མཚོ་སྔོན་འཐུས་ཚབ་ཚོགས་འཆར་གཞིའི་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བྱས།

ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། འཆར་གཞིའི་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བྱས། ཝུའུ་ཞའོ་ཅུན་དང་ཀྲང་ཅིན་ཀང་གིས་གཏམ་བཤད། ལའོ་ཏུན་ཁྲོན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཚོང་དོན་པུའུ་རྒྱལ་སྤྱིའི་ཉོ་ཚོང་གྲོས་མོལ་གྱི་འཐུས་མི་གཞོན་པ་ལིས་ཡུང་ཅན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ཚོང་དོན་པུའུ་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས་ནས་འཐུས་མིའི་བསམ་ཚུལ་དང་གྲོས་གཞིར་ཉན།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་འཆར་གཞི་དང་སྔོན་རྩིས་ཀྱི་སྙན་ཞུ། འཆར་ཟིན་གྱིས་མིག་སྔར་གྱི་དཔལ་འབྱོར་རྒྱུན་མཐུད་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་བརྟན་པོར་རྐང་བཙུགས་ཤིང་། 2035ལོར་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བའི་འཐབ་ཇུས་དཔྱད་དཔོག་ལ་དམིགས་ཏེ། ད་ལོའི་བྱ་བར་སྐུལ་འདེད་གཏོང་ཆེད་དངོས་དོན་གྱི་ལས་རྣམ་གསལ་ཁྲ་དང་རྒྱལ་ཁབ་ཀྱི་རྩིས་ཐོ་འདོན་སྤྲོད་བྱས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཁོག་སྙོམ་སྒྲིག་ལ་ཤུགས་སྣོན་པ། དཔལ་འབྱོར་འཁོར་སྐྱོད་བཟང་ཕྱོགས་སུ་འཕེལ་བར་མུ་མཐུད་སྐུལ་འདེད་གཏོང་བའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ནང་མཁོས་དཔལ་འབྱོར་འཕར་བར་སྒུལ་ནུས་སྩོལ་བའི་རང་འགུལ་ནུས་པ་དང་ངེས་གཏན་བྱེད་ནུས་མགྱོགས་པོར་མངོན་གསལ་དུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲིག་གཞི་ལེགས་སུ་བསྐྱོད་པ་དང་སྒུལ་ནུས་གསར་བར་བསྒྱུར་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་མྱུར་དུ་ཕྱིར་གཏོང་བ། བདེ་འཇགས་བརྟན་འཇགས་ཀྱི་འཕེལ་རྒྱས་ཁོར་ཡུག་མུ་ནས་མུ་རུ་བཟང་ཕྱོགས་སུ་འཕེལ་བ། རྒྱལ་ཁབ་རྩིས་ཐོའི་སྟེང་གི་དམངས་ཚིས་ཚད་གཞི་རྒྱུན་མཐུད་ཇེ་མཐོར་འགྲོ་བ་བཅས་ལ་མྱོང་སྣང་ཟབ་མོ་བསྐྱེད་ཐུབ། མཚོ་སྔོན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ཏེ། འཆར་གཞི་དང་། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་གྱི་སྲོག་ཤིང་རྩ་གནད་ལ་གོ་བ་ཟབ་མོ་ལེན་པ། བྱ་བའི་བསམ་ཕྱོགས་དང་དམིགས་འབེན་བླང་བྱ་རྒྱུས་ལོན་ཡང་དག་བྱེད་པ། འཐབ་ཇུས་ཁ་ཕྱོགས་དང་སྲིད་ཇུས་བྱེད་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱེད་ཅིང་། བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་བསྒྱུར་ཏེ། སྙན་ཞུ་དང་འཆར་ཟིན་གྱི་དགོངས་དོན་རང་ཞིང་གི་དཔལ་འབྱོར་འཁོར་སྐྱོད་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་བྱེད་པ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཚོང་འགུག་དངུལ་འདྲེན། ཉེན་ཁ་སྔོན་འགོག་དང་སེལ་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། འཕེལ་རྒྱས་བསམ་ཕྱོགས་འདུ་ཤེས་དེ་རྒྱལ་ཁབ་འཐབ་ཇུས་ཀྱི་བླང་བྱ་དང་མཉམ་པོ་ཡོང་བ་དང་སྦྲེལ་མཐུད་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་པ་དང་། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཞེས་བཤད།

ལའོ་ཏུང་ཁྲོན་གྱིས་འཆར་གཞི་དང་སྔོན་རྩིས་ཀྱི་སྙན་ཞུ་དང་འཆར་ཟིན་གྱིས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཡོད་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་དམ་པོར་སྦྲེལ་ཞིང་དེའི་དགོངས་པ་རྒྱུན་འཛིན་བྱས་ཡོད་པ་དང་། ན་ནིང་གི་འཕེལ་རྒྱས་གྲུབ་འབྲས་སྤྱི་བསྡོམས་བྱས་པའི་གྲུབ་འབྲས་གསལ་ཁྲ་ཞིག་ཡིན་ལ། ད་ལོའི་བཅོས་སྒྱུར་འཕེལ་རྒྱས་འཆར་འགོད་བྱས་པའི་བཟོ་བསྐྲུན་རེའུ་མིག་ཅིག་ཡིན། ཆབ་སྲིད་ཀྱི་ལངས་གནས་རྒྱང་རིང་ཞིང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་བ། དམངས་ཚིས་ཁྲིད་ཕྱོགས་གསལ་དག་ཅིག་ཡིན་པས་ཡོངས་སུ་འཐད་པ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་དམིགས་སུ་འཛིན་པ། ནུས་ཤུགས་ཡོད་རྒུས་འཆར་གཞི་དང་སྔོན་རྩིས་སྙན་ཞུ། འཆར་ཟིན་ལས་བཏོན་པའི་སྲིད་ཇུས་གལ་ཆེན་དང་བཅོས་སྒྱུར་བྱེད་གནས་གཙོ་བོ། ལས་གཞི་གལ་ཆེན་བཅས་བརྒྱུད་འབྲེལ་ལེགས་པོ་བྱེད་པ་དང་། དྲིས་ཚོར་ཡར་བསྐྱེད་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པ། ལས་གཞི་འཆར་འགོད་གཏིང་ཟབ་དང་དོན་དངོས་བསྒྲུབ་པ། དངུལ་གཏོང་དམ་འཛིན་ནན་མོ་བྱེད་པ། མ་དངུལ་བཀོལ་སྤྱོད་བཟང་པོ་དང་དོ་དམ་ལེགས་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནུས་ཚད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། ཁྱད་ལྡན་དགེ་མཚན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་ནུས་ཤུགས་གཅིག་ཏུ་བསྡུ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་རྒྱུ་ཡིན་ཞེས་བཤད།

འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུས་བྱ་བ་སྤྱི་བསྡོམས་བྱས་པར་མངོན་གསལ་གྱི་གནས་མང་ཞིང་གྲུབ་འབྲས་ངོ་མ་ཡིན་ལ། འཕེལ་རྒྱས་འཆར་འགོད་བྱས་པའི་ལངས་གནས་མཐོ་ལ། བསམ་ཕྱོགས་གསལ་བོ་རེད། ལས་འགན་བཀོད་སྒྲིག་བྱས་པ་ཡང་དག་ཅིང་བྱེད་ཐབས་གསར་བ་ཡིན་པས་སྲིད་གཞུང་བྱ་བའི་སྙན་ཞུ་ཡི་བྱེ་བྲག་ཅིག་དང་ལས་གཞི་ཞིག་ཏུ་གྱུར་ཡོད། སྤྱི་ཚོགས་སྔོན་དཔག་ལ་སྔར་ལས་ལྷག་པའི་ཁྲིད་སྟོན་བྱེད་པ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་བརྟན་འཇགས་རྒྱུན་སྲུང་བྱེད་པར་ཕན་ཐོགས་ཡོད་པས་ཡོངས་སུ་འཐད་པ་ཡིན། དེའི་ཐད་ནས་ཕྱོགས་གསུམ་གྱི་མྱོང་ཚོང་བྱུང་སྟེ། གཅིག་ནི་སྙན་ཞུ་གཉིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ལུགས་མཐའ་འཁྱོལ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ད་ལོའི་དཔལ་འབྱོར་འཕར་གཞིའི་སྔོན་དཔག་དམིགས་འབེན་ལ་དམིགས་ནས་བྱེ་བྲག་གི་བཀོད་སྒྲིག་བྱས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཡོད། གཉིས་ནི་སྙན་ཞུ་གཉིས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱས་ཏེ། བྱ་བ་བཀོད་སྒྲིག་དང་ནོར་སྲིད་འགན་སྲུང་སྟེང་འབེན་ལ་འཁེལ་བའི་ཤུགས་འདོན་དང་ཇུས་བསྟན་གནད་འཁེལ་བྱས་པས་མི་དམངས་མང་ཚོགས་ཀྱིས་སྔར་ལས་མང་བའི་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད། གསུམ་ནི་འཆར་གཞིའི་སྙན་ཞུས་སྲིད་གཞུང་བྱ་བའི་སྙན་ཞུ་ཡི་ལས་གཞི་ཁག་གི་དམིགས་འབེན་བྱེད་ཐབས་ཞིབ་ཚགས་སུ་བསྒྱུར་ཡོད་ལ། སྔོན་རྩིས་སྙན་ཞུས་ནོར་སྲིད་སྲིད་ཇུས་འབུར་དུ་ཐོན་པར་བྱས་ཤིང་། འཚོ་བ་བབ་ཆགས་རོལ་བའི་བླང་བྱ་དངོས་འབེབས་བྱས་ཡོད་པས། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ཞེས་བཤད།

འཐུས་མི་ལིའུ་གོ་ཆང་དང་། ལིས་གོ   ཏིས་ཆིན་ཡུན། ཝང་ཧྭ་ཅེ། ཀོ་ཅིན་ཕིན་སོགས་ཀྱིས་གཏམ་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号