ཞི་ཅིན་ཕིང་ལིས་ཡུའེ་རི་ནེ་ལུའུ་རུ་འབྱོར་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པར་མ་ཟད་པ་ཞི་ལ་རྒྱལ་དོན་འཚམས་འདྲི་གནང་།
ས་དེའི་དུས་ཚོད་ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ལིས་ཡུའེ་རི་ནེ་ལུའུ་རུ་འབྱོར་ཏེ། པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ་ཡི་གདན་ཞུས་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པར་མ་ཟད་པ་ཞི་ལ་རྒྱལ་དོན་འཚམས་འདྲི་གནང་།
ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ལིས་ཡུའེ་རི་ནེ་ལུའུ་ཡི་ཅཱ་ལིས་ཨང་མཁའ་དམག་རྟེན་གཞིར་འབྱོར་སྐབས། པ་ཞི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། པ་ཞིའི་མཁའ་དམག་གི་དུང་བརྡ་གཏོང་མཁན་གྱིས་དུང་བརྡ་བཏང་སྟེ་གུས་འདུད་ཞུས་པ་དང་། གུས་དམག་ས་གདན་དམར་པོའི་གཞོགས་གཉིས་སུ་ལངས་ཡོད།
ཞི་ཅིན་ཕིང་གིས་གནམ་གྲུ་ཐང་ནས་ཡིག་ཐོག་གསུང་བཤད་གནང་སྟེ། པ་ཞི་སྲིད་གཞུང་དང་པ་ཞི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།
ཞི་ཅིན་ཕིང་གིས་ང་རང་སྔོན་ཆད་པ་ཞི་ལ་ཐེངས་བཞིར་ཡོང་མྱོང་། ངས་པ་ཞི་རྒྱལ་ཁབ་ཀྱི་ལོ་ངོ་སུམ་ཅུའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་དངོས་སུ་མྱངས་པ་ཡིན་ལ། སྤྲོ་སྣང་གིས་ཕྱུག་པའི་ས་གཞི་འདིའི་སྟེང་ཡང་བསྐྱར་གོམ་པ་སྒྱུར་སྐབས་ང་ལ་སྙིང་ཉེ་བའི་ཚོར་བ་སྨྲ་མེད་ཅིག་བྱིན་བྱུང་། ཀྲུང་གོ་དང་པ་ཞི་ནི་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་ཟླ་གྲོགས་བཟང་པོ་ཡིན། སའི་གོ་ལའི་ཤར་ཕྱེད་དང་ནུབ་ཕྱེད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འདི་གཉིས་ལ་མཚོན་ནས་བཤད་ན། རྒྱ་མཚོ་ཆེན་པོས་བར་དུ་བཅད་ཡོད་ནའང་ཕན་ཚུན་བར་འགུག་ཤུགས་ལྡན་ལ་ཕན་ཚུན་གཞོགས་འདེགས་ཀྱང་བྱེད་ཀྱིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་སོང་བ་དང་དངོས་གཉེར་མཉམ་ལས་ལ་དེ་བསྟུན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། མི་གཞུང་རིག་གནས་མཉམ་ལས་ཐད་གྲུབ་འབྲས་མང་པོ་ཐོབ་ཡོད་པར་མ་ཟད། སྲོལ་རྒྱུན་མཛའ་མཐུན་ལའང་དུས་རབས་ཀྱི་གསོན་ཤུགས་གསར་པ་རྒྱས་ཡོད་པ་ལས་གཞན། རྒྱལ་སྤྱིའི་སྟེང་འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དྲང་བདེན་གྱི་འབོད་སྐུལ་བཏང་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ད་ལོར་རྒྱལ་ཁབ་གཉིས་ཀས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་ཡོད། སྔ་མཐུད་ཕྱི་འདྲེན་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་དུ་ལངས་ནས། ངས་ཙུང་ཐུང་ལུའུ་ལཱ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུའི་རེ་ལྟོས་ཡོད། ད་ཐེངས་ཀྱི་འཚམས་འདྲི་འདི་བརྒྱུད་དེ། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་ཀྱི་ཡིད་ཆེས་སྔར་ལས་ཆེ་རུ་འགྲོ་ངེས་པ་དང་ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཇེ་དམ་དུ་ཕྱིན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་མ་འོངས་པའི “རྫོགས་ལྡན་གྱི་ལོ50”བསུ་བར་སྣེ་ཁྲིད་ཐུབ་པའི་ཡིད་ཆེས་ཡོད། ངས་ཀྱང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་ནས། ཕྱོགས་སོ་སོ་དང་མཉམ་དུ་ཇུས་ཆེན་ལ་མཉམ་དུ་གྲོས་སྡུར་དང་འཕེལ་རྒྱས་དོན་གཉེར་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་མཉམ་དུ་དར་སྤེལ་བཏང་ནས། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་དུ་བསྡད་དེ་ས་དེར་འབྱོར།
པ་ཞི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲུའུ་ཆིང་ཆའོ་ཡིས་གནམ་གྲུ་ཐང་དུ་བསུ་མ་ཞུས།
ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་། ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་ཚར་ནས་ཕེ་རུའི་རྒྱལ་ས་ལི་མ་ནས་ཞལ་གྱེས་སྐབས། ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ཏི་ལིས་ཨན་སུན་དང་རྒྱལ་སྲུང་པུའུ་ཀྲང་ཨ་སི་ཐུའུ་ཏིས་ལུའུ་སོགས་ཀྱིས་གནམ་གྲུ་ཐང་དུ་སྐྱེལ་མ་ཞུས།
ཞི་ཅིན་ཕིང་རླངས་འཁོར་དུ་བཞུགས་ཏེ་སྡོད་སའི་གསོལ་མགྲོན་ཁང་ནས་གནམ་གྲུ་ཐང་དུ་བསྐྱོད་པའི་ལམ་བར་དུ། ས་གནས་དེ་གའི་མང་ཚོགས་མང་པོ་ཞིག་རང་འགུལ་ངང་ལམ་གྱི་གཡས་གཡོན་དུ་འཛོམས་ནས། རླངས་འཁོར་རུ་ཁག་ལ་གུས་འདུད་ཞུས་པ་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་པ་དང་ཀྲུང་གོའི་དངུལ་གཏོང་སྒྲིག་གཞི། ཕྱི་འགྲིམས་སློབ་མ་བཅས་ཀྱི་འཐུས་མིས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདེ་ལེགས་ངང་འཚམས་འདྲི་གནང་བར་རྟེན་འབྲེལ་ཞུས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注