ཞི་ཅིན་ཕིང་གིས་ཆ་ཏེའི་ཙུང་ཐུང་དང་ཐུག་འཕྲད་གནང་བ།
ཟླ9བའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཆ་ཏེའི་ཙུང་ཐུང་མུའུ་ཧན་མོ་ཏེ་དང་ཐུག་འཕྲད་གནང་།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས3ཉིན་གྱི་སྔ་དྲོར། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཆ་ཏེའི་ཙུང་ཐུང་མུའུ་ཧན་མོ་ཏེ་དང་ཐུག་འཕྲད་གནང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ཀྲུང་གོ་དང་ཆ་ཏེའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཆ་ཏེ་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་ནང་གཉིས་ཕན་མཉམ་ལས་ཧུར་ཐག་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོས་ལོ་མང་ལ་ཆ་ཏེའི་ཉོ་ཚོང་རོགས་ཟླ་དང་མ་འཇོག་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ་དང་། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཐོག འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཆ་ཏེའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆ་ཏེས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། སྔར་བཞིན་ཆ་ཏེ་ཕྱོགས་ཀྱིས་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས། འདུ་ཤེས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཆེར་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བཅས་བྱེད་དགོས་པ་དང་། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཆ་ཏེ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རང་བདག་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཐོག རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ། ཐུན་མོང་ཐོག་ཞི་བདེ་སྲུང་སྐྱོང་གི་བརྟན་ལྷིང་སྟོབས་ཤུགས་ཤིག་བྱེད་འདོད་ཡོད།
མུའུ་ཧན་མོ་ཏེས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལ་གདན་འདྲེན་ཞུས་པ་དང་འབྲེལ་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་ཐོག་ནས་ཆ་ཏེ་དང་ཀྲུང་གོ་ཕྱོགས་གཉིས་པོའི་མཛའ་གྲོགས་བརྩེ་སེམས་མངོན་ཡོད། ཆ་ཏེ་དང་ཀྲུང་གོའི་མཉམ་ལས་ནི་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་ལ་བརྟེན་པ་ཞིག་ཡིན་པ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཆ་ཏེའི་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་གཉིས་ཕན་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་གཞོལ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཉིན་རེ་བཞིན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་པ་དང་རྒྱལ་སྤྱིའི་གནས་བབ་ཉིན་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད། ཆ་ཏེས་ཀྲུང་གོའི་གོང་འཕེལ་གྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱི་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་ཀྱི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་བསྔགས་བརྗོད་ཞུ་བཞིན་ཡོད་ཅིང་། ཀྲུང་གོ་མུ་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་མཐོང་འདོད། ཀྲུང་གོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་དེས་ཆ་ཏེ་དང་ཨ་ཧྥེ་རི་ཁ་དང་ཐ་ན་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ལ་སྣེ་ཁྲིད་བྱེད་པའི་ངོས་ནས་བརྗོད་ན་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། ཆ་ཏེས་ཀྲུང་གོ་གཅིག་གི་རྩ་དོན་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་རྒྱུ་ཡིན་ཞེས་གསུངས།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ཆ་ཏེ་ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ་མཉམ་ལས། བ་དམ་དང་ཏིལ་ཀྲུང་གོར་འདྲེན་པ། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་རྒྱུ་རེད།
ཝང་དབྱི་གོང་གི་ཐུག་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注