ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས་ཤིང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཟླ5བའི་ཚེས27ཉིན་བསྡུས་ཤིང། 《དུས་རབས་གསར་བའི་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ》དང《དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བའི་འཁྲི་འདེད་གཏན་འབེབས(ཚོད་ལྟ)》ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་སྟེང་དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཡིན། ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་བསམ་འདུན་གོ་བ་གཏིང་ཟབ་ལེན་པ་དང་། ཐོག་མཐའ་བར་གསུམ་དུ་དབུས་རྒྱུད་ས་ཁུལ་དེ་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་ནུས་ཁུངས་དང་རྒྱུ་ཆའི་རྟེན་གཞི། དེང་རབས་སྒྲིག་ཆས་བཟོ་སྐྲུན་དང་ལག་རྩལ་མཐོ་བའི་ཐོན་ལས་རྟེན་གཞི། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟེ་གནས་བཅས་ཡིན་པའི་འཐབ་ཇུས་ཀྱི་གནས་བབ་གཏན་འཁེལ་བྱས་ནས། ལས་འགན་གཙོ་བོ་སོ་སོར་སྐུལ་འདེད་བཏང་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པར་བསྟན།

གྲོས་ཚོགས་སྟེང་ཚན་རིག་དང་སློབ་གསོའི་ཐོན་ཁུངས་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། གསར་གཏོད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། དངོས་ཚན་དཔལ་འབྱོར་ཆེ་རུ་གཏོང་བ་དང་སྟོབས་ཆེན་དུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེན། འབྱུང་འགྱུར་ཐོན་ལས་ཇུས་འགོད་བཀོད་སྒྲིག་བཅས་བྱ་དགོས། ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་དང་དེང་རབས་ཅན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུ་རྐྱེན་གཙོ་བོ་ནུས་ཆེ་རང་མོས་སྟབས་བདེ་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་ནས། ཞབས་ཞུའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་ལས་ལེགས་པར་འདྲེས་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་དབུས་རྒྱུད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲུ་རིགས་ནུས་རྒྱུ་དང་ཐོན་ཁུངས་འགན་སྲུང་བྱེད་ནུས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་སྐུལ་འདེད་བྱ་དགོས། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚོ་ཆུང་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ལས་འགན་ཁག་ཞིབ་ཚགས་དང་དོན་དངོས་སུ་བསྒྱུར་ནས་གསལ་ཐོ་རྣམ་པས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧྲན་ཞི་དང་ཨན་ཧུའེ། ཅང་ཞི། ཧོ་ནན། ཧུའུ་པེ། ཧུའུ་ནན་སོགས་དབུས་རྒྱུད་ཞིང་ཆེན་དྲུག་གིས་གཙོ་གཞིའི་འགན་འཁྲི་ཏན་ཏིག་འཁུར་ནས། བྱ་བའི་མཉམ་ཤུགས་སྟོབས་ཆེན་གཅིག་ཏུ་བསྡུས་ཏེ་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་ལེའུ་གསར་པ་འབད་བརྩོན་ཆེན་པོས་འབྲི་དགོས་པར་ནན་གྱིས་བསྟན།

གྲོས་ཚོགས་སྟེང་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས། མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ངེས་པར་དུ་བརྒལ་དགོས་པའི་འགག་སྒོ་གལ་ཆེན་ཞིག་ཡིན། 《དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བའི་འཁྲི་འདེད་གཏན་འབེབས(ཚོད་ལྟ)》གཏན་འབེབས་དང་བཏོན་པ་ནི་དངུལ་རྩའི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་དོ་དམ་སྡེ་ཁག་དང་དངུལ་རྩའི་ལས་ཁུངས། ལས་རིགས་གཙོ་གཉེར་སྡེ་ཁག་དང་ས་གནས་ཏང་ཨུའི་སྲིད་གཞུང་གི་འགན་འཁྲི་སྔར་ལས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པར་སྲིད་དོན་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པར་སྐུལ་འདེད་བཏང་ནས། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། དངུལ་རྩའི་ཉེན་ཁ་སེལ་བ། དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་སོ་སོ་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང《གཏན་འབེབས》ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ནན་ཏན་བྱས་ནས། གཟབ་ནན་གཙོ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། གཟབ་ནན་དང་གདོང་གཏུག་བྱེད་ཕོད་པ། དོ་དམ་ནན་མོ་བྱེད་ཕོད་པ། འགན་འཁྲི་ཤོར་ཚེ་ངེས་པར་དུ་འདྲི་རྩད་དང་འགན་འཁྲི་རྩད་གཅོད་ནན་མོ་བྱ་རྒྱུ་བཅས་ཀྱི་བརྡ་རྟགས་དྲག་པོ་བཏང་ནས། དངུལ་རྩའི་ལྟ་སྐུལ་དོ་དམ་དེ“སོ་རིང་ལ་ཚེར་མ་ལྡན་པ”དང་ཟུར་ཁ་ལྡན་པར་སྐུལ་འདེད་གཏོང་བ་དང་། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་ཁོར་ཡུག་བཅས་དངུལ་རྩའི་ཁྱབ་ཁོངས་སུ་འཛུགས་རྒྱུ་དང་འབྲེལ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས་པར་ནན་གྱིས་བསྟན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号