བཙན་པོ་སྟག་རི་གཉན་གཟིགས་དམུས་ལོང་ཡིན་མིན་ལ་དོགས་པ།

དགེ་བཤེས་གཙུག་གཤེན་རྒྱལ་མཚན།

གནད་བསྡུས། དཔྱད་རྩོམ་འདིར་ཡིག་ཚང་ཁུངས་འདེད་རིག་པ་སྤྱད་དེ། བཙན་པོ་ཁོང་དམུས་ལོང་ཡིན་པ་བཞེད་མཁན་གྱི་ཡིག་ཆ་ཐོག་མ་གང་ཡིན་དང་། དམུས་ལོང་ནས་གཉན་པོ་གསང་བ་མཆོད་པས་དྲག་སྐྱེད་བྱུང་བ་དང་། འ་ཞའི་སྨན་པས་སྤྱན་ཕྱེས་པ། བོན་གཤེན་གྱིས་སྤྱན་བསྒྲུབས་པས་དྲག་སྐྱེད་བྱུང་བ་འདོད་མཁན་དག་གི་ཡིག་ཚང་ཐོག་མ་གང་ཡིན་བཅས་གླེང་ཡོད་ལ། ཏུན་ཧོང་ཡིག་རྙིང་དང་བོན་གྱི་ལོ་རྒྱུས་ཡིག་ཆ་སྔ་གྲས་དག་ཏུ་ཁོང་དམུས་ལོང་ཡིན་པའི་སྐོར་འཁོད་མེད་པ། ཁོང་གི་མཚན་དངོས་ལ་སྟག་བུ་སྙ་གཟིགས་ཞེས་ཞུ་བ་ཡིན་ལ། དུས་རབས་སྔ་ཕྱི་སོང་རིམ་བཞིན་སྒྲ་རིམ་གྱིས་འགྱུར་ནས། སྟག་བུ-སྟག་གུ-སྟག་རི། སྙ-སྙན-གཉན། བཅས་སུ་འཕོ་འགྱུར་བྱུང་བ་དང་དེ་དག་ལ་བཤད་སྲོལ་དང་འགྲེལ་སྟངས་སྣ་ཚོགས་བྱུང་བའི་དུས་རབས་དང་ཡིག་ཚང་བཅས་གླེང་བ་བརྒྱུད། བཙན་པོ་ཁོང་དོན་དངོས་སུ་དམུས་ལོང་ཡིན་མིན་ལ་དོགས་འདྲི་བྱས་ཡོད་པ་ཞིག་ཡིན།

གནད་ཚིག སྟག་བུ་སྙ་གཟིགས། འ་ཞ། ཡིག་ཚང་། དམུས་ལོང་།

དང་པོ། ཁོང་དམུས་ལོང་ཡིན་པ་བཞེད་པའི་ཡིག་ཚང་ཐོག་མ་གང་ཡིན།

བོད་ཀྱི་བཙན་པོ་འབྲོང་གཉན་ལྡེའུ་དང་ཁོང་གི་སྲས་སྟག་རི་གཉན་གཟིགས་གཉིས་ཀྱི་སྐོར་ཡིག་ཚང་ཁག་ཏུ་བཤད་སྲོལ་མི་འདྲ་བ་མང་པོ་འཁོད་ཡོད། ཡིན་ནའང་དེ་དག་ལ་གཏམ་རྒྱུད་ཀྱི་ཆ་འདྲེས་ཡོད་པ་བོད་ཀྱི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པ་ལགས་ཀྱིས«བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ»ནང[1]གསུངས་གནང་ཡོད། ཡིན་ནའང་གཏམ་རྒྱུད་ཀྱི་ཆ་གང་འདྲ་འདྲེས་པའི་སྐོར་ཞིབ་ཕྲ་དཔྱད་བརྗོད་གནང་མི་འདུག