ཝང་དབྱི་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་ཐུག་འཕྲད་གནང་བ།
ས་དེའི་དུས་ཚོད་ཟླ7པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཝན་ཞང་དུ་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་མིག་སྔར་ཀྲུང་གོ་དང་ཨ་མེ་རི་ཁས་འབྲེལ་འདྲིས་བསམ་ཚུལ་བརྗེ་རེས་བྱེད་པའི་ཐད་ནས་མཐོ་རིམ་བར་གྱི་མཐུན་སྦྱོར་མུ་མཐུད་རྒྱུན་སྲིང་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་བར་ཅིའུ་ཅིན་ཧྲན་དུ་ཐུན་མོང་ངོས་འཛིན་བྱུང་བ་དེ་སྔར་ལས་དངོས་འབེབས་བཟང་པོ་བྱ་རྒྱུར་འཐད་པ་བྱུང་།
ཝང་དབྱི་ཡིས་བཤད་རྒྱུར། འདས་པའི་ཟླ་གསུམ་གྱི་རིང་། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་དང་། ནོར་སྲིད་མ་དངུལ། ཁྲིམས་བསྟར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཚོགས་ཁག ཕྱོགས་གཉིས་ཀྱི་དམག་དཔུང་བཅས་ཀྱིས་མཐུན་སྦྱོར་སྲུང་འཛིན་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་འགྲོ་འོང་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་ངེས་པར་དུ་གསལ་བོར་ཤེས་དགོས་པ་ཞིག་ནི། ཨ་མེ་རི་ཁས་གཉའ་གནོན་དང་བཀག་འགོག་བྱེད་མཚམས་བཞག་མེད་པར་མ་ཟད་ཐ་ན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་འཕྲད་པའི་ཉེན་ཁ་དེ་སྔར་བཞིན་གནས་ཡོད་ལ། འགྲན་རྩོད་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཚོད་འཛིན་བྱེད་པ་དང་བརྟན་འཇགས་སུ་གཏོང་བའི་གནད་འགག་དུས་མཚམས་སུ་གནས་ཡོད་པས། མུ་མཐུད་དུ་ཁ་ཕྱོགས་གསལ་བོ་བྱེད་པ་དང་། ཉེན་ཁར་དོ་དམ་དང་ཉེན་ཁ་སྔོན་འགོག་བྱེད་པ། འགལ་ཟླ་ཐག་གཅོད་དང་འགལ་རྐྱེན་སེལ་ནས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཟེར།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁར་སྤྱོད་པའི་སྲིད་ཇུས་སྔར་སྲོལ་བཞིན་ཡིན་ཏེ། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཙུང་ཐུང་པའེ་ཏིན་གྱི་ཁས་ལེན་དངོས་འབེབས་མཐའ་འཁྱོལ་བྱས་ནས། དྲང་བདེན་དངོས་གཉེར་གྱི་སྲིད་ཇུས་སྤྱོད་དགོས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་དང་བདེ་ཐང་། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཝང་དབྱི་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོར་ནོར་འཁྲུལ་གྱི་ངོས་འཛིན་བྱས་ཏེ། རང་ཉིད་ཀྱི་སྒེར་དབང་ལྟ་བས་ཀྲུང་གོར་ལྟ་སྟངས་འཛིན་གྱིན་ཡོད། ཀྲུང་གོ་ཨ་མེ་རི་ཁ་དང་མི་འདྲ་ལ། ཨ་མེ་རི་ཁ་ལྟ་བུར་འགྱུར་འདོད་མེད། ཀྲུང་གོས་སྒེར་དབང་མི་སྤྱོད་ལ་བཙན་དབང་ཡང་མི་སྤྱོད། ཞི་བདེ་དང་བདེ་འཇགས་ཀྱི་གནད་དོན་ཐད་ནས་ཀྲུང་གོ་ནི་འཛམ་གླིང་སྟེང་གི་ཟིན་ཐོ་ཆེས་ལེགས་པའི་རྒྱལ་ཁབ་ཆེན་མོ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་དོན་གལ་ཆེན་ལ་གྲོས་འཆམ་བྱུང་ཡོད། ང་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། མི་རིགས་བསྐྱར་དར་བརྩོན་ལེན་བྱ་ཆེད། ཞི་བདེ་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བཞིན་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཆོད་དོན་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུས་ལོན་དང་། ཀྲུང་གོའི་ད་ལྟ་དང་མ་འོངས་པ་ཤེས་རྟོགས་བྱེད་དགོས།
ཝང་དབྱི་ཡིས་བཤད་རྒྱུར། ཐེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན། སྔོན་ཆད་དང་ད་ལྟ་གང་ཡིན་ཡང་རྒྱལ་ཁབ་ཞིག་ཡིན་མི་སྲིད། ཐེ་ཝན་རང་བཙན་དང་ཐེ་ཝན་མཚོ་འགག་གི་ཞི་བདེ་ནམ་ཡང་མཉམ་གནས་བྱེད་ཐབས་མེད། ཐེ་ཝན་རང་བཙན་སྟོབས་ཤུགས་ཀྱི་འགལ་ཟླ་ཐེངས་གཅིག་བསླངས་ན། ང་ཚོས་ངེས་པར་དུ་དེར་ངོ་རྒོལ་བྱས་ཏེ། ཐེ་ཝན་རང་བཙན་གྱི་བར་སྟོང་ཇེ་ཆུང་དུ་བཏང་ནས། ཡོངས་སུ་གཅིག་གྱུར་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་ཆེད་འབད་པ་བྱེད་ངེས་ཡིན།
ཝང་དབྱི་ཡིས་རིན་ཨེ་ཅོ་གླིང་ཕྲན་གནད་དོན་གྱི་བདེན་རྫུན་གསལ་འགྲེལ་བྱས་ཏེ། ཀྲུང་གོས་གནས་བབ་ཚོད་འཛིན་དོ་དམ་བྱེད་པའི་ཐད་ནས་ཧྥེ་ལེ་པིན་བར་དུ་གནས་སྐབས་རང་བཞིན་གྱི་བཀོད་སྒྲིག་བྱེད་པར་འཐད་པ་བྱུང་ཡོད་པས། ཧྥེ་ལེ་པིན་ཁ་དན་ཚིག་གནས་བྱས་ནས། འཛུགས་སྐྲུན་རྒྱུ་ཆ་དེར་སྐྱེལ་མི་རུང་། ཨ་མེ་རི་ཁས་སྐུར་འདེབས་དང་རྙོག་དྲ་བཟོས་ནས། མཚོ་ཐོག་གི་བརྟན་འཇགས་ལ་གཏོར་བརླགས་བཏང་མི་ཆོག་ཅེས་བསྟན།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་ལངས་ཕྱོགས་གསལ་ཞིང་དག་ལ། མུ་མཐུད་དུ་བར་འདུམ་དང་གྲོས་མོལ་ལ་སྐུལ་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཨ་མེ་རི་ཁས་ཕྱོགས་རྐྱང་པའི་བཀག་སྡོམ་དང་ཁོངས་བརྒལ་བདག་འཛིན་གྱི་མཚམས་འཇོག་རན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཉེས་འགེལ་ལ་ངོ་རྒོལ་དང་བཙན་གནོན་གཡོ་ཟོལ་དང་ལེན་མི་བྱེད། བྱེད་ཐབས་ནུས་ལྡན་སྤྱད་དེ་རང་སྟེང་གི་ཁེ་ཕན་གལ་ཆེན་དང་ལུགས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
པུའུ་ལིན་ཁིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་ཡོང་བར་ཧུར་བརྩོན་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་རྒྱུན་ལྡན་རང་བཞིན་གྱི་མཐུན་སྦྱོར་རྒྱུན་སྲིང་བྱས་ཏེ། དུག་འགོག་དང་མིས་བཟོས་རིག་ནུས་སྐོར་ནས་མུ་མཐུད་མཉམ་ལས་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱི་འགལ་བ་སེལ་བ་དང་། ནོར་འཁྲུལ་གྱི་ངོས་འཛིན་མེད་པར་གཏོང་བར་རེ་བ་བྱས་ཡོད་ཟེར།
ཕྱོགས་གཉིས་ཀྱིས་ད་དུང་ཅ་ཧྲའི་གནས་བབ་དང་། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ། འབར་མའི་གནད་དོན་སོགས་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注