ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ་དབྱང་ཨོའུ་དང་བཅས་པར་བཞུགས་མོལ་བྱས།
ཟླ3ཚེས19ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ་དབྱང་ཨོའུ་དང་བཅས་པར་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་དབྱང་ཨོའུ་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཕེལ་རྒྱས་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་སྟེ། ན་ནིང་ཟླ6པར་སླར་ཡང་མཚོ་སྔོན་ལ་གཟིགས་ཞིབ་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཚད་གཞི་གསར་པ་གཏན་འཁེལ་བྱས་པ་དང་འགན་འཁྲི་གསར་པ་སྤྲད་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་འབད་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་དེད་ནས་མདུན་སྐྱོད་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་བརྗེ་རེས་དང་འགྲོ་འོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བས། མཚོ་སྔོན་གྱི་འཕེལ་རྒྱས་རྣམ་པ་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། དེ་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་འདེགས་སྐྱོར་དང་འགན་སྲུང་ལ་ཁ་འབྲལ་ཐབས་མེད། ཕྱོགས་གཉིས་ཀྱིས་ཧྲན་ཞི་དང་མཚོ་སྔོན་གྱི་གནམ་གྲུ་ཐང་མཉམ་འབྲེལ་བསྐྱར་སྒྲིག་བྱས་ནས་ལོ20འཁོར་བ་གོ་སྐབས་སུ་བརྩིས་ནས། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པ་སོགས་ཀྱི་ཐད་གཏིང་ཟབ་པའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་འཆར་འགོད་བྱ་རྒྱུར་ཤུགས་བསྣན་ཏེ། རང་ཞིང་གི་མཁའ་འགྲུལ་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བདེ་འཇགས་སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཟི་ལིང་གནམ་གྲུ་ཐང་གི་དུས་རིམ་གསུམ་པའི་རྒྱ་སྐྱེད་བཟོ་སྐྲུན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། གནམ་གྲུ་ཐང་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་གཟུགས་བརྙན་མངོན་པའི་སྒེའུ་ཁུང་ཞིག་ཏུ་བསྐྲུན་དགོས། གུང་ཧོ་དང་རྨ་ལྷོ། ནང་ཆེན། གཅིག་སྒྲིལ་སོགས་ཡན་ལག་གནམ་གྲུ་ཐང་གི་དུས་སྔོན་གྱི་འབྲེལ་ཡོད་བྱ་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
དབྱང་ཨོའུ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཀུང་སིར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ཀུང་སིའི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ངོ་སྤྲོད་བྱས། ཁོ་མོས་བཤད་རྒྱུར། 2024ལོར། མཚོ་སྔོན་གནམ་གྲུ་ཐང་ཀུང་སིའི་ལོ་རེའི་འགྲུལ་པ་མི་ཐེངས་ས་ཡ་བརྒྱད་དང་ཁྲི་གཅིག་སྣེ་ལེན་བྱས་པ་དང་། དངོས་ཟོག་དང་སྦྲག་སྲིད་ཕྱིར་བསྐྱལ་ནང་བསྡུ་བྱས་ཚད་ཏུན་ཁྲི་བཞི་ལྷག་ཟིན་པས། ཚང་མར་དངོས་སུ་འཕར་བ་མངོན་འགྱུར་བྱུང་ཡོད། དེའི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་ཕྱིན་པ་མཚོན་གྱིན་ཡོད་ལ། ང་ཚོས་མཚོ་སྔོན་དུ་གཞི་ཚུགས་ལ་འཕེལ་རྒྱས་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། གོ་རིམ་རྗེས་མར་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་གཏིང་ཟབ་པར་འདྲེས་སུ་བཅུག་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་དང་། མཐོ་སྒང་གི་སྐྱེལ་འདྲེན་ནུས་ཤུགས་འདོན་སྤྲོད་དང་གནམ་གྲུའི་མཁའ་ལམ་གསར་སྤེལ། གནམ་གྲུ་ཐང་འཛུགས་སྐྲུན་སོགས་ཐད་བྱ་བ་སྒྲུབ་ཤུགས་ཆེ་རུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དམངས་སྤྱོད་མཁའ་འགྲུལ་གྱི་སྟོབས་ཤུགས་ཕུལ་ནས་བྱས་རྗེས་འཇོག་རྒྱུ་ཡིན།
ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་། ཀྲུའུ་ཞང་ཧྥུན། ཁྲིན་ཅི་ཝེ་བཅས་གྲོས་ཚོགས་སུ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注