབ་ཟེར་ལ། རྒྱལ་ཕམ་གྱི་དབྱེ་བ་འབྱེད་མི་ཐུབ་ཕྱིར་སླར་ཡང་མགོ་རྩོམ་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注