ཐའེ་ཐན་ཉི་ཁེ་རྟགས་ཅན བརྩེ་བ་དང་ལས་དབང་གི་བྲིས་རིས།

     -བརྩེ་དུང་དང་ལས་དབང་། མི་གཤིས་ཀྱི་སྙིང་བོར་འཐིམ་པའི་ལོ་རྒྱུས་སྙན་རྩོམ་རིང་མོ།

(དུང་ཟིན་རྒྱལ)

འཁྲབ་ཁྲིད་པ། ལྗེམ་སི.ཁ་མེ་ལུང་།

འཁྲབ་སྟོན་པ་གཙོ་བོ། ལའེ་ཨང་ན་ཏུའོ·ཏེ་ཁ་ཕུའུ་ལི་ཨའོ།

རིགས་དབྱེ། གཏམ་རྒྱུད། བརྩེ་དུང་། གོད་ཆགས།

《ཐའེ་ཐན་ཉི་ཁེ་རྟགས་ཅན་གྲུ་གཟིངས》ནི་ཨ་རིའི་དུས་རབས་ཉི་ཤུའི་ཧྥོའུ་ཁི་སི་གློག་བརྙན་ཀུང་སི་དང་། ཕེ་ལ་མོང་གློག་བརྙན་ལས་རིགས་ཀུང་སིས་བཏོན་པའི་བརྩེ་དུང་གི་གློག་བརྙན་ཞིག་ཡིན་ཞིང་། ལྗེམ་སི·ཁ་མེ་ལུང་གིས་འཁྲབ་ཁྲིད་བྱས་པ་དང་ལའེ་ཨང་ན་ཏུའོ·ཏེ་ཁ་ཕུའུ་ལི་ཨའོ། ཁའེ་ཐེ·ཝུན་སི་ལའེ་ཐེ་བཅས་ཀྱིས་སྣེ་ཁྲིད་དེ་གཙོ་འཁྲབ་བྱས་པ་ཞིག་རེད།  གློག་བརྙན་འདི་1997ལོའི་ཟླ་12ཚེས་19ཉིན་ཨ་རིར་འགྲེམས་སྟོན་བྱས་ཤིང་ཨོ་སི་ཁའི་མིང་འདོན་རྣམ་གྲངས་14དང་བྱ་དགའ་11ཐོབ་པ་རེད།

དང་པོ། བརྩམས་ཆོས་ཀྱི་ཕྱིར་མིག

ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་གྲུ་གཟིངསནི་སྐབས་དེར་འཛམ་གླིང་ཡོངས་སུ་ཆེས་ཆེ་ཤོས(རིང་ཚད་ལ་སྨི་269.06དང་། ཞེང་ཚད་ལ་སྨི་28ཡོད། མི་3000ཤོང་ཐུབ)དང་ཆེས་རྒྱས་སྤྲོས་ཆེ་བ་དེ་ཡིན་པ་མ་ཟད། ཆེས་བདེ་འཇགས་དངནམ་ཡང་མི་ནུབ་པའི་གྲུ་གཟིངས་ཆེན་པོཞེས་ཀྱང་བརྗོད་ཀྱི་ཡོད་ལ།   ཡོ་རོབ་དང་ཨ་རིའི་གསར་འགྱུར་ལས་རིགས་ཁག་གིས་མཚོ་ཐོག་གི་གྲོང་ཁྱེར་ཞེས་པའི་ཆོ་ལོ་བསྩལ་ཡོད་སྐད།

1912ལོའི་ཟླ་4ཚེས་10ཉིན།འཛམ་གླིང་གི་བཟོ་ལས་ལོ་རྒྱུས་ཐོག་གི་ངོ་མཚརཞེས་འབོད་པའི་རྒྱས་སྤྲས་ཀྱི་གྲུ་གཟིངས་ཆེན་པོ་ཐའེ་ཐན་ཉི་ཁེ་རྟགས་ཅན་གྱིས་འགྲུལ་བཞུད་ཐོག་མ་བྱེད་འགོ་བརྩམ། དབྱིན་ཇིའི་ནན་ཨན་ཕུའུ་ཏུན་ནས་རྒྱ་མཚོར་བརྒལ་ཏེ་ཨ་རིའི་ཉིའུ་ཡོག་ཏུ་བསྐྱོད་པའི་བར་སྐལ་དུ་སྟབས་མ་ལེགས་པར་འཁྱགས་རི་དང་གདོང་ཐུག་བརྒྱབ་ནས་ནུབ་པར་གྱུར། གློག་བརྙན་འདི་ལས་ངོ་མཚར་ཞིང་སྐྱི་གཡའ་བའི་ཐའེ་ཐན་ཉི་ཁེ་རྟགས་ཅནགྱི་ལོ་རྒྱུས་ཀྱི་དོན་རྐྱེན་ངོ་མ་དེ་རྒྱབ་ལྗོངས་སུ་བཀོད་དེ། སའི་གོ་ལའི་ལྷོ་བྱང་གི་བརྒལ་མཚམས་དང་ཤི་གསོན་གྱི་དབྱེ་མཚམས་ལས་སྒྲོལ་བའི་ཡིད་སྐྱོ་ཞིང་བླ་ན་མེད་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཞིབ་ཚགས་ངང་བཀོད་ཡོད་པ་རེད། མི་སྣ་གཙོ་བོ་ཅེ་ཁི་བློ་རིག་རྒོད་ཅིང་ཡོན་ཏན་གྱིས་ཕྱུག་པའི་གཞོན་ནུ་རི་མོ་བ་ཞིག་ཡིན་ལ། ཁོས་ནམ་ཡང་འཚོ་བར་དགའ་ཞེན་དང་སྒྱུ་རྩལ་ལ་ཕུགས་ཀྱི་འདུན་མ་འཆང་ཡོད།  ལུའུ་སི་ནི་སྤྱི་ཚོགས་ཀྱི་གྲལ་རིམ་མཐོ་གྲས་སུ་འཚོ་བ་སྐྱེལ་བཞིན་ཡོད་པའི་སྐུ་དྲག་གི་སྲས་མོ་ཞིག་རེད། སྐྱེ་ཁུངས་ལ་མཐོ་དམན་ཆེ་བའི་གཞོན་ནུ་ཕོ་མོ་དེ་གཉིས་ལས་དབང་གིས་གྲུ་གཟིངས་གཅིག་གི་སྟེང་དུ་འཕྲད་ཅིང་ཕན་ཚུན་ངོ་ཤེས་སུ་གྱུར། སྤྱི་ཚོགས་ལ་གྲལ་རིམ་གྱི་དབྱེ་བ་ཆེ་ལ་ཁྱིམ་རྒྱུད་སྟོབས་ཤུགས་ཀྱིས་ངོ་རྒོལ་དྲག་པོ་ཐེབས་ཡོད་ནའང་། བློ་གཤོག་ཆེན་པོ་ཡོད་པའི་གཞོན་ནུ་དེ་གཉིས་ཕན་ཚུན་ལ་དགའ་བའི་བརྩེ་དུང་དེ་ནི་སྙན་འཇེབས་ལྡན་པའི་རོལ་དབྱངས་ཤིག་དང་འདྲ་བར། དྭངས་གཙང་གི་བརྩེ་བ"ཞེས་པའི་བརྗོད་དོན་ལ་མཛེས་པའི་དབྱངས་ཀྱི་ང་རོ་སྤྲད་དེ། རྒྱ་ཆེ་བའི་ལྟད་མོ་བ་ཡོངས་ལ་བརྩེ་དུང་དང་སྤྱི་ཚོགས་གྲལ་རིམ། ལས་དབང་སོགས་ཀྱི་བརྗོད་དོན་ཐད་བསམ་གཞིག་གི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་མིག་སྔར་བསྟར་ཡོད་པ་རེད།

