ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཝང་དབྱི་དང་ཐུག་འཕྲད་བྱས།

ས་གནས་དེ་གའི་ཟླ4པའི་ཚེས1ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་མོ་སི་ཁོ་རུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་ཐུག་འཕྲད་བྱས།

ཕུའུ་ཅིན་གྱིས་ཝང་དབྱི་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཐུན་མོང་ངོས་འཛིན་སྣ་ཚོགས་བྱུང་བ་དེ་ནུས་ལྡན་སྒོས་དོན་འཁྱོལ་བྱས་ནས། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་སྲུང་འཛིན་བྱས་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་དུ་ཟབ་སྤེལ་བྱས་ཤིང་། ཨུ་རུ་སི་དང་ཀྲུང་གོའི་རིག་གནས་ལོ་ཞེས་པར་བདེ་བླག་ངང་སྐུལ་འདེད་བཏང་སྟེ་ཚུར་སྣང་དྲག་པོ་བྱུང་བ་དང་། རྒྱལ་ཁབ་གཉིས་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་བཏང་བ་བཅས་མཐོང་བ་ཧ་ཅང་དགའ་ཡོད་ཟེར། ད་ལོ་ནི་སུའུ་ལེན་གྱི་རླབས་ཆེ་བའི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁབ་བླངས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་ལོ་ཡིན་པས། ཀྲུང་གོ་རྗེས་དྲན་བྱ་འགུལ་ལ་ཞུགས་ནས། མཉམ་དུ་ནཱ་ཚོས་ཧྥ་ཞི་སི་དང་འཇར་པན་དམག་རྒྱལ་རིང་ལུགས་ལ་རྒོལ་ལན་སྤྲད་དེ་རྒྱལ་ཁ་བླངས་པར་རྟེན་འབྲེལ་ཞུ་བའི་རེ་བ་བྱེད་ཀྱིན་ཡོད་ཟེར། ཨུ་རུ་སི་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད་ལ། ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ནས་ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཉམ་ལས་མུ་མཐུད་དུ་ཟབ་སྤེལ་བྱེད་འདོད་ཡོད། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་རྒྱུན་ཆད་མེད་པར་འཛམ་གླིང་ལ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པའི་བརྡ་རྟགས་གཏོང་དགོས།

ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་ཁྲིད་སྟོན་དང་ཐུགས་ཁུར་སྐུལ་འདེད་འོག ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ཇེ་བརྟན་དུ་གྱུར་ཞིང་། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་ཟབ་ཏུ་གྱུར་བ་དང་། འཐབ་ཇུས་མཐུན་སྦྱོར་ཇེ་དམ་དུ་གྱུར་ལ། དངོས་གཉེར་མཉམ་ལས་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་གྱུར་བས། རྒྱལ་ཁབ་ཆེན་པོ་གཉིས་དར་རྒྱས་གོང་འཕེལ་འགྲོ་བར་འགན་སྲུང་བྱས་ཏེ། ཕྱོགས་གཉིས་ཀྱི་རྒྱལ་ཁབ་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས། ཀྲུང་གོ་དང་ཨུ་རུ་སིའི་མཉམ་ལས་ཀྱིས་ཕྱོགས་གསུམ་པར་མི་དམིགས་ཤིང་། ཕྱི་ཕྱོགས་ཀྱི་བར་ཆད་གཏན་ནས་དང་ལེན་མི་བྱེད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་འགྲོ་མཚམས་མི་འཇོག་པར། འཕེལ་རྒྱས་བགྲོད་ལམ་སྔར་ལས་ཆེ་རུ་འགྲོ་ངེས། ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་ནི་མིག་མདུན་ལ་གདོང་གཏད་པ་ཙམ་མིན་པར། ཡུན་རིང་འཕེལ་རྒྱས་ཀྱི་མ་འོངས་པར་དམིགས་པ་ཞིག་ཡིན་པར་བསྟན།

ཝང་དབྱིས་བཤད་རྒྱུར། ལོ་ངོ་བརྒྱད་ཅུ་ལྷག་གི་སྔོན་ལ། ཀྲུང་གོ་དང་སུའུ་ལེན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སོ་སོར་ཨེ་ཤ་ཡ་གླིང་དང་ཡོ་རོབ་གླིང་གི་འཐབ་ར་གཙོ་བོར་གཅིག་རྗེས་གཉིས་མཐུད་དང་ཁྲག་བཏོན་དམར་འཛིང་བྱས་ཏེ། མི་རིགས་ཀྱི་བྱས་རྗེས་ཆེན་པོ་བཞག་པ་དང་། འཇར་པན་དམག་རྒྱལ་རིང་ལུགས་དང་ན་ཙི་ཧྥ་ཞི་སི་ཕམ་པར་བྱས་ཤིང་། མིའི་རིགས་ཀྱི་ཞི་བདེའི་བྱ་གཞག་ལ་བྱས་རྗེས་གལ་ཆེན་བཞག་ཡོད།  ལོ་ངོ་བརྒྱད་ཅུའི་རྗེས་ཀྱི་ད་ལྟར། ཀྲུང་གོ་དང་ཨུ་རུ་སི་ནི་འགྱུར་ལྡོག་ཆེ་བའི་འཛམ་གླིང་གི་གཏན་འཇགས་རང་བཞིན་གྱི་སྟོབས་ཤུགས་གཙོ་བོ་ཡིན་པས། ལག་རྡང་སྦྲེལ་ནས་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོབ་བྱེད་པ་དང་། འཐབ་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་སྲོག་ཤིང་གོ་གནས་ལ་མཉམ་དུ་སྲུང་སྐྱོང་བྱེད་ལ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱི་འབྲེལ་བའི་དམངས་གཙོ་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ལོ་འཁོར་བརྒྱད་ཅུའི་རྗེས་དྲན་བྱ་འགུལ་གལ་ཆེན་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས2025ལོའི་འགྲོ་འོང་བརྗེ་རེས་གཙོ་བོར་བརྟེན་ནས་ཀྲུང་གོ་དང་ཨུ་རུ་སིའི་ལེའུ་གསར་བ་འབྲི་བར་ཡིད་ཆེས་བྱས་ཡོད་ཅེས་ཟེར།

ཨུ་རུ་སིར་འཚམས་འདྲི་བྱེད་སྐབས། ཝང་དབྱི་ཡིས་ད་རུང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་དང་ཐེངས་མང་པོར་གྲོས་མོལ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号