ཞི་ཅིན་ཕིང་གིས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།

ཉེ་ལམ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།  ལོ་ངོ40རིང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་དང་། བཅོས་སྒྱུར་གསར་གཏོད་གཏིང་ཟབ་བྱས་ཤིང་། དཀའ་སྤྱད་འབད་འཐབ་དང་བློ་བསྐྱེད་ཡར་བརྩོན་གྱིས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་རྐྱེན་སྲོལ་གསར་པ་འཛུགས་པ་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་ཧུར་ཐག་བཞག་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་བསྐྱོད་ལམ་གསར་པར། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་ཏེ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་དུ་དམིགས་ནས། རྒྱུན་ཆད་མེད་པར་གསར་གཏོད་ཀྱི་གསོན་ཤུགས་དང་ནང་འཕེལ་སྒུལ་ནུས་སྐུལ་སློང་བྱེད་དགོས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་རིམ་པ་ཟབ་པའི་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔའ་ངར་ཆེན་པོས་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་སྐྱོད་པ་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྐྱེན་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་མཉམ་བསྐྲུན་བྱེད་པའི་ཁྲོད་འབད་པས་ཞུགས་ཏེ། རྒྱལ་སྤྱིའི་མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཚོང་འགུག་དངུལ་འདྲེན་བྱེད་ཐབས་གསར་གཏོད་བྱས་ནས། དངུལ་གཏོང་ཀྲུང་གོའི་མིང་གྲགས་རྒྱས་པར་རོགས་ཤུགས་འདོན་དགོས། སྔོན་ཐོན་བཟོ་བསྐྲུན་ལས་རིགས་ཀྱི་ཐོན་ལས་རྨང་གཞི་སྲ་བརྟན་དང་མཐོ་རུ་བཏང་སྟེ། ཐོན་ལས་མཐོ་རིམ་ཅན་དང་ལྗང་མདོག་ཅན། གཞི་གྲངས་ཅན་ལ་སྐུལ་འདེད་བཏང་ནས། གཞི་གྲངས་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་བསྐྲུན་ཏེ། ཡུལ་བབ་དང་བསྟུན་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ཞེས་ནན་གྱིས་གསུངས།

རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལོ་ངོ་བཞི་ཅུའི་བཞུགས་མོལ་ཚོགས་འདུ་ཚེས20ཉིན་ཐེན་ཅིན་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་གྱིས་ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་གསུང་བཤད་གལ་ཆེན་གནང་བ་བརྒྱུད་བསྒྲགས་བྱས། ཧི་ལིས་ཧྥིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ནི་དུས་རབས་གསར་པའི་བསྐྱོད་ལམ་གསར་པར་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བྱ་བ་ལེགས་པོར་སྒྲུབ་པའི་གཞི་རྩའི་རྩ་འཛིན་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་གསར་བར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དཀྱིལ་སྙིང་དང་སྤྱི་ཡོངས་ཞབས་འདེགས་ཞུ་བར་དམིགས་ནས། རྐྱེན་སྲོལ་ལམ་སྲོལ་གྱི་བཅོས་སྒྱུར་གསར་གཏོད་བྱ་བའི་ཚོད་ལྟ་ཁུལ་བསྐྲུན་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་སྔོན་སྐྱོད་པ་བཟང་པོ་བྱེད་དགོས་ཤིང་། ཁུལ་ཁོངས་སྒོ་འབྱེད་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྐུལ་འདེད་མཁན་བྱས་ནས། དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་ཞབས་འདེགས་ཞུ་བའི་སྟོབས་ཤུགས་སུ་འགྱུར་བར་བྱས་ཏེ། འབད་བརྩོན་ཆེན་པོས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བྱ་བར་རྣམ་པ་གསར་པ་མངོན་དུ་འཇུག་དགོས་ཞེས་བསྟན།

ཚོང་དོན་པུའུ་དང་། ཀྲུང་དབྱང་སྒྲིག་ལུགས་གཞུང་སྒྲུབ་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རང་བྱུང་ཐོན་ཁུངས་པུའུ། ཐེན་ཅིན་དང་ཅང་སུའུ། ཨན་ཧོས། ཀོང་ཞི། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁ་ཤས་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号