གཉིས། བརྗོད་བྱའི་འགྲེལ་བཤད།

གློག་བརྙན་འདི་ལ་ངོས་དང་ཟུར་མང་པོའི་བརྗོད་བྱ་ཕུན་སུམ་ཚོགས་ཏེ། ཐོག་མར་བརྩེ་དུང་གི་ངོས་ནས་གླེང་ན། ཅེ་ཁི་དང་ལུའུ་སི་ཡི་བརྩེ་དུང་ནི་གྲལ་རིམ་གྱི་ཁྱད་པར་ལས་བརྒལ་ཞིང་། ཤི་གསོན་གྱི་སྐབས་སུའང་ཕན་ཚུན་འབྲལ་མེད་ངང་བརྩེ་དུང་གི་རླབས་ཆེ་བའི་སྟོབས་ཤུགས་མངོན་ཡོད། དཔེར་ན་གྲུ་གཟིངས་ནུབ་པའི་སྐབས་སུ་ཅེ་ཁི་ཡིས་ཤིང་ལེབ་ཞིག་ལུའུ་སི་ལ་སྤྲད་དེ་རང་ཉིད་གྲང་འཁྱག་གི་རྒྱ་མཚོའི་ནང་འཁྱགས་ཤི་ཐེབས་ཁར་ཡང་། ལུའུ་སི་གསོན་པར་གནས་པར་རྒྱུ་ཚོགས་སྒྲུབ་བཞིན་ཡོད། བླ་ན་མེད་པའི་བརྩེ་བ་འདིས་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག དེ་ནས་གོད་ཆགས་ཀྱི་ངོས་ནས་བཤད་ན། ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་གྲུ་གཟིངས་ཆུར་ནུབ་པ་དེ་ནི་མིའི་རིགས་ཀྱི་སྐྱོ་གར་ཆེན་པོ་ཞིག་ཡིན་ཞིང་། གློག་བརྙན་ལས་རྒྱ་མཚོའི་གོད་ཆགས་ཀྱི་རྣམ་པ་ཇི་མ་ཇི་བཞིན་དུ་མངོན་པར་བྱས་པས་ལྟད་མོ་བ་ཚོར་ཡང་གོད་ཆགས་དེས་བསྐྱེད་པའི་ཡ་ང་བའི་སེམས་ཚོར་འཕྱུར་བར་བྱས་ནས། གྲུ་གཟིངས་གས་ཆག་ཤོར་བ་དང་། མཚོ་ཆུ་ལང་ལོང་དུ་འཕྱུར་བ། མི་རྣམས་དངངས་སྐྲག་སྐྱེས་ནས་གང་སར་འགྲོ་བ་སོགས་ཟང་ཟིང་གི་རྣམ་པ་དེས་གོད་ཆག་གི་མདུན་ནས་མི་ནི་ཉམས་ཆུང་ཞིང་། བྱ་ཐབས་ཟད་པའི་གཉོམ་ཆུང་ཞིག་ཡིན་པ་ཤེས་སུ་བཅུག་ཡོད། གཞན་ཡང་མི་གཤིས་ཀྱི་ངོས་ནས་བཤད་ན། ཤི་གསོན་གྱི་འགག་རྩར་འཕྲད་ན། འགའ་རེས་རང་གི་ཁེ་ཕན་བསམ་པ་དང་། སྐོར་ཞིག་གིས་དཔའ་ངར་ཆེ་བསྐྱེད་གནང་བ། ཡང་འགའ་རེས་སྒྱུ་རྩལ་བླ་རུ་བཀུར་བ་སོགས་མིའི་གཉུག་གནས་ཀྱི་བྱ་སྤྱོད་མང་པོ་ལྷག་ལུས་མེད་པར་ང་ཚོའི་མིག་མདུན་དུ་བསྟར་ཡོད་པ་རེད།

1བརྩེ་དུང་དང་ལས་དབང་ལ་བརྒྱུས་པའི་ལོ་རྒྱུས་སྙན་ངག

བརྩེ་དུང་དང་ལས་དབང་མཉམ་གཅིག་ལ་བརྒྱུས་པ་ནི་ཐའེ་ཐན་ཉི་ཁེ་རྟགས་ཅནགྱི་མི་སེམས་འགུལ་བའི་བརྗོད་བྱ་གཙོ་བོའི་གྲས་ཤིག་རེད་དེ།  གཏམ་རྒྱུད་དེ་ནི1912ལོར་བྱུང་བ་ཞིག་ཡིན་ཞིང་། རི་མོ་མཁས་ཅན་ནམ་དབུལ་པོ་ཅེ་ཁི་ལ་རྒྱན་སྐུག་ཁང་ནས་ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་གྲུ་གཟིངས་ཀྱི་སྤ་སེ་ཐོབ་ནསནམ་ཡང་ནུབ་མི་སྲིད་པའིརྒྱས་སྤྲོས་ཆེ་བའི་གྲུ་གཟིངས་འདིར་འདུག་པའི་གོ་སྐབས་ཐོབ། གྲུ་ཐོག་ནས་ཁོ་རང་སྐུ་དྲག་སྲས་མོ་ལུའུ་སི་དང་འཕྲད་བྱུང་། ལུའུ་སི་ནི་མཐོ་རིམ་སྤྱི་ཚོགས་སུ་གནས་ཡོད་མོད་མོར་འཚོ་བའི་གནོན་ཤུགས་ལྕི་བ་དང་འཚོ་བར་སྤྲོ་སྣང་མེད་པའི་ཚོར་བ་སྐྱེས་བཞིན་ཡོད་པ་མ་ཟད། གར་འགྲོ་རང་དབང་གི་འཚོ་བ་ལ་རེ་བས་ཁེངས་འདུག  ཅེ་ཁི་དང་འཕྲད་པ་ནི་མུན་ནག་གིས་འོད་ཟེར་མཐོང་བ་བཞིན་ཁོ་མོར་འཇིག་རྟེན་གསར་བ་ཞིག་ལ་སྙེག་པའི་ཚོར་བ་བྱུང་། ཅེ་ཁི་དང་ལུའུ་སི་འཕྲད་པ་ནི་ལས་དབང་གི་བཀོད་སྒྲིག་ཞིག་ཡིན་པ་འདྲ། གཅིག་ནི་དབུལ་བོ་སྒྱུ་རྩལ་པ་ཞིག་དང་གཅིག་ནི་སྐུ་དྲག་གི་སྲས་མོ་ཞིག་རེད། ཁོ་གཉིས་ནི་མ་གཞི་ནས་སྤྱི་ཚོགས་ཀྱི་རིམ་པ་མི་འདྲ་བ་གཉིས་ནས་ཡོང་བ་ཡིན་མོད། འོན་ཀྱང་ཐེ་ཐན་ཉི་ཁེ་རྟགས་ཅན་གྱི་གྲུ་གཟིངས་སྟེང་ནས་ཕན་ཚུན་ལ་རྒྱུས་མངའ་དང་དགའ་བོ་བྱུང་། ཁོ་གཉིས་ཀྱིས་ལྷན་གཅིག་ཏུ་གྲུ་མགོ་ནས་མཚོ་རླུང་ལ་མྱོང་རོལ་བྱེད་པ་དང་། མཚོ་ནང་དུ་ཁ་ཆུ་འཕེན་པ།  གྲུ་ཁང་འོག་གི་འདུ་འཛོམས་ལ་ཞུགས་པ་སོགས་ཀྱི་སྟབས་བདེ་ལ་མཛེས་སྡུག་ལྡན་པའི་དུས་ཡུན་ཐུང་ངུ་དེ་དག་གིས་ཁོ་གཉིས་ཀྱི་བརྩེ་དུང་དེ་མཛེས་སྡུག་ལྡན་པའི་ཤོག་སྦག་ཞིག་དང་འདྲ་བར་ལས་དབང་གི་མཚན་མོའི་མཁའ་དབྱིངས་སུ་སྣ་བརྒྱའི་འཇའ་ཚོན་བྲིས། ཤིག་སེ་ཕེར་ཡིསབརྩེ་དུང་ནི་མིག་གིས་བལྟ་རྒྱུ་ཞིག་མ་ཡིན་པར། སེམས་ཀྱིས་མྱོང་རྒྱུ་ཞིག་ཡིན། ཞེས་གསུངས་པ་ལྟར། ཅེ་ཁི་དང་ལུའུ་སི་ཡི་བརྩེ་དུང་ནི་དངོས་པོའི་བཀག་རྒྱ་ལས་བརྒལ་ཞིང་གྲལ་རིམ་སྤྱི་ཚོགས་ཀྱི་བར་ཁྱད་ལས་བརྒལ་བས། ཁོ་གཉིས་ཀྱིས་ཕན་ཚུན་གྱི་བརྩེ་བ་སེམས་ཀྱིས་མྱངས་ཤིང་ཚེ་སྲོག་གི་འབོད་སྐད་ལ་བརྟེན་ནས་བརྩེ་དུང་གི་བདེན་ལུགས་བསྒྲགས་སོང་།

(2) སྤྱི་ཚོགས་གྲལ་རིམ་གྱི་གདོང་གཏུག་དང་དེའི་བསམ་གཞིག

ཐའེ་ཐན་ཉི་ཁེ་རྟགས་ཅན་ནི་གྲུ་གཟིངས་ཆེན་པོ་ཞིག་ཡིན་པ་མ་ཟད། གྲལ་རིམ་ལ་བལྟ་བའི་སྤྱི་ཚོགས་ཆུང་ཆུང་ཞིག་ཀྱང་ཡིན་པས། གྲལ་རིམ་སྤྱི་ཚོགས་ཀྱི་ཁྱད་པར་དང་ཐོན་ཁུངས་བགོ་བཤའ་དྲང་སྙོམས་མིན་པའི་གནས་ཚུལ་གཏིང་ཟབ་ངང་མཚོན་ཡོད་དེ། གྲུའི་རིམ་པ་ཨང་དང་པོའི་རྒྱས་སྤྲོས་དང་རིམ་པ་གསུམ་པའི་སྡོད་ཁང་གི་ཐབ་ཆགས་གཉིས་ལ་མངོན་གསལ་གྱིས་བསྡུར་བ་བྱས་ཡོད་ཅིང་། དེ་ནི་སྐབས་དེའི་སྤྱི་ཚོགས་ལ་ཟུར་ཟ་གཏོང་སྟངས་ཤིག་ཡིན་པ་མ་ཟད། ད་ལྟའི་སྤྱི་ཚོགས་ལའང་བསམ་གཞིག་གཏོང་རན་ཡོད་པ་ཞིག་རེད། ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་སྟེང་དུ། སྐུ་དྲག་རྣམས་ཀྱིས་རྒྱས་སྤྲོས་ཀྱི་འཚོ་བ་རོལ་བཞིན་ཡོད་དེ། ཁོ་ཚོར་ཆེད་དུ་ཟ་ཁང་དང་བྲོ་ཚོགས། ད་དུང་ངལ་གསོ་ཁང་སོགས་ཡོད་པ་མ་ཟད། གཟབ་མཆོར་ལེགས་པར་སྤྲས་ཤིང་སྤྱོད་པ་ཡག་པོ་ཞིག་འཁྲབ་བཞིན་ཡོད། དམའ་རིམ་མི་དམངས་རྣམས་ཐབ་ཆགས་ཀྱི་ཁོར་ཡུག་ནང་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པ་དང་། ཁོ་ཚོའི་སྡོད་གནས་གུ་དོག་པ་དང་འཚོ་བའི་སྒྲིག་བཀོད་ཉམས་ཞན་ཡིན་པ་མ་ཟད། ད་དུང་ཙི་གུ་དང་མཉམ་འདུག་མཉམ་གནས་བྱས་བསྡད་ཡོད། ལུའུ་སིས་འདི་ལྟ་བུའི་སྤྱི་ཚོགས་ཀྱི་གྲལ་རིམ་བར་ཁྱད་ལ་ཡིད་མི་ཚིམ་པར་རང་དབང་དང་འདྲ་མཉམ་ལ་རེ་བ་བྱེད་ཀྱི་ཡོད། ལྷག་པར་དུ་ཅེ་ཁི་དང་འཕྲད་པ་དེས་ཁོ་མོར་འཚོ་བ་སྐྱེལ་སྟངས་གཞན་ཞིག་མཐོང་དུ་བཅུག ཁོ་མོ་གཉིས་ཀྱི་བརྩེ་དུང་ནི་མི་གཉིས་བར་གྱི་བརྩེ་དུང་གི་འཐབ་རྩོད་ཙམ་མ་ཡིན་པར་གྲལ་རིམ་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་འགྲན་སློང་བྱེད་པའི་འཐབ་རྩོད་ཞིག་ཀྱང་རེད།  གློག་བརྙན་ལས་ཅེ་ཁི་དང་ལུའུ་སིའི་གཏམ་རྒྱུད་བརྒྱུད་མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་གྲལ་རིམ་བར་གྱི་ཁྱད་པར་ལ་བསམ་གཞིག་གཏོང་བར་སྐུལ་ཅིང་ང་ཚོས་ཇི་ལྟར་གྲལ་རིམ་གྱི་བཀག་རྒྱ་མེད་པ་བཟོས་ནས་འདྲ་མཉམ་དང་རང་དབང་ངོ་མ་དེ་ཡོང་བ་བྱ་རྒྱུའི་ཐད་བསམ་གཞིག་བྱེད་དུ་བཅུག་ཡོད།

(3)མི་གཤིས་ཀྱི་དགེ་སྡིག

 མི་གཤིས་ཀྱི་དགེ་སྡིག་དེ་གློག་བརྙན་ལས་ཧ་ཅང་་གསོན་ཉམས་དོད་པས་མངོན་ཡོད་དེ། ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་གྲུ་གཟིངས་ཆུར་ནུབ་པའི་བརྒྱུད་རིམ་ནང་། མི་གཤིས་ཀྱི་མདོག་ཉེས་ཡ་ང་བའི་སྒོ་ནས་གསལ་རྗེན་དུ་མངོན་ཏེ། མིའི་རིགས་ཀྱིས་གནོད་འཚེ་ལ་འཕྲད་སྐབས་ཀྱི་རྣམ་འགྱུར་སྣ་ཚོགས་ལས། ལ་ལ་ཞིག་རང་ཁེ་རང་ཕན་གྱིས་བྲོས་བྱོལ་བྱེད་པ་སྟེ། དཔེར་ན་སྐུ་དྲག་ཁ་ཤས་ཀྱིས་རང་ཉིད་སྲོག་སྐྱོབ་གྲུ་ཆུང་དུ་འབུད་པའི་ཆེད་དུ་གཞན་ལ་འབུད་རྒྱག་གཏོང་བ་དང་འདུག་གནས་འཕྲོག་པར་འཛེམས་དོགས་མེད་པ། ཡང་ལ་ལ་ཞིག་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་ཕོད་པ། དཔེར་ན་གྲུ་དཔོན་གྱིས་རང་ཉིད་མཚོ་གྲུ་དང་མཉམ་ཤི་མཉམ་གསོན་བྱེད་པར་གདམ་ག་བྱས་ཏེ་འགན་འཁྲི་བརྟན་སྲུང་བྱ་བའི་བླ་མེད་ཀྱི་སྙིང་སྟོབས་མཚོན་ཡོད་ལ། གཞན་རོལ་དབྱངས་དཀྲོལ་མཁན་དེ་དག་ལ་གཞན་གྱིས་ཉན་མཁན་མེད་ཀྱང་། ཁོང་ཚོའི་སེམས་ལ་དེ་ནི་མི་ཚེ་གཅིག་གི་མཇུག་མཐའི་རོལ་དབྱངས་དེ་ཡིན་པ་རྟོགས་ཡོད་ཅིང་རང་ཉིད་ལ་སྐྱེལ་མའམ་མི་ཚེ་ལ་རྫོགས་ཚིག་ཡག་པོ་ཞིག་བྲིས། ད་དུང་རྒན་རྒོན་དེ་གཉིས་ཀྱིས་ཕན་ཚུན་འཐམ་འཁྱུད་བྱས་ནས་ཉལ་ཁྲིའི་སྟེང་དུ་ཉལ་འདུག་པ་དང་། ཨ་མ་ཞིག་གིས་ཞི་འཇམ་ངང་བྱིས་པར་གནའ་གཏམ་བརྗོད་བཞིན་པ། ཇུས་འགོད་པས་སྲོག་སྐྱོབ་ལྭ་བ་ལུའུ་སི་ལ་ལ་སྤྲད་པ་སོགས། སོ་སོས་འཆི་བར་ཁ་གཏད་གཅོག་སྟངས་སྣ་ཚོགས་ཡོད་དེ། གནོད་འཚེའི་མདུན་དུ་མི་གཤིས་ལ་སྡིག་པའི་ལས་གནས་ལ། ཡང་དགེ་བའི་ལས་ཀྱང་གནས་པ་སྟེ། ཅེ་ཁི་དང་ལུའུ་སིར་མཚོན་ན། གློག་བརྙན་འདིའི་ནང་ཤི་གསོན་མཉམ་གནས་ཀྱི་བརྩེ་དུང་སྐོར་གྱི་གཏམ་རྒྱུད་ཅིག་བཀོད་ཡོད་པ་དང་ཁོ་གཉིས་ཀྱི་བརྩེ་དུང་གིས་མི་སྣ་ཕལ་བའི་མི་གཤིས་ཀྱི་བཀག་རྒྱ་ལས་གྲོལ་བར་མ་ཟད། གནོད་འཚེའི་མདུན་དུ་དཔའ་ངར་ཞུམ་མེད་དང་རང་དོར་གཞན་ཕན་གྱི་བརྩེ་སེམས་ཞིག་མངོན་ཡོད་དེ། ཅེ་ཁི་ཡིས་ལུའུ་སི་སྐྱོབ་ཆེད། གྲང་ངར་ལ་བཟོད་བསྲན་ཐུབ་པ་དང་། ཚེ་སྲོག་གི་འཕེན་པ་རྫོགས་རག་བར་དུ། ཁོས་བརྩེ་དུང་གི་དམ་ཚིག་རེ་རེ་ནམ་མཁའི་སྐར་ཚོགས་ལྟར་དུ་འོད་ཆེམ་ཆེམ་དུ་འཕྲོས་ཡོད་པས། མུན་པའི་ཀློང་གི་ཞི་བདེ་རྒྱ་མཚོ་ཆེན་པོའི་མཁའ་དབྱིངས་གསལ་བར་བྱས་སོང་། གཞོན་ནུ་ཕོ་མོ་ཟུང་གི་བརྩེ་དུང་དང་དགེ་བའི་ལས་ཀྱི་བྱ་སྤྱོད་རེ་རེ་སྐྱི་གཡའ་བའི་མུན་པ་དེའི་ཁྲོད་དུ་རང་བྱུང་གིས་གྲུབ་པའི་འོད་ཐིགས་ཇི་བཞིན།  མི་རྣམས་ཀྱི་སེམས་ལ་མཛེས་སྡུག་གི་འོད་སྣང་སྦར།  ས་སྐྱ་ལེགས་བཤད་ལས“དམ་པ་སྲོག་ལ་བབས་ན་ཡང་།། རང་བཞིན་བཟང་བོ་ག་ལ་འདོར།། ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་།། དེ་ཡི་ཁ་དོག་ཉམས་མི་འགྱུར།།"ཞེས་གསུངས་པ་ལྟར། གློག་བརྙན་ལས་ང་ཚོས་མི་གཤིས་ཀྱི་གཟི་འོད་དང་དམ་པའི་རང་བཞིན་མཐོང་ཐུབ་བྱུང་ལ། དཀའ་ཁག་གི་མདུན་དུ་ང་ཚོར་དགེ་བའི་ལས་ནི་ནམ་ཡང་སྡིག་པའི་ལས་ནས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཀྱང་སྐྱེས་སུ་བཅུག 

(4)འཚར་ལོངས་དང་རང་སྐྱོབ།

འཚར་ལོངས་དང་རང་སྐྱོབ་ཀྱང་གློག་བརྙན་འདིའི་བརྗོད་བྱའི་གྲས་ཤིག་རེད་དེ། ལུའུ་སི་དང་ཅེ་ཁི་གཉིས་ཀྱི་འབྲེལ་འདྲིས་ཁྲོད། ལུའུ་སིས་རིམ་བཞིན་སྐུ་དྲག་གི་འཚོ་བའི་བཀག་རྒྱ་ལས་ཐར་ནས་རང་ཉིད་ངོ་མ་དེ་རྙེད་བྱུང་། ཅེ་ཁི་ཡིས་བཤད་པའི་རང་ཉིད་རང་གི་མགོན་ཡིན་ཞེས་པ་ལྟར། མོས་སྤོབས་པ་ཆེན་པོས་རང་གི་བརྩེ་དུང་དང་ཕུགས་བསམ་དོན་དུ་གཉེར་བས། སྤྱི་ཚོགས་ཀྱི་གྲལ་རིམ་དང་སྲོལ་རྒྱུན་གྱི་འདུ་ཤེས་ལས་གྲོལ་ཐུབ་པ་བྱུང་ཡོད།

སྤྱིར་ན་ལུའུ་སི་ནི་གན་རྒྱ་བཞག་པའི་མ་འོངས་པའི་ཁྱོ་ག་དེར་དགའ་སྣང་མེད་པ་དང་། ཁོ་མོའི་གཉེན་སྒྲིག་གི་ངོ་བོའི་སྟེང་ནས་བཤད་ན་ཉོ་ཚོང་ཞིག་དང་ཁྱད་པར་མེད་དེ། ཨ་མས་བཙན་སྐུལ་གྱི་དབང་གིས་ལུའུ་སི་ནི་གདམ་ག་མེད་པར་སྐུ་དྲག་བར་གྱི་ཉོ་ཚོང་ལྟ་བུ་ཞིག་ཏུ་གྱུར་ཡོད་དེ། དེ་ནི་ཁོ་མོའི་ཨ་མས་ང་ཚོ་ནི་བུད་མེད་ཡིན་པས་གདམ་ག་མང་པོ་མེད་ཅེས་བཤད་པ་དང་མཚུངས་སྟེ། ཁོ་མོ་ནི་མ་གཞིར་ཨ་མའི་རེ་བ་ལྟར་སྐུ་དྲག་གི་གཞོན་ནུ་མ་ཞིག་ཡིན་མོད། འོན་ཀྱང་ཅེ་ཁེའི་ཤུགས་རྐྱེན་འོག་མོས་བྱ་དངོས་གསར་པ་ཚོད་ལྟ་བྱེད་འགོ་བརྩམས། དཔེར་ན་ཁང་པའི་འོག་གི་འདུ་འཛོམས་ལ་ཞུགས་ནས་དམའ་རིམ་གྱི་མི་དམངས་དང་མཉམ་དུ་དགའ་སྤྲོ་ལ་རོལ་ཞིང་ཞབས་བྲོ་འཁྲབ་པ་སོགས། ཅེ་ཁི་དང་འགྲོགས་ནས་མོས་ཁོ་མོ་ནར་སོན་པ་དང་རང་ཉིད་སྐྱོབ་པའི་སེམས་ཤུགས་རྙེད། ཅེ་ཁེ་དང་ལུའུ་སིའི་བརྩེ་དུང་གི་ཁྲོད་ནས་ཚེ་སྲོག་གི་དོན་སྙིང་རྙེད་ཅིང་བརྩེ་དུང་ནི་ཕན་ཚུན་སྐྱོབ་པའི་སེམས་ཀྱི་སྒོ་མོ་ཞིག་ཡིན་པའི་གནས་ལུགས་དེ་ཤུགས་སུ་བསྟན་ཡོད་པ་མ་ཟད། དེ་བས་ཀྱང་ཚེ་སྲོག་གི་བསྔགས་བརྗོད་དང་གུས་པའང་མཚོན་ཡོད་དོ།།

5ལོ་རྒྱུས་ཀྱི་བདེན་དཔང་དང་དྲན་ཤེས།

ཐའེ་ཐན་ཉི་ཁེ་རྟགས་ཅནནི་ལོ་རྒྱུས་ཀྱི་དཔང་པོ་དང་དོན་རྐྱེན་ཞིག་གི་དྲན་ཤེས་རེད། གློག་བརྙན་ལས་དོན་དངོས་ཀྱི་དོན་རྐྱེན་ཚུར་སྣང་བྱ་ཆེད།ཐའེ་ཐན་ཉི་ཁེ་རྟགས་ཅནགྱིས་བསྡུར་ཚད་1:1གི་ཐའེ་ཐན་ཉི་ཁེ་རྟགས་ཅནགྱི་འདྲ་དཔེ་གྲུ་གཟིགས་ཞིག་བཟོས་པ་མ་ཟད། གྲུ་ཁང་གི་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།  སྤྱིར་ན་གློག་བརྙན་འདི་ནི་བརྩེ་དུང་གི་གཏམ་རྒྱུད་རྟོག་བཟོ་བྱས་པ་ཞིག་ཡིན་མོད། འོན་ཀྱང་ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་ཇུས་འགོད་དང་མཚོ་འགྲུལ། ད་དུང་ཆུ་འོག་ཏུ་བྱིང་བཞིན་བའི་བརྒྱུད་རིམ་འབྲི་སྐབས། ལོ་རྒྱུས་དངོས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་མཚོན་པར་བྱས་པས། ལྟད་མོ་བར་གཏམ་རྒྱུད་ཀྱི་བྱུང་རིམ་མྱོང་ཚོར་ཐུབ་པ་དང་དུས་མཚུངས་སུ་ལོ་རྒྱུས་ཀྱི་གོད་ཆག་དེར་ཤེས་རྟོགས་བྱུང་དུ་བཅུག་པ་མ་ཟད། དེ་བས་ཀྱང་ལྟད་མོ་བར་ཚེ་སྲོག་གི་ཉམས་ཞན་དང་ཚེ་ལ་གཅེས་སྤྲས་ཀྱི་འདུ་ཤེས་ཆེན་པོ་སྐྱེས་སུ་བཅུག 

    (6)བུད་མེད་རིང་ལུགས་ཀྱི་ལྟ་བ།

 གློག་བརྙན་གྱི་མཇུག་ཏུ། ལུའུ་སི་བསྐྱབས་ནས་གྲུ་ཐོག་ཏུ་བུད་རྗེས་ཉིའུ་ཡོག་གྲུ་ཁར་འབྱོར། མོས་ཆར་ཆེན་ཁྲོད་དུ་མགོ་བོ་དགྱེ་ནས་ཨ་རིའི་རང་དབང་ལྷ་མོའི་སྐུ་བརྙན་ལ་རྒྱང་ལྟ་བྱས་ཤིང་། ནམ་ཡང་རྨི་ལམ་དུའང་རེ་བ་བྱེད་བཞིན་པའི་རང་དབང་དེ་མངོན་འགྱུར་བྱུང་བ་ཚོར། རང་དབང་ལྷ་མོའི་སྐུ་བརྙན་གྱིས་ལྕགས་སྒྲོག་ལས་ཤོར་བའི་གོ་དོན་མཚོན་ཡོད་པ་ནང་བཞིན། ལུའུ་སིའང་སྐབས་འདིར་སྲོལ་རྒྱུན་གྱི་ཕོ་མཆོག་མོ་དམན་གྱི་འཆིང་རྒྱ་ལས་ཐར་ཡོད། ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་གྲུ་གཟིངས་སྟེང་ལུའུ་སི་ནི་གཉེན་གྱི་གན་རྒྱ་བཞག་པའི་ཁྱོ་གའི་ཞོར་གཏོགས་དངོས་རྫས་ཤིག་དང་། བཀོད་སྒྲིག་བྱས་པའི་མི་ཚེ་ཞིག ཁྱོ་གས་ཁོ་མོར་ཚོད་འཛིན་བྱས་པ་སོགས་ནི་ཁོ་མོས་ལུས་ལ་ལྕགས་སྒྲོག་བཟོས་པ་དང་མཚུངས་པས། ཁོ་མོས་རང་དབང་ལྷ་མོའི་སྐུ་བརྙན་ལ་བལྟ་བའི་རྣམ་འགྱུར་ལས། ད་ལྟ་ཁོ་མོ་གཉེན་བཙན་སྒྲིག་གི་བཀག་རྒྱ་ལས་ཐར་ཞིང་རང་ཉིད་ཀྱི་མི་ཚེའི་བགྲོད་ལམ་རང་གིས་བསྒྱུར་ཐུབ་པའི་རྟགས་མཚན་ནམ་བུད་མེད་རང་ཉིད་ཀྱི་གོ་རྟོགས་སད་ཚུལ་མཚོན་ཡོད་པ་རེད།

སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཁྲོད། བུད་མེད་རྣམས་ལ་རྒྱུན་དུ་སྐྱེས་པའི་འདོད་བློ་དང་། སྤྱི་ཚོགས་ཀྱི་རེ་འདུན་དང་བསྟུན་དགོས་པའི་རེ་བ་འདོན་གྱི་ཡོད་དེ།  ལུའུ་སིས་རང་དབང་ལྷ་མོའི་སྐུ་བརྙན་ལ་བལྟས་པ་ནི་བུད་མེད་ཅིག་གི་ནང་སེམས་ཀྱི་རང་ཚུགས་དང་རང་དབང་། སྙིང་སྟོབས་བཅས་ཀྱི་གོ་རྟོགས་སད་བཞིན་པ་མཚོན་ཞིང་། ཁོ་མོས་རང་ཉིད་ལ་དབང་བའི་འཚོ་བ་དོན་གཉེར་བྱེད་པའི་དབང་ཆ་ཡོད་པ་དང་། མི་གཞན་གྱིས་བཟོས་པའི་མི་ཚེའི་བཀོད་སྒྲིག་ལ་འོས་མེད་མཐུན་ཐབས་བྱ་རྒྱུ་མིན་པ་བཅས་ལས། བུད་མེད་རྣམས་ཀྱིས་རང་ཉིད་ཀྱི་རིན་ཐང་ལ་བསྐྱར་དུ་ཞིབ་ལྟ་དང་བུད་མེད་རང་ལུགས་ཀྱི་ལྟ་བ་མཚོན་གྱི་ཡོད། ཡང་ཅིག་བཤད་ན་རང་དབང་ལྷ་མོའི་སྐུ་བརྙན་གྱི་དན་རྟགས་དང་རང་དབང་གི་བསམ་བློ་དེས་བུད་མེད་རྣམས་ཀྱིས་རང་དབང་གི་འཚོ་བར་རེ་སྨོན་དང་རེ་སྙེག་བྱེད་པ་མཚོན་ཞིང་། ལུའུ་སིར་གཉའ་གནོན་མེད་པ་དང་གཞན་གྱི་བཙན་ཤུགས་མེད་པའི་འཚོ་བ་གསར་རྐྱང་ཞིག་ལ་འཐམ་འཁྱུད་བྱ་རྒྱུའི་ཕུགས་འདུན་ཡང་མཚོན་ཡོད་དེ། འདི་དག་ནི་ཁོ་མོས་རུས་མིང་གསང་བ་ནས་མིང་ལ་ཏོའི་སུན་བཏགས་པ་དང་ཁེར་རྐྱང་ཡིན་ཡང་ཁྱོ་གར་གཞའ་བ་སོགས་ལས་ཀྱང་ཤེས་ཐུབ་བོ།།

གསུམ། གློག་བརྙན་སྒྱུ་རྩལ་གྱི་མངོན་སྟངས།

(1)མཐོང་ཚོར་གྱི་གསོལ་སྟོན་ཆེན་པོ།

ཐའེ་ཐན་ཉི་ཁེ་རྟགས་ཅནནི་སྒྱུ་རྩལ་གྱི་རྡོ་རིང་ཆེན་པོ་ཞིག་དང་འདྲ་བར་མཐོང་ཚོར་དང་ཐོས་ཚོར་གྱི་ཁྱབ་ཁོངས་ནས་ལྟད་མོ་བར་མི་སེམས་འགུལ་བའི་འཇིག་རྟེན་ཆུང་ཆུང་ཞིག་བསྐྲུན་ཡོད་དེ། གློག་བརྙན་ནང་གི་མཐོང་ཚོར་གྱི་གཞི་རྒྱུ་ལས་ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་བརྗིད་ཉམས་ལྡན་པའི་བཟོ་དབྱིབས་དེ་ནི་རྒྱ་མཚོའི་སྟེང་གི་ངར་ལྕགས་ཀྱི་གཅན་གཟན་ཆེན་པོ་ཞིག་དང་འདྲ་བར། དེའི་མཛེས་སྡུག་ལྡན་པའི་ཕྱི་ཚུལ་ཇུས་འགོད་ནི་མི་རྣམས་ཧང་སངས་བར་འགྲོ་བ་ཞིག་རེད། གྲུ་གཟུགས་ཀྱི་ཐིག་རིས་ལྷུན་པོའི་ཐོག་ནས་རང་བྱུང་ཁམས་ཆེ་མོ་དང་མིའི་རིགས་ཀྱི་བློ་གྲོས་གཉིས་ཟུང་འབྲེལ་ཡག་པོ་བྱས་ཡོད་པ་ཚུར་སྣང་བྱས་ཡོད་ལ། དེ་ལས་དུས་རབས་དེའི་བཟོ་རྩལ་རྩེར་སོན་གྱི་རྣམ་པའང་ཞིབ་ཀྱི་མངོན་ཡོད། དཔེར་ན་གྲུ་ཐོག་གི་ཀ་བ་ནི་ཞིབ་ཚགས་ལ་བཀོད་ལེགས་ཤིང་སྤྱོད་ནུས་རྒྱ་ཆེ་བ་མ་ཟད། སྒྱུ་རྩལ་ཐོན་རྫས་ཤིག་དང་འདྲ་བར་ཉི་འོད་ཆེམ་ཆེམ་འོག་ཏུ་མཛེས་བའི་གཟི་ཉམས་འཚེར་བཞིན་འདུག་ལ། ད་དུང་དུ་ཁུང་ནམ་མཁའི་དབྱིངས་སུ་འཐེན་པ་དང་དུ་བ་ལྷོ་སྤྲིན་བཞིན་འཕྱུར་བའི་ཟིལ་ཤུགས་དེ་ཁོ་ནས་ཀྱང་། འཛམ་གླིང་ཡོངས་ལ་རང་གི་འགན་འཁྲི་ཐུན་མོང་མ་ཡིན་པ་དེ་ཁྱབ་བསྒྲགས་བྱེད་པ་དང་འདྲ།

འགྲུལ་པ་ཚོའི་གྱོན་གོས་ཀྱང་མཐོང་ཚོར་གསོལ་སྟོན་འདིའི་ནང་གི་འོད་མདངས་བཀྲ་བའི་མུ་ཏིག་ཇི་བཞིན། སྐུ་དྲག་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་བུད་མེད་ཚོས་སྨད་གཡོགས་ཀྱི་སྟངས་སྟབས་ངོམས་པ་སོགས་ནི་འགུལ་བཞིན་པའི་སྒྱུ་རྩལ་གྱི་རི་མོ་ཞིག་དང་འདྲ་ལ། ལུས་ཀྱི་སྟངས་སྟབས་ཚང་མ་ལ་དུས་རབས་དེའི་མཛེས་ཉམས་དང་རྒྱས་གཤོམ་གྱི་ཁྱད་ཆོས་ལྡན་ལ། སྨད་གཡོགས་སྟེང་གི་ལི་སི་དང་དར་གོས་ལ་ཉི་ཐིགས་ཀྱི་གསེག་འཕྲོ་དང་བསྟུན་ནས་སྔར་ལས་ལྷག་པའི་རིན་ཐང་ཞིག་མངོན་འདུག་ཅིང་མུ་ཏིག་སྐེད་ལ་དཔྱངས་ཤིང་འདོགས་ཆའི་ལུས་པོ་བརྒྱན་པས། བུད་མེད་རྣམས་ནི་མཛེས་སྡུག་ནོར་བུ་ཁྲོད་ན་སྒེག་པའི་གཟི་ཉམས་འཕྲོ། སྐྱེས་པ་ཚོའི་ནུབ་ལུགས་ཀྱི་གྱོན་ཆས་ལུས་ལ་རན་ཞིང་སྐྲ་ལོ་ལྟག་ལ་ཤད་པས་མི་དྲག་གི་རྫིག་ཉམས་ཡོད་ཅིང་། དུས་རབས་དེའི་མཐོ་རིམ་སྤྱི་ཚོགས་ཀྱི་ཁྱད་པར་དང་ཐུན་མོང་མ་ཡིན་པའི་དར་སྲོལ་མངོན་འདུག

གྲུའི་ནང་གི་ཡུལ་ལྗོངས་བཀོད་སྒྲིག་ཀྱང་ཧ་ཅང་རྒྱས་སྤྲོས་ཆེ་བ་སྟེ། གྲུའི་རིམ་པ་དང་པོའི་ཟ་ཁང་ནི་རྨི་ལམ་ལྟ་བུའི་ཕོ་བྲང་ཞིག་དང་མཚུངས་ལ། ཆུ་ཤེལ་དཔྱངས་སྒྲོན་གྱི་འོད་མདངས་ཆེམ་ཆེམ་དུ་འཕྲོ་ཞིང་། དེའི་འོད་མདངས་ནི་སྐར་ཚོགས་ཇི་བཞིན་བར་སྟོང་ཡོངས་སུ་འཕྲོ་བར་བྱས་ཏེ་ཉམས་དགའ་བའི་ཁོར་ཡུག་དེ་རབ་ཏུ་བརྒྱན་འདུག སྒྲོག་རྩེའི་ཐོག་ཏུ་ཞིབ་ཚགས་པའི་གསོལ་ཆས་བསྒྲིགས་ཡོད་པ་དང་། གསོལ་ཆས་རེ་རེའི་ཞིབ་ཚགས་ཀྱི་བཟོ་རྩལ་ལ་དུས་རབས་ཀྱི་ཁྱད་ཆོས་ལྡན་ལ། གྲལ་འགྲིག་ཅིང་ཕུན་སུམ་ཚོགས་པའི་ཟས་རིགས་ཀྱིས་ལྟད་མོ་བའི་འགྲམ་ཆུ་བར་མེད་དུ་ལྡང་བར་བྱེད་ངེས་བས། འདིའང་མཐོང་ཚོར་གྱི་གསོལ་སྟོན་ཞིག་ཡིན་ངེས་ལ། དུས་རབས་དེའི་འབྱོར་ཕྱུག་དང་དར་རྒྱས་ཀྱང་ཞོར་དུ་མངོན་འོངས་བ་རེད། གཞན་ཡང་གྱང་ལྡེབས་སུ་བཀལ་བའི་རྩ་ཆེའི་རི་མོ་དག་ལ་སྒྱུ་རྩལ་གྱི་བརྩམས་ཆོས་ཀྱི་བྲོ་བ་བར་མེད་དུ་སྟེར་ཞིང་གྲུའི་ཁོར་ཡུག་ཧྲིལ་པོར་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ཞིག་གིས་ཁྱབ་འདུག འགྲུལ་པ་ཚོས་ཁོར་ཡུག་འདི་ལྟ་བའི་ནང་སྤུས་ཚད་མཐོ་བའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ལྷག་པར་དུ་ལུའུ་སི་ཞུགས་པའི་མཐོ་རིམ་སྤྱི་ཚོགས་ཀྱི་གསོལ་སྟོན་ལས་རྒྱས་སྤྲོས་ཀྱི་རྣམ་པ་དེའི་གསོན་ཉམས་དོད་པོས་མངོན་པར་མཚོན་ཡོད་པས། འདི་ལས་དེ་དུས་ཀྱི་སྐུ་དྲག་དག་གི་འཚོ་བའི་ལོངས་སྤྱོད་ཞིབ་མོར་སྤྲོས་བརྗོད་བྱས་འདུག

 གྲུ་ཁང་རིམ་པ་གསུམ་པའི་བཀོད་སྒྲིག་ནི་ཅུང་ཐབས་ཆག་ཡིན་ཡང་དེའང་དོན་དངོས་འཚོ་བའི་རྣམ་པ་གསལ་བརྗེད་དུ་བཀོལ་ཡོད་དེ། གུ་དོག་པའི་ཉལ་ཁྲི་དང་སྟབས་བདེའི་སྒྲིག་ཆས་ཀྱིས་དམའ་རིམ་མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མངོན་ཡོད་པ་དང་། མཐོ་རིམ་དང་དམའ་རིམ་གྱི་བསྡུར་བ་ལས།  གློག་བརྙན་གྱི་མཐོང་ཚོར་རིམ་པ་གསལ་བོར་བགར་ཡོད་པ་མ་ཟད། ལྟད་མོ་བར་སྤྱི་ཚོགས་ཀྱི་སྣ་མང་རང་བཞིན་དང་གྲལ་རིམ་བར་གྱི་དབྱེ་མཚམས་གསལ་བོར་ཕྱེས་ཡོད་པས། འདི་ལས་སྤྱི་ཚོགས་ཤིག་གི་བསྡུས་གཟུགས་ཡོལ་བའི་ངོས་སུ་བསྟར་ཡོད།

(2) མཚོན་མདངས་ཀྱི་སྒྱུ་རྩལ། 

གློག་བརྙན་གྱི་ཚོན་མདོག་བཀོལ་སྤྱོད་ནི་རི་མོ་མཁས་ཅན་ཞིག་གི་བརྩམས་ཆོས་ཀྱི་མིག་ལྟ་བུ་ཡིན་ལ། དེས་གློག་བརྙན་གྱི་བརྩེ་སེམས་དང་སྒྱུ་རྩལ་གྱི་མཚོན་ནུས་ཤིག་མངོན་གྱི་ཡོད་པས། ཚོན་གདངས་མི་འདྲ་བའི་བེད་སྤྱོད་ལ་བསྟེན་ནས་གསར་གཏོད་པའི་རང་སྣང་གི་བརྩེ་དུང་དང་བརྙན་རིས་ཀྱི་སྐད་ཆ་གཉིས་འདྲེས་སྦྱོར་བྱས་ཏེ། མི་ཚེའི་མཚན་ཉིད་རིག་པའི་ཁྱབ་ཁོངས་ལས་མཛེས་རིག་རིགས་པའི་དོན་སྙིང་ཟབ་མོ་མཚོན་གྱི་ཡོད།

 གློག་བརྙན་གྱི་སྔ་དུམ་ནི་གཙོ་བོ་ལི་མདོག་གམ་དྲོད་མདོག་གི་གྲུབ་ཆ་ཡིན་ཏེ། ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་གྲུ་གཟིངས་ལམ་ལ་ཆས་སྐབས། གསེར་མདོག་གི་ཉི་འོད་གྲུ་ཐོག་ཏུ་འཕྲོས་པས་བརྙན་རིས་ཡོངས་ལ་དྲོད་ཁོལ་དང་འོད་ཟེར་གྱི་ཁ་དོག་བསྣན་ཡོད་ལ། མི་རྣམས་ཀྱི་ངོ་གདོང་ལ་དྲོ་སྐྱིད་དང་རེ་བས་ཁེངས་འདུག་སྟེ། དཔེར་ན་ཕྱི་དྲོའི་ཉི་འོད་རབ་ཏུ་འཚེར་བ་དང་། ལུའུ་སི་ཡི་སྐྲ་ལོ་གསེར་གྱི་མདངས་སུ་བསྒྱུར་ཞིང་། གཞོན་ནུ་ཕོ་མོ་ཟུང་གི་ཐུག་འཕྲད་བར་ལ་བརྙན་ལེན་འཕྲུལ་ཆས་དལ་གྱིས་སྒུལ་བ་ཡིས། གསེར་མདོག་གི་ཉི་མ་དེ་མི་གཉིས་ཀྱི་མགོ་ནས་ཕྱིར་འཕགས་ཏེ་ཕྱོགས་བཞིར་འཕྲོས་པའི་མཚར་སྡུག་གི་སྐད་ཅིག་མ་དེ་དང་། ལུའུ་སི་དང་ཅེ་ཁི་གཉིས་ཀ་གྲུ་གཟིངས་ཀྱི་སྣེ་གཅལ་དུ་རང་དབང་གིས་འཕུར་"བཞིན་པའི་རྣམ་པ་དེའི་ཉི་འོད་ནི་ལི་མདོག་གམ་

དྲོད་མདོག་ཡིན་ལ། རྒྱང་རིང་གི་མུ་མཐའ་མེད་པའི་རྒྱ་མཚོ་དང་ལི་མདོག་གཉིས་ནམ་མཁའ་ཕན་ཚུན་འབྲེལ་ནས་ཡོད་པས། ལྟད་མོ་བ་ཡོངས་ལ་ཉམས་དགའ་ཞིང་འཆར་ཡན་གྱིས་ཕྱུག་པའི་རི་མོ་ཞིག་རང་བྱུང་གིས་གྲུབ་འདུག་ཅིང་། རྣམ་པ་སྐད་ཅིག་མ་འདིས། བརྙན་མིག་གི་སྐད་ཆར་བརྟེན་ནས་འཛམ་གླིང་ཡོངས་ལ། ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་གྲུ་གཟིངས་ནི་འཇིག་རྟེན་ལས་བརྒལ་ཞིང་འུར་ཟིང་དང་བྲལ་བའི་རང་དབང་གི་མཚོན་རྟགས་ཤིག་ཡིན་པ་བྱེད་བསྒྲགས་བཞིན་པ་དང་འདྲ་ལ། ཅེ་ཁི་དང་ལུའུ་སི་ནི་མཛེས་པ་དང་། བརྩེ་བ། རང་དབང་བཅས་ཀྱི་དན་རྟགས་སུ་མངོན་པས། བརྙན་རིས་འདི་ནི་གློག་བརྙན་འདིའི་ཁྲོད་ཀྱི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཏུ་གྱུར་ཡོད། དེ་བཞིན་དྲོད་མདོག་འདི་འདྲ་སྤྱད་པ་དེས་མི་རྣམས་ཀྱིས་ཐེངས་འདིའི་མཚོ་འགྲུལ་ལ་བཅངས་པའི་ཕུགས་འདུན་མཚོན་ལ། ཕུགས་འདུན་དེ་དག་ལ་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ཡོད་པས། བརྙན་རིས་མདུན་གྱི་ལྟད་མོ་བ་ཡོངས་ལའང་བག་ཕེབས་དང་སྤྲོ་སྣང་ལྡན་པའི་མཁའ་དབུགས་ཤིག་བསྐྲུན་ཡོད།

གློག་བརྙན་གྱི་ཕྱི་དུམ་མང་ཆེ་བ་དང་ལྷག་པར་དུ་གྲུ་གཟིངས་འཁྱགས་རིར་ཐུག་པ་ནས་བཟུང་།  བརྙན་རིས་ཡོངས་ནི་ཁ་དོག་སྔོན་པོ་དང་ནག་པོ་གཉིས་ཀྱིས་གྲུབ་ཡོད་དེ།  ཁ་དོག་སྔོན་པོ་ནི་འཁྱགས་དང་གྲང་མདོག་ཡིན་ལ། གྲང་རེག་མེད་ཀྱང་འདར་སིག་རྒྱག་པའི་ཚོར་བ་སྟེར་ངེས། གྲང་མདོག་གམ་ཁ་དོག་སྔོན་པོ་ནི་འདི་ལས་རྒྱ་མཚོའི་ཁ་དོག་ཙམ་མ་ཡིན་པར་དེའི་བར་བགག་གི་ལྐོག་གྱུར་ཞིག་མཚོན་གྱི་ཡོད་པ་མ་ཟད། ལས་དབང་ལ་ངེས་གཏན་མེད་པ་དང་དང་འགོག་ཐབས་མེད་པ་ཡང་མཚོན་གྱི་ཡོད། གཞན་ཡང་ཁ་དོག་ནག་པོའམ་སྔོ་ནག་གི་ཚོན་མདངས་བསྣན་པས་རི་མོའི་མཚོན་དོན་ལ་གནོན་ཤུགས་དང་སྐྱོ་སྣང་གི་རྣམ་པ་གཞན་ཞིག་བསྣན་བྱུང་ལ།  ཚོན་མདོག་འདི་རིགས་ཀྱིས་དངོས་ཡོད་ཀྱི་སྡུག་རྩུབ་དང་སྐྱོ་གར་གྱི་རྣམ་པ་མཚོན་གྱི་ཡོད་པས་ལྟད་མོ་བ་རྣམས་ལ་འཁྱགས་ཞིང་ཡིད་ཐང་ཆད་པའི་འཇིག་རྟེན་ཞིག་ཏུ་ཁྲིད་བཞིན་ཡོད། ཕྱི་མའི་མདོག་དེ་སྔ་མའི་མདོག་དང་བསྡུར་བ་ཆེན་པོ་བརྒྱུད་དེ་གཏམ་རྒྱུད་ཀྱི་འགལ་བ་དང་ཟློས་གར་གྱི་འགྱུར་བ་ལ་དབྱེ་མཚམས་གསལ་བོར་བགར་ཡོད་པས། ཁ་དོག་གི་འགྱུར་བ་འདིས་མིག་ཤེས་ཀྱི་ཚོར་བ་ལ་རྡུང་རྡེག་དྲག་པོ་ཐེབས་པར་མ་ཟད། ལྟ་མཁན་པའི་སེམས་ཁམས་ཀྱི་འགྱུར་ལྡོག་ལའང་འགྱུར་བག་སྣ་ཚོགས་སྟེར་ངེས་ཤིང་། གྲང་མདོག་གི་བེད་སྤྱོད་ལ་བརྟེན་ནས་ལྟད་མོ་བར་ཕྱི་རོལ་ཡུལ་དང་མཐུན་ལ་གཏིང་ཟབ་པའི་སྒོ་ནས་གོད་ཆག་དེར་ཞིབ་ལྟ་བྱེད་པ་དང་། དེའི་ནང་གི་མི་ཚེའི་གནས་ལུགས་དང་མི་གཤིས་ཀྱི་གནད་དོན་ལ་བསམ་གཞིག་གཏོང་ཤུགས་ཆེ་རུ་བསྐྱེད་ཡོད།

(3)རོལ་དབྱངས་ཀྱི་སྡེབ་སྦྱོར།

 

གློག་བརྙན《ཐའེ་ཐན་ཉི་ཁེ་རྟགས་ཅན》གྱི་རྒྱབ་ལྗོངས་རོལ་དབྱངས་ནི་དེའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རོལ་མོ་དང་བརྙན་རིས་ཟུང་འབྲེལ་ཡག་པོ་བྱས་པ་དེས་ལྟད་མོ་བའི་སྙན་ལམ་དུ་བླ་ན་མེད་པའི་གསོས་ཀྱི་བུ་རམ་ཞིག་བསྩལ་སོང་།

 བརྗོད་བྱ་གཙོ་བོའི་གླུ་དབྱངསངའི་སེམས་ཡུན་དུ་གནས①ཞེས་པ་ནི་གློག་བརྙན་རོལ་དབྱངས་ཁྲོད་ཀྱི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུ་ཞིག་ཡིན་པ་སྨོས་མེད་ཡིན་ཞིང་། དེས་མི་སེམས་འགུལ་བའི་འགྱུར་ཁུག་དང་བརྩེ་བའི་གླུ་ཚིག་ནི་གློག་བརྙན་རོལ་དབྱངས་ཀྱི་ལོ་རྒྱུས་ཐོག་གི་བརྩམས་ཆོས་གྲགས་ཅན་ཞིག་ཏུ་གྱུར་ཡོད།

རོལ་དབྱངས་ཀྱི་གྲུབ་ཆའི་ངོས་ནས་བལྟས་ན།ངའི་སེམས་ཡུན་དུ་གནསཞེས་པའི་ནང་སྟབས་བདེ་ལ་ཡིད་དབང་འགུག་པའི་འགྱུར་ཁུག་ཁྲོད། གཏམ་རྒྱུད་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་བརྒྱུད་ནས། གནས་ཚུལ་མི་འདྲ་བའི་ཁྲོད་བརྩེ་དུང་གི་ཉམས་འགྱུར་མི་འདྲ་བ་མངོན་གྱི་ཡོད་ལ། གླུ་གཞས་ཀྱི་འགོ་འཛུགས་སྐབས་གདངས་འགྲོས་ལྷོད་ཅིང་བབ་ཆགས་པ་ལ་དྲངས་ནས་རྨི་ལམ་ལྟ་བུའི་ཡུལ་ཁམས་ཤིག་བསྐྲུན་ཏེ། ལྟད་མོ་བ་རྣམས་ལ་འཆར་ཡན་དང་རེ་བས་ཁེངས་པའི་འཇིག་རྟེན་ཞིག་ཏུ་བསྐྱལ་བའི་ཚོར་སྣང་ཞིག་སྦྱིན་པ་དང་། དེ་རྗེས་ཀྱི་རོལ་དབྱངས་ཁྲོད་རླུང་འབུད་གླིང་བུ་སོགས་རོལ་ཆ་བསྣན་ཏེ་གླུ་གཞས་ལ་ཚེ་སྲོག་གི་བར་སྟོང་གཞན་ཞིག་དང་ཧ་ཅང་རྒྱང་རིང་གི་ཚོར་བ་ཞིག་སྦྱིན་སོང་། རླུང་འབུད་གླིང་བུ་སྤྱད་པ་དེས་གླུ་གཞས་ལ་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལྡན་པར་བྱས་པ་མ་ཟད། གློག་བརྙན་ནང་གི་ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་དུས་རབས་ཀྱི་རྒྱབ་ལྗོངས་དང་གཏམ་རྒྱུད་ཀྱི་རྣམ་པའང་སོ་སོའི་ངོ་བོར་འཐིམ་པར་བྱས་ཡོད།

  གཏམ་རྒྱུད་ཀྱི་བྱུང་རིམ་ཁྲོད། ངའི་སེམས་ནམ་ཡང་གནསཞེས་པས་བརྩེ་དུང་གི་ཁོར་ཡུག་མཐོ་རླབས་འཕྱུར་བར་བྱས། དཔེར་ན་ཅེ་ཁི་དང་ལུའུ་སིས་གྲུ་མགོ་ནས་མཚོ་རླུང་ལ་མྱོང་རོལ་བྱེད་པ་དང་། ལག་པ་གཉིས་བརྐྱངས་ནས་འཕུར་བཞིན་པའི་འཆར་ཡན་གྱི་རྣམ་པའི་ཁྲོད་རོལ་དབྱངས་ཀྱི་འགྱུར་ཁུག་དལ་བུར་གྲགས་པ་དང་སྐབས་དེའི་རོལ་དབྱངས་དང་གཟུགས་བརྙན་ཕན་ཚུན་ལ་མཐུན་བསྡུར་དང་འཆར་ཡན་གྱི་རྣམ་པ་ཞིག་ཐུན་མོང་ཐོག་བཏོད་འདུག་ལ། ཡང་ཅེ་ཁི་དང་ལུའུ་སི་ཤི་གསོན་གྱི་གྱེས་བྲལ་ལ་འཕྲད་སྐབས། གླུ་གཞས་ཀྱི་འགྱུར་ཁུག་ནི་དེ་བས་སྐྱོ་ཞིང་གཉོམ་པོར་གྱུར་བ། མཚོ་གྲུ་ཆུར་ལ་བྱིངས་བའི་སྐབས་དེར། རོལ་དབྱངས་ཀྱི་འགྱུར་ཁུག་རིམ་གྱིས་ཇེ་མགྱོགས་དང་དྲགས་སུ་འགྲོ་བ་དང་། ལྷག་པར་དུ་ཅེ་ཁི་གྲང་ངར་ཆེ་བའི་མཚོ་ཆུའི་ཁྲོད་དུ་རིམ་གྱིས་ཚེ་སྲོག་ཤོར་བ་དང་། ལུའུ་སིས་རེ་ཐག་ཆད་ཅིང་བློ་བརྟན་འགྱུར་མེད་ཀྱིས་ཅེ་ཁིར་བཞག་པའི་དམ་བཅའི་ཁྲོད་ཧུར་ཐག་གིས་གསོན་ཐབས་བྱ་བའི་བརྙན་མིག་ལས། རོལ་དབྱངས་དེའང་བརྩེ་དུང་གི་གསང་བའི་སྒོ་མོ་ཞིག་དང་འདྲ་བར་ལྟད་མོ་བ་ཚོའི་སེམས་ཀྱི་ཆེས་ཟབ་ས་ཞིག་ལ་ན་ཟུག་བཙགས་ཏེ་སྐྱོ་བའི་མཆི་མ་དབང་མེད་དུ་འཆོར་ཏུ་བཅུག

(4)གཟིགས་རིས་ཞིབ་བྲིས་ཀྱི་མཚོན་བྱེད།

དངོས་ཡོད་རང་ལུགས་ཀྱི་རི་མོའི་གྲུབ་མཐའ་ནི་སྤྱི་ཚོགས་ལ་ཀུན་སྤྱོད་བརྒྱུད་བསྒྲགས་བྱ་རྒྱུ་དེ་མ་ཡིན་པར་གཅེར་གཟུགས་ཀྱི་མཛེས་པ་ཁོ་ན་གླེང་ཞིང་། མིའི་ལུས་ཕུང་ནི་རང་བྱུང་ཁམས་ཆེ་མོའི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་མཱ་ནེ་ཡི《སྤང་ཐང་གི་དགུང་ཟས》ལྟ་བུ།  རིག་རྩལ་བསྐྱར་དར་སྐབས ②ཀྱི་སྒྱུ་རྩལ་མཁས་ཅན་ཚོས་གནའ་བོའི་ཀེ་རི་སེའི་སྒྱུ་རྩལ་ལ་ཞིབ་འཇུག་དང་ལད་མོ་བྱས་ཏེ་གནའ་བོའི་སྒྱུ་རྩལ་གྱི་བསམ་བློ་དང་མཛེས་དཔྱོད་ཀྱི་ཚད་གཞི་སླར་གསོ་བྱས་ཏེ། དངོས་ཡོད་ཀྱི་མིའི་ལུས་པོའི་གྲུབ་ཆ་དང་། ཤ་གནད་ཀྱི་ཐིག་རིས་སོགས་འབྲི་བར་བརྩོན་ལེན་བྱས་མྱོང།

གློག་བརྙན་ནང་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་མི་གཤིས་ལ་འཚོལ་ཞིབ་དང་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས་བེད་སྤྱད་དེ། རི་མོ་བ་ཅེ་ཁིས་གཉེན་སྒྲིག་བྱས་མེད་པའི་མཛེས་མ་ལུའུ་སི་ལ་སྒྲེན་གཟུགས་ཀྱི་རི་མོ་ཞིག་བྲིས་པ་དེ་ལ་མཛེས་རིག་རིགས་པའི་དོན་སྙིང་དང་མཚོན་བྱེད་ཀྱི་རིན་ཐང་ཟབ་མོ་ལྡན་པ་མ་ཟད་། དེ་ནི་མིའི་གཟུགས་སྒྱུ་རྩལ་གྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད།  འཁྲབ་ཁྲིད་པས་ཀཱི་ཡཱ་ཡི་སྒྲེན་གཟུགས་ཀྱི་མཱ་ཧཱཞེས་པ་དཔེ་གཞིར་བཟུང་ནས་དེའི་སྒྱུ་རྩལ་གྱི་འབྲི་བཞེངས་ལ་ལད་མོ་བྱས་ཡོད་པ་འདྲ་སྟེ། སྒྲེན་གཟུགས་ཀྱི་རི་མོ་དེ་ནི་ལུའུ་སི་ཡི་གཟུགས་ཀྱི་མཛེས་ཆོས་སྟབས་བདེ་ཙམ་མ་ཡིན་པར། དེ་ནི་མི་གཤིས་ཀྱི་ཟབ་སར་གནས་པའི་སེམས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་པ་མ་ཟད། མི་གཤིས་བཅིངས་འགྲོལ་དང་བརྩེ་དུང་གི་མཚོན་བྱེད་ཟབ་མོ་ཞིག་ཀྱང་རེད།

 མཛེས་ཆོས་རིག་པའི་ངོས་ནས་བལྟས་ཚེ། དེས་ནམ་ཡང་མི་ལུས་རིན་ཆེན་གྱི་ཆེས་རྩ་ཆེ་བའམ་གཟུགས་ཀྱི་རང་བཞིན་གྱི་མཛེས་པ་དེ་མངོན་ཡོད་ལ། རི་མོ་འབྲི་བའི་བརྒྱུད་རིམ་ཁྲོད་དུ་ལུའུ་སིའི་ལུས་གཟུགས་ཀྱི་ཐིག་རིས་དེ་རི་མོ་བའི་སྨྱུག་འོག་ཏུ་ཞིབ་ཅིང་ཕྲ་བའི་སྒོ་ནས་མཚོན་པར་བྱས་ཡོད་དེ། འོད་ཀྱི་གྲིབ་གཟུགས་དེ་ནི་སྤྱང་གྲུང་ལྡན་པའི་བླ་སྲོག་ཞིག་དང་འདྲ་བར། ཁོ་མོའི་ཤ་སྟེང་དུ་མཆོང་ལྡིང་དང་རྩེད་འཇོར་རོལ་ཞིང་། ཡང་རང་རྐྱ་ཐུབ་པའི་སྒོ་ནས་སྒྱུ་རྩལ་གྱི་ལི་སྐུ་རྩ་ཆེན་པོ་ཞིག་བརྐོས་པ་དང་མཚུངས་ལ། བྱུང་རིམ་འདི་འདྲ་ཞིག་བཀོད་སྒྲིག་བྱ་དགོས་པའི་རྒྱུ་མཚན་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་བག་ཁུམ་འདུ་ཤེས་ལ་བཙག་རྡེག་བྱ་འདོད་པ་སྨོས་མེད་རེད་དེ།  དུས་རབས་དེར་བུད་མེད་ཀྱི་ལུས་པོ་ནི་འཛེམ་བྱ་ཡིན་པ་དང་བག་ཚ་ཡིས་འཆིང་ཡོད་མོད། འོན་ཀྱང་ལུའུ་སིས་དཔའ་ངར་ཆེན་པོས་རང་ཉིད་རྗེན་པར་ངོམས་པའི་བྱ་སྤྱོད་དེས་མོས་སྒྱུ་རྩལ་ལ་མོས་གུས་དང་བག་ཆགས་རྙིང་བའི་འཆིང་རྒྱ་ལས་མཐའ་གཅིག་ཏུ་གྲོལ་བ་མཚོན་གྱི་ཡོད་ལ། མོའི་སེམས་ཀྱི་རང་དབང་དང་དོན་དངོས་དོན་དུ་གཉེར་ཐུབ་པའི་སྙིང་སྟོབས་མཚོན་ཡོད།    

ཅེ་ཁིས་སྒྱུ་རྩལ་གསར་རྩོམ་གྱི་བྱ་སྤྱོད་ཁྲོད་དུ། ལུའུ་སི་ལུས་ཀྱི་མཛེས་པ་དེ་སྒྱུ་རྩལ་བརྩམས་ཆོས་ཤིག་ཏུ་བརྩིས་ཡོད་ལ།

མིའི་གཟུགས་སྒྱུ་རྩལ་དེ་རིགས་གློག་བརྙན་ནང་བེད་སྤྱོད་ཡག་པོ་བཏང་བ་དེས་ལྟད་མོ་བར་མཛེས་སྡུག་མྱོང་རོལ་བྱེད་དུ་བཅུག་པ་དང་དུས་མཚུངས་སུ། གློག་བརྙན་གྱི་ཤུགས་བསྟན་ཏེ་མི་གཤིས་དང་། བརྩེ་དུང་། རང་དབང་བཅས་ཀྱི་བརྗོད་དོན་ཟབ་མོར་བསམ་གཞིག་ཟབ་མོ་ལོན་ཐུབ་པ་དང་། ལྟད་མོ་བ་སླར་ཡང་རིག་རྩལ་བསྐྱར་དར་སྐབས་ཀྱི་བསམ་བློའི་འཕོ་འགྱུར་དང་སྒྱུ་རྩལ་གསར་གཏོད་ཀྱི་དུས་རབས་སུ་དྲངས་ཏེ། མིའི་གཟུགས་སྒྱུ་རྩལ་གྱིས་མཚོན་པའི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་བསམ་པའི་སྟོབས་ཤུགས་ཚོར་ཏུ་བཅུག་སོང་།

མཆན།                                                                                                     

① ངའི་སེམས་གཏན་དུ་གནསཞིས་ལིན.ཏི་ཝུང་གིས་བཏང་བའི་གཞས་ཤིག་ཡིན།ཚིག་ནི་ལྗིམ་སི་.ཧའོ་ན་དང་ཝེའར་ཀྲན.ཉིང་སིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་ལ། ཉིང་སིས་རོལ་དབྱངས་བཟོ་བའི་འགན་འཁུར། གླུ་གཞས་དེ་༡༩༩༧ལོའི་གློག་བརྙན་ཐའེ་ཐན་ཉི་ཁེ་རྟགས་ཅན་གྱི་བརྗོད་དོན་གླུ་དབྱངས་སུ་བཀོད།

སྒྲེན་གཟུགས་ཀྱི་མཱ་ཧ། སི་ཕེན་གྱི་རི་མོ་བ་ཧྥུ་ལང་ཤི་སི་ཁོ་·ཧོ་སའེ·ཏེ་ཀེ་ཡ·ལུའུ་ཞི་ཨེན་ཐི་སིས་༡༧༩༨ལོ་ནས་༡༨༠༥ལོའི་བར་གསར་རྩོམ་བྱས་པའི་སྣུམ་ཚོན་རི་མོ་ཞིག་ཡིན་ལ། ད་ལྟ་མ་ཏེ་རི་ཕུའུ་ལ་ཏུའོ་མཛེས་རྩལ་ཁང་དུ་ཉར་ཚགས་བྱས་ཡོད།

③རིག་རྩལ་བསྐྱར་དར། ཧ་ལམ་དུས་རབས་14པ་ནས་དུས་རབས་17པའི་བར་གྱི་རིག་གནས་ལས་འགུལ་ཞིག་སྟེ་དུས་རབས་བར་མའི་དུས་མཇུག་གི་དབྱི་ཐ་ལིར་འགོ་ཚུགས་པ་དང་། ཕྱིས་སུ་ཡོ་རོབ་གླིང་གི་ས་ཁུལ་གཞན་དག་ཏུ་དར་བ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号