མཚོ་བྱང་ཁུལ་གྱི་འཚེམ་དྲུབ་ལས་རིགས་ཀྱི་ལས་བཟོ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་རྩལ་ནུས་འགྲན་བསྡུར་དངོས་སུ་སྤེལ་མགོ་བརྩམས་པ།
ཟླ11པའི་ཚེས28ཉིན། ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་དང་། ཁུལ་རིག་གནས་ཁང་དང་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་བྱང་ཁུལ་གྱི་འཚེམ་དྲུབ(青绣)ལས་རིགས་ཀྱི་ལས་བཟོ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་རྩལ་ནུས་འགྲན་བསྡུར་དངོས་སུ་སྤེལ་མགོ་བརྩམས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན་དང་། ཁུལ་དཔོན་གཞོན་པ་མ་རུའུ་ཞང་དང་ཧ་ཝུན་ཞུག ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་བཅས་མགོ་རྩོམ་མཛད་སྒོར་ཕེབས། ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགན་འཁུར་བ་གཙོ་བོདང་། འཐུས་ཚབ་རུ་ཁག་སོ་སོའི་རུ་སྣེ་ཁྲིད་མཁན་དང་གསོ་སྦྱོང་སློབ་མ། འགྲན་ཞུགས་པ། དེ་བཞིན་དཔྱད་འདེམས་ཨུ་ལྷན་གྱི་ཚོགས་པའི་ཁོངས་མི་བཅས་ཁྱོན་མི70ལྷག་ཙམ་བྱེད་སྒོར་ཞུགས།
མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཚེམ་དྲུབ་ཐོན་ལས་རྒྱུན་འཛིན་དང་སྐུལ་འདེད། འཕེལ་རྒྱས་བཅས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་ལས་བཟོ་བའི་རྩལ་ནུས་བྱང་ཚད་གསོ་སྐྱོང་དང་མཐོ་རུ་གཏོང་རྒྱུར་གཙིགས་ཆེན་བྱས་ཏེ། འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ལས་ཞུགས་གསར་གཏོད་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་དམངས་ཕྱུག་ཐོན་ལས་དང་གྲོང་གསེབ་དར་སྤེལ་གཏོང་བའི་ཐོན་ལས་ཤིག་ཏུ་བརྩི་བཞིན་ཡོད། ཐེངས་འདིའི་འགྲན་བསྡུར་ནི་མཚོ་བྱང་ཁུལ་གྱི་ལས་བཟོ་བའི་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་ཁྱད་ལྡན་ཐོན་ལས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་མོའི་གྲས་ཤིག་ཡིན་པ་ལ། རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་བ་དང་འཚེམ་དྲུབ་ལག་ཤེས་པ་གསོ་སྐྱོང་བྱེད་པ། གཟུགས་འདས་རིག་གནས་རྒྱུན་འཛིན་བྱེད་པ། སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་ཞིང་། བཟོ་ཚོགས་རྩ་འཛུགས་ཀྱི་འགན་འཁྲི་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་རོང་འབྲོག་པའི་ལས་གནས་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་འཚོ་བ་འཁྲུག་ཆ་དོད་དུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པར་མ་ཟད། ཁབ་རྩེ་ནས་ཐོན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་སྣང་དང“འཚེམ་དྲུབ”ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་པའི་ལག་ལེན་དངོས་ཤིག་དང་། “ངལ་རྩོལ་གཟི་བརྗིད་དང་རྩལ་ནུས་རྩ་ཆེན། གསར་གཏོད་རླབས་ཆེན”བཅས་ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཞིང་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད།
བྱེད་སྒོའི་ཡུལ་དངོས་སུ་། བུད་མེད་ཚོས་གསོ་སྦྱོང་དགེ་རྒན་གྱི་རྗེས་སུ་འབྲངས་ནས་འཚེམ་དྲུབ་ཀྱི་ཐོན་རྫས་ནན་ཏན་ངང་སྦྱང་ནས་ཚང་མས་ཕན་ཚུན་བློ་འདྲི་དང་བསྟོད་བསྔགས། ལེགས་ཆ་གསབ་རེས་བཅས་བྱེད་བཞིན་ཡོད་ལ། དགེ་རྒན་གྱི་མཛུབ་སྟོན་འོག་འཚེམ་དྲུབ་སྦྱང་བའི་བུད་མེད་ཚོས་སེམས་རྣལ་དུ་ཕབ་ནས་འཚེམ་དྲུབ་ཐོན་རྫས་རེ་རེ་ཞིབ་བཟོ་བྱས།
“མཚོ་བྱང་ཁུལ་གྱིས་ང་ཚོར་རང་ཉིད་ཀྱི་འཇོན་ནུས་ངོམ་སའི་ལས་སྟེགས་འདི་འདྲ་ཞིག་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས། ང་འཚེམ་དྲུབ་ལ་ཧ་ཅང་དགའ་ཞིང་རྒྱུན་དུ་འཚེམ་དྲུབ་ཐོན་རྫས་འཚེམ་བཟོ་བྱེད་པར་ཡང་དགའ། ཐེངས་འདིའི་བྱེད་སྒོ་བརྒྱུད་དེ་འཚེམ་དྲུབ་ལག་རྩལ་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད། ང་ཚོ་འཚེམ་དྲུབ་ལ་དགའ་མཁན་ཚོར་སློབ་སྦྱོང་དང་བརྗེ་རེས་བྱེད་པའི་ལས་སྟེགས་ཤིག་ཀྱང་བསྐྲུན་ཡོད་པས། བྱེད་སྒོ་འདི་འདྲ་སྤེལ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་མདོ་ལ་རྫོང་ནས་ཡོང་བའི་སློབ་མ་གཡུ་སྒྲོན་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བཤད།
དབྱང་ཡན་ཧྥུའུ་ནི་འཇུ་ལག་རྫོང་ནས་ཡོང་བའི་སློབ་མ་ཞིག་ཡིན་ལ། ཁོ་ཡིད་ཆེས་ཀྱིས་ཁེངས་བཞིན་གསོ་སྦྱོང་དགེ་རྒན་གྱིས་འགན་འཁྲི་ཆེན་པོ་འཁུར་ཏེ་ཞིབ་ཚགས་ངང་ང་ཚོར་སློབ་ཁྲིད་བྱས་པས། དགེ་རྒན་གྱི་མཛུབ་སྟོན་འོག་ང་ཚོས་འཚེམ་དྲུབ་ལག་རྩལ་དེ་བས་མང་བ་སྦྱོང་ཐུབ་བྱུང་བས་མི་རིགས་ཀྱི་རིག་གནས་ལག་ཤེས་བཟོ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད་པར་བཤད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འཚེམ་དྲུབ་གསོ་སྦྱོང་གི་དུས་ཡུན་ཉིན4ཡིན་པ་དང་། ཁུལ་ཡོངས་ཀྱི་འཚེམ་དྲུབ་ལས་ཞུགས་ལས་བཟོ་པ་དང་རྒྱུན་འཛིན་པ40ལྷག་གསོ་སྦྱོང་ནང་ཞུགས་ཡོད་ལ། འཚེམ་དྲུབ་བརྩམས་ཆོས80འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། བྱེད་སྒོའི་ཐོག《སྲོལ་རྒྱུན་འཚེམ་དྲུབ་པར་རིས་གསལ་འགྲེལ》དང《ཀྲུང་གོའི་འཚེམ་དྲུབ་སྒྱུ་རྩལ》སོགས་སློབ་ཚན་བཀོད་སྒྲིག་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་ལག་ལེན་སློབ་ཚན་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་གསོ་སྦྱོང་བྱས། རྩལ་ནུས་འགྲན་བསྡུར་ལ་བྱ་དགའ་ཨང་དང་པོ1དང་ཨང་གཉིས་པ2། ཨང་གསུམ་པ3། ཕུལ་བྱུང་བྱ་དགའ15། ཕུལ་བྱུང་རྩ་འཛུགས་བྱ་དགའ4བཅས་བཀོད་སྒྲིག་བྱས་ཡོད་ཅིང་། དཔྱད་འདེམས་དགེ་རྒན5གདན་དྲངས་ནས་ཟླ་འདིའི་ཚེས30ཉིན་འགྲན་བསྡུར་གྱི་སྒྲིག་སྲོལ་དང་སྐར་གྲངས་དཔྱད་བསྡུར་གྱི་ཞིབ་སྲོལ་ལ་གཞིགས་ནས་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་བྱ་རྒྱུ་དང་འབྲེལ་བྱ་དགའ་ཡང་སྤྲོད་རྒྱུ་རེད།
མཛད་སྒོ་མཇུག་སྒྲིལ་རྗེས་བྱེད་སྒོར་ཞུགས་པའི་མགོ་ཁྲིད་དང་། རྫོང་སོ་སོའི་རུ་སྣེ་ཁྲིད་མཁན། སློབ་མ་རྣམས་བཅས་ཀྱིས་མཉམ་དུ་འཚེམ་དྲུབ་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་སྐོར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注