གཤམ་དུ་ཕྲན་ནས་བཙན་པོ་སྟག་རི་གཉན་གཟིགས་དང་འབྲེལ་བའི་ལོ་རྒྱུས་ཀྱི་བཞེད་པ་དག་གི་ཁུངས་གང་ལ་ཐུག་པའམ། བཞེད་སྲོལ་དེ་དག་ཐོག་མར་ཡིག་ཚང་གང་ནས་བྱུང་བ་གླེང་རྒྱུ་ཡིན། འདིས་ཀློག་པ་པོ་དང་ཞིབ་འཇུག་པ་རྣམས་ལ་དོགས་སློང་གསར་པ་ཞིག་དང་དཔྱད་གཞི་གསར་པ་ཞིག་མཁོ་འདོན་བྱེད་ཐུབ་སྙམ། ཐོག་མར་གླེང་རྒྱུ་ནི་བཙན་པོ་ཁོང་དམུས་ལོང་དུ་བཞེད་པའི་ཡིག་ཚང་ཐོག་མ་གང་ཡིན་མིན་དེ་ཡིན། ཕྲན་གྱིས་མཇལ་ཐུབ་པའམ་མིག་སྔར་ལག་སོན་བྱུང་བའི་དཔེ་ཆ་ཁག་ལས་དེ་ལྟར་བཞེད་མཁན་གྱི་ཡིག་ཚང་ཐོག་མ་ནི། «བཀའ་ཆེམས་ཀ་ཁོལ་མ»ཆགས་འདུག འདི་ཉིད་ལས“དེ་ནས་ཡང་ལྷ་ཐོ་ཐོ་རི་གཉན་ཤེལ་དེའི་སྲས་ཁྲི་གཉན་བཟུང་བཙན། དེའི་སྲས་སྟག་གུ་གཉན་གཟིགས། སྟག་གུ་གཉན་གཟིགས་དེ་མའི་རུམ་ནས་དམུས་ལོང་དུ་བྱུང་ནས་སྤྱན་མེད་པ་ལས། ཡབ་མེས་ཀྱི་གཉན་པོ་གསང་བ་དང་ཤེལ་གྱི་མཆོད་རྟེན་ལ་གསོལ་བ་བཏབ་པས། དེའི་བྱིན་རླབས་ཀྱིས་སྤྱན་ལོང་བ་དེ་ཡང་ཁྱད་པར་གསལ་བར་བྱུང་སྐད།”[2]ཅེས་གསལ་ཡོད། ཡིག་ཆ་འདི་ལས་གསལ་བ་ལྟར་ན། བཙན་པོ་ཁོང་དམུས་ལོང་ཡིན་པ་ལ། ཡབ་མེས་ཀྱི་གཉན་པོ་གསང་བ་དང་ཤེལ་གྱི་མཆོད་རྟེན་ལ་གསོལ་བ་བཏབ་པས། དེའི་བྱིན་རླབས་ཀྱིས་སྤྱན་ལོང་བ་དྲག་སྐྱེད་བྱུང་བ་བཀོད་ཡོད། ཡིག་ཚང་འདི་ནི་ཇོ་བོ་རྗེ་ཨ་ཏི་ཤས(༩༨༢-༡༠༥༤)གཏེར་བཏོན་པ་ཡིན་ལ། ཡིག་ཚང་འདིས་ནང་ཆོས་བོད་ཁམས་སུ་དར་སྤེལ་ཡག་པོ་ཡོང་ཕྱིར་བོད་ཀྱི་ལོ་རྒྱུས་ལ་འགྲེལ་བཤད་གསར་པ་མང་པོ་བྱས་ཡོད་ལ། དེ་དག་གིས་ཕྱིས་བྱུང་བོད་ཀྱི་ཆོས་འབྱུང་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེའི་སྐོར་མཐའ་བ་བཀྲ་ཤིས་དོན་གྲུབ་ལགས་ནས«བཀའ་ཆེམས་ཀ་ཁོལ་མས་ཕྱིས་བྱུང་དེབ་ཐེར་ལ་ཐེབས་པའི་ཤུགས་རྐྱེན་དྲུག»ཟེར་བ་བརྩམས་གནང་འདུག་པས་དེར་གཟིགས་ན་བློ་སྐྱེད་རགས་ཐུབ་སྙམ། ཡིག་ཚང་འདི་ལས་བཙན་པོ་ཁོང་དམུས་ལོང་ཡིན་པ་དེ་གཉན་པོ་གསང་བ་དང་ཤེལ་གྱི་མཆོད་རྟེན་གྱི་བྱིན་རླབས་དང་ཐུགས་རྗེ་ལ་སྦྲེལ་ནས་བྱུང་ཡོད། ཐ་ན་དམུས་ལོང་དྲག་སྐྱེད་བྱུང་བ་ཡང་དེ་དག་མཆོད་པའི་བྱིན་རླབས་ཡིན་པ་བཤད་ཡོད། བཤད་སྟངས་འདི་ཆོས་ལུགས་པའི་དད་པའི་ངོས་ནས་མི་ཆོག་རྒྱུ་མེད་ནའང་དེང་རབས་ཚན་རིག་དང་མཐུན་པའི་འགྲེལ་བཤད་ཅིག་ཡོང་ཐབས་མེད་པ་རེད། མདོར་ན། བཞེད་པ་འདི་ལ་གཏམ་རྒྱུད་ཀྱི་ཆ་འདྲེས་པ་མངོན་གསལ་དོད་པོ་རེད།

གཉིས་པ། ཁོང་དམུས་ལོང་ཡིན་པ་མ་འཁོད་པའི་ཡིག་ཆ།

གཅིག བཙན་པོ་ཁོང་གི་སྐོར་འཁོད་པའི་ཡིག་ཆ་ཁུངས་བཙན་ཤོས་དེ་བཤད་མི་དགོས་པར«ཏུན་ཧོང་ཡིག་རྙིང»ཆགས་ཡོད། ཡིག་ཚང་འདིར་ཁོང་གི་སྐོར་མང་པོ་འཁོད་ཡོད། ཡིག་ཚང་འདི་ལས། བཙན་པོ་ཁོང་ནི་ཁྲིམས་དྲང་ལ་བློ་འཛངས་པ། ཐབས་མཁས་ཤིང་རྒྱལ་སྲིད་ཚུལ་བཞིན་སྐྱོང་མཁན་ཞིག་ཡིན་པ་མངོན་ཡོད་དེ། རང་གི་རྒྱལ་འབངས་ཙམ་མ་ཟད་ཉེ་འདབས་ཀྱི་རྒྱལ་ཕྲན་གཞན་དག་གི་བློན་ཆེན་དག་ཀྱང་ཁོང་ལ་མོས་གུས་བྱེད་ཅིང་གློ་བ་ཉེ་བས་ཤེས་ཐུབ། དེ་ཡང་ཁྲི་པང་སུམ་གྱི་བློན་ཆེན་དུ་གཏོགས་པ་མྱང་ཙེང་སྐུ་ཡིས་བླངས་པའི་མགུར། ཆབ་ཆབ་ནྀ་ཕ་རོལ་ན།།ཡར་ཆབ་ནྀ་ཕ་རོལ་ན།།མྱྀ་འི་ནི་མྱྀ་བུ་སྟེ།།ལྷ་འི་ནི་སྲས་པོ་བཞུགས།།རྗེ་བདེན་ནི་བཀོལ་དུ་དགའ།།སྒ་བདེན་གྱིས་ནྀ་བསྟད་ན་དགའ།། ཞེས་པའི་ཚིག་འདི་ཙམ་གྱིས་གསལ་པོར་ཤེས་ཐུབ། ཡིན་ནའང་ཡིག་ཚང་འདིར་བཙན་པོ་ཁོང་དམུས་ལོང་ཡིན་པའི་སྐོར་གང་ཡང་མངོན་མེད་པ་དེ་རེད།

གཉིས། བོད་ཀྱི་ལོ་རྒྱུས་ཡིག་ཚང་སྔ་གྲས་དང་ལྷག་ཏུ་བོན་གྱི་བསྟན་འབྱུང་ཕལ་མོ་ཆེའི་ལུང་ཁུངས་གཙོ་བོར་གྱུར་པའི་ཡིག་ཚང«བསྒྲགས་བྱང»ལས“དེའི་སྲས་སྟག་རི་སྙན་གཟིགས། བློན་པོ་སྔགས་ཁྲི་བཟང་། སྐུ་གཤེན་ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད། རྒྱལ་པོ་དེའི་རིང་ལ་ཆབ་སྲིད་ཀྱི་དབུ་བརྙེས་ཏེ་རྒྱལ་ཕྲན་བཅུ་གཉིས་མངའ་འོག་ཏུ་བཙུད་པ་ལ། ལྷོ་བྲག་གི་རྒྱལ་པོ་གོ་ནོན་རྗེ་བྱ་བ་མངའ་འོག་ཏུ་མ་ཚུད། དེ་འདུལ་བ་ལ་དམག་བྱས་པས་ལྷོ་བྲག་པ་རྒྱལ་ནས། རྒྱལ་པོ་སྟག་བུ་སྙ་གཟིགས་བཙོན་དུ་བཟུང་། དེ་ལ་སྐུ་གཤེན་ཁྲི་ནེ་ཁོད་ཀྱིས། ཆིབས་ཟག་ཀར་མང་བྲོད་བྱ་བའི་རྔ་རྔོག་ནི་བྲེགས། [ཞེས་སོགས་ནས]རྗེ་ཁྲི་མུན་བཙུན་དོང་ནས་བཏོན། ཆིབས་ཟག་ཀར་མང་བྲོད་ལ་བསྐྱོན་ནས་བྲོས་པས་ཐར་རོ།”[3]ཞེས་བཙན་པོ་ཁོང་གི་སྐུ་དུས་སུ་སྤུ་རྒྱལ་གྱི་ཆབ་སྲིད་རྒྱས་པའི་དབུ་ཚུགས་པ་བཤད་ཡོད་ལ། རྒྱལ་ཕྲན་བཅུ་གཉིས་མངའ་འོག་ཏུ་བཅུག་ཅིང་ལྷོ་བྲག་རྒྱལ་པོ་དང་དམག་འཐབ་བྱས་པའི་སྐོར་འཁོད་ཡོད། བཙན་པོ་ཁོང་གིས་རྒྱལ་ཕྲན་མང་པོ་མངའ་འོག་ཏུ་བཅུག་པའི་སྐོར་ཡིག་ཚང་གཞན་དུའང་འཁོད་ཡོད་དེ། མཁས་པ་ལྡེའུས་མཛད་པའི«རྒྱ་བོད་ཆོས་འབྱུང་རྒྱས་པ»ལས“དེའི་སྐུ་དྲིན་ལ་འ་ཞྭ་རྗེ་དང་ཟིངས་པོ་རྗེ་ལ་སོགས་པ་རྒྱལ་པོའི་མངའ་འོག་ཏུ་མ་འདུས་པ་རྣམས་བཏུལ།”[4]ཞེས་གསལ་ཡོད་པ་ལྟ་བུ་རེད། «བསྒྲགས་བྱང»དང་ནང་དོན་ཆ་འདྲ་བའི་ཡིག་ཚང་གཞན་ཞིག་ནི་བོན་གྱི«མཐའ་བཞི་གཤེན་རྒྱུད་ཀྱི་རྣམ་ཐར»ཆགས་ཡོད། འདི་གཉིས་ནང་དུ་བཙན་པོ་ཁོང་ནི་ཆབ་སྲིད་དང་དམག་དོན་ལ་མཁས་པའི་སྐྱེས་བུ་ཞིག་ཡིན་པ་བསྟན་པ་ལས་དམུས་ལོང་ཡིན་པའི་སྐོར་རྩ་བ་ནས་འཁོད་མེད། «བསྒྲགས་བྱང»ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཆེས་སྔ་གྲས་ཡིན་ལ། ནང་དོན་གྱི་ཆ་ནས་ཏུན་ཧོང་ཡིག་རྙིང་དང་མཐུན་ས་མང་པོ་ཡོད་པ་ཞིག་རེད། བོད་ལྗོངས་ཡིག་རྙིང་ཁང་ནས་དཔར་བའི«བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག»ཞེས་པའི་སྔོན་གླེང་དུ་བསྒྲགས་བྱང་ནི“དུས་རབས་བཅུ་པ་ནས་བཅུ་གཅིག་པའི་ནང་བོན་གྱི་གཏེར་སྟོན་མཐའ་བཞི་འཕྲུལ་གསས་ཀྱིས་གཏེར་ནས་བཏོན་པའོ།།”[5]ཞེས་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་དང་གཞོན་ནུ་ནོར་བཟང་གཉིས་ཀྱིས་བཤད་འདུག གཞན་ཡང་གཏེར་སྟོན་ཁོད་པོ་བློ་གྲོས་ཐོགས་མེད་ལགས་ནས་རབ་བྱུང་ལྔ་པའི་ལྕགས་གླང(༡༣༠༡)ལོར་གཏེར་བཞེས་པའི་བོན་གྱི་ལོ་རྒྱུས་ཡིག་ཚང་གྲགས་ཅན«སྲིད་པ་རྒྱུད་ཀྱི་ཁ་བྱང»དང་། དུས་རབས་བཅུ་གསུམ་པའི་གཡས་གཡོན་དུ་བྱུང་བའི«རྩ་རྒྱུད་ཉི་ཟེར་སྒྲོན་མ»བཅས་ཀྱི་ནང་དུ་གསལ་མི་འདུག འདིས་གསལ་བཤད་ཐུབ་པ་ནི་བོན་ཕྱོགས་སུ་དུས་སྐབས་དེར་ད་དུང་བཙན་པོ་ཁོང་དམུས་ལོང་ཡིན་པའི་བཤད་སྲོལ་མེད་པ་དེ་རེད།

གསུམ་པ། ཁོང་གི་སྤྱན་འ་ཞའི་སྨན་པས་ཕྱེས་པ་འདོད་མཁན་ཐོག་མ།

བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་བསྟན་འབྱུང་མང་པོ་ཞིག་ཏུ་བཙན་པོ་ཁོང་དམུས་ལོང་ཡིན་པ་འཁོད་པ་འདྲ་ནའང་། དམུས་ལོང་ནས་དྲག་སྐྱེད་ཡོང་བའི་རྒྱུ་རྐྱེན་ལ་བཞེད་སྲོལ་མི་འདྲ་བ་ཁག་བཞི་ཡོད། ༡ གཉན་པོ་གསང་བ་མཆོད་པས་ཡིན་པ། ༢ འ་ཞའི་སྨན་པས་ཕྱེས་པར་འདོད་པ། ༣ གཉན་པོ་གསང་བ་མཆོད་པ་དང་འ་ཞའི་སྨན་པར་བསྟེན་པ་གཉིས་ཀར་བཞེད་པ། ༤ བོན་གྱི་གཤེན་པོས་སྤྱན་བསྒྲུབས་པས་ཡིན་པ་བཅས་རེད། སྐབས་འདིར་འ་ཞའི་སྨན་པས་ཕྱེས་པ་འདོད་མཁན་ཐོག་མ་དེ་གང་ཡིན་གླེང་བར་བྱ། འ་ཞའི་སྨན་པས་ཕྱེས་པ་འདོད་མཁན་དག་གི་ཁྲོད་ནས་ཆེས་སྔ་ཤོས་ནི་མཁས་པ་ལྡེའུས་དུས་རབས་བཅུ་གཉིས་པའི་ནང་མཛད་པར་གྲགས་པའི«རྒྱ་བོད་ཆོས་འབྱུང་རྒྱས་པ»ཆགས་ཡོད། འདི་ཉིད་ལས“དེའི་ཤུལ་དུ་སྲས་དམུས་ལོང་དེ་འ་ཞའི་སྨན་པས་ཕྱིང་ང་སྟག་རྩེར་མིག་ཕྱེབས། དོན་མཁར་གྱི་རྩེ་རུ་གཉན་འགྲོ་བ་མཐོང་བས། སྟག་གུ་གཉན་གཟིགས་སུ་བཏགས་སོ།”[6]ཞེས་གསལ་ཡོད། དེའི་རྗེས་འབྲང་མཁན་ནི«རྒྱལ་རབས་གསལ་བའི་མེ་ལོང»དང«ཆོས་འབྱུང་མཁས་པའི་དགའ་སྟོན»སོགས་ཆགས་ཡོད། བཞེད་པ་དེ་ལ་ཅུང་ཁ་སྣོན་བྱེད་མཁན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལགས་ཡིན་འདུག ཁོང་གིས་མཛད་པའི«གསོ་རིག་སྨན་གྱི་ཁོག་འབུགས»ལས། “རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཞིག་སྤྱན་དྲངས། རྒྱལ་བུའི་མིག་གསེར་གྱི་ཐུར་མས་ཕྱེ།”[7]ཞེས་གསུངས་ཡོད་པ་རེད། འདིར་བསམ་གཞིག་དགོས་ངེས་ཤིག་ནི་མཁས་པ་ལྡེའུ་ལགས་ནས་བཙན་པོ་ཁོང་གི་སྤྱན་དྲག་སྐྱེད་བྱུང་བ་དེ་གཉན་པོ་གསང་བ་མཆོད་པའི་བྱིན་རླབས་ལ་མི་འདོད་པར་འ་ཞའི་སྨན་པས་ཕྱེས་པ་འདོད་དགོས་པའི་རྒྱུ་མཚན་དེ་རེད། དེ་ནི་བཙན་པོ་ཁོང་གི་སྐུ་དུས་སུ་འ་ཞ་སོགས་ཆབ་འབངས་སུ་བསྡུས་པར་འདོད་པས་ཡིན་ནམ། ཡང་ན་གང་ཡིན། སྤྱིར་ན་དུས་སྐབས་དེའི་གཡས་གཡོན་དུ་ཏ་ཟིག་དང་འ་ཞ་སོགས་ནས་བོན་པོ་གདན་དྲངས་པ་བན་བོན་གཉིས་ཀའི་ལོ་རྒྱུས་ཡིག་ཚང་ནང་གསལ་ཡོད། དཔེར་ན།«བཀའ་ཐང་སྡེ་ལྔ»ལས“རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་རིང་ལ༔ ཏ་ཟིག་འ་ཞའི་བོན་པོ་གདན་དྲངས་ནས༔”[8]ཞེས་དང་། «རྒྱལ་རབས་གསལ་མེ»ལས“ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད།”[9]ཅེས་སྤུ་ལྡེ་གུང་རྒྱལ་སྐུ་དུས་སུ་ཞང་ཞུང་ཡུལ་ནས་བོན་དཔེ་བསྒྱུར་བར་བཞེད་པ་སོགས་རེད། མཁས་པ་ལྡེའུས་ཆོས་འབྱུང་འདི་ཉིད་རྩོམ་སྐབས་གྲུབ་མཐའ་རིས་མེད་ཀྱི་ཡིག་ཆ་མང་པོ་དཔྱད་གཞི་མཛད་ཡོད་པ་ནི། ཡི་གེ་ལྷ་དགྱེས་ཅན་སོགས་དྲངས་ཡོད་པས་ཤེས་ཐུབ། འོན་ཀྱང་། མིག་སྔར་ཁོང་གིས་བཞེད་སྟངས་འདིའི་དཔྱད་གཞི་གང་ལ་བྱས་མིན་གསལ་པོར་རྟོགས་མ་ཐུབ། མདོར་ན། ཁོང་གི་བཞེད་སྟངས་འདི་ནི་ལྟོས་བཅས་ཀྱིས་བཤད་ན་ཚན་རིག་དང་མཐུན་པ་ཞིག་ཡིན་ལ། བོད་ཀྱི་གསོ་རིག་གཤགས་བཅོས་ལག་རྩལ་གྱི་ལོ་རྒྱུས་ལ་དཔྱད་གཞི་གལ་ཆེན་འདོན་སྤྲོད་གནང་ཡོད་པ་དེ་རེད།

བཞི་པ། གཤེན་པོས་སྤྱན་བསྒྲུབས་པས་དྲག་སྐྱེད་བྱུང་བ་འདོད་མཁན་ཐོག་མ།

བོན་ཕྱོགས་ནས་ལོ་རྒྱུས་ཀྱི་གནད་དོན་འདི་ལ་བཞེད་པ་མི་མཐུན་པ་ཞིག་བཏོན་ཡོད། དེ་ཡང་བོན་དཔེ«བསྒྲགས་བྱང»ནང་གོང་དུ་གླེང་བ་བཞིན་བཙན་པོ་ཁོང་དམུས་ལོང་ཡིན་པ་དང་། བོན་གཤེན་གྱིས་སྤྱན་བསྒྲུབས་པས་དྲག་སྐྱེད་བྱུང་བ་འཁོད་མེད། ངོ་མ་ཡིན་ན་ཡིག་ཚང་འདི་ནི་བོན་གྱི་ཆེ་བ་གཙོར་འདོན་ཆེད་དུ་བརྩམས་པ་ཡིན་པས། དེའི་ཕྱོགས་ནས་གླེང་རྒྱུ་ཞིག་རགས་ན་ཏན་ཏན་སྐྱུར་རྒྱུ་མ་རེད་དྲན། ལྷག་ཏུ་བཙན་པོའི་འདི་པས་ལྷོ་བྲག་ལ་དམག་རྒྱག་སྐབས་བོན་གཤེན་ཁྲི་ནེ་ཁོད་ཀྱིས་ནུས་ཤུགས་ཕྱུངས་ཤིང་གྲུབ་རྟགས་བསྟན་པ་རྩལ་དུ་བཏོན་ནས་གསུངས་འདུག་པ་དེ་རེད། དེ་རྗེས་སུ་བྱུང་བའི«སྲིད་པ་རྒྱུད་ཀྱི་ཁ་བྱང»ལས་དེའི་སྐོར་འཁོད་མི་འདུག འོ་ན། འདིའི་སྐོར་ཐོག་མར་འཁོད་པའི་ཡིག་ཆ་གང་རེད་ཟེར་ན། གུས་པའི་མིག་སྔར་གྱི་དཔྱད་འབྲས་ལྟར་ན། སྤ་བསྟན་རྒྱལ་བཟང་པོས་བརྩམས་པའི«བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན»ཆགས་ཡོད། ཡིག་ཚང་འདི་ག་དུས་བརྩམས་མིན་ལ་བཞེད་པ་ཅུང་མི་མཐུན་པ་ཁ་ཤས་འདུག ཁ་ཅིག་གིས་རབ་བྱུང་ལྔ་པའི་ཤིང་བྱི(༡༣༢༤)ལོར་བརྩམས་པར་འདོད་པ་དང་། ཁ་ཅིག་གིས་རབ་བྱུང་དྲུག་པའི་ཤིང་བྱི(༡༣༨༤)ལོར་བརྩམས་པར་འདོད་པ་རེད། གང་ལྟར་དུས་རབས་བཅུ་བཞི་པའི་ནང་དུ་བྱུང་བ་བཞེད་ཡོད། ཡིག་ཚང་འདི་ཉིད་ལས“འབྲོང་སྙན་དང་མཆིམ་ཟ་ཀླུ་རྒྱལ་ངན་ནེ་མཚོ་ལ་སྲས་དམུས་ལོང་ཞིག་བྱུང་བ་ལ། ཁུ་བོན་མང་རྗེ་ལོད་པོས་སྤྱན་བསྒྲུབས་པས། ཕ་རི་པ་སྙན་འདུག་པ་གཟིགས་པས། མཚན་ལ་སྟག་རི་གཉན་གཟིགས་སུ་བཏགས། ཆབ་སྲིད་དབུ་བསྙུང་སྟེ་རྒྱལ་ཕྲན་བཅུ་གཉིས་མངའ་རིས་སུ་བསྡུས།”[10]ཞེས་གསལ་འདུག འདི་ནི་སྤ་བསྟན་རྒྱལ་བཟང་པོ་ལགས་ནས་བན་བོན་གྲུབ་མཐའ་གཉིས་ཀྱི་ཡིག་ཆ་སྔ་མའི་བཞེད་སྟངས་ཕྱོགས་བསྡུས་ཚུལ་དུ་བཀོད་པ་ཞིག་རེད་ལ། གཉན་པོ་གསང་བ་མཆོད་པའི་བྱིན་རླབས་སུ་འདོད་པ་དེ་ལ་བཟོ་བཅོས་བྱས་ནས་བོན་རང་གི་ཆེ་བ་འདོན་བྱེད་དུ་བཀོལ་ཡོད་པ་རེད། དེའི་རྗེས་ཙམ་ལ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«རྒྱལ་རབས་བོན་གྱི་འབྱུང་གནས»དང་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི(༡༩༢༢)ལོར་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་མཛད་པའི«ལེགས་བཤད་མཛོད»སོགས་ཀྱི་མང་དུ་བཞེད་སྟངས་འདི་ཕལ་ཆེར་ཚིག་ཟིན་ལྟར་དུ་དྲངས་ཡོད། དེས་ན་བཞེད་སྟངས་འདི་ནི་ཕྱིས་སུ་བོན་ཕྱོགས་སུ་དར་བ་ཞིག་ལས་བོན་པོ་རང་གི་སྔ་མོའི་བཞེད་སྟངས་དེ་ཉིད་མ་ཡིན་ལ། ལུགས་འདི་ཡང་གཉན་པོ་གསང་བ་མཆོད་པའི་བྱིན་རླབས་སུ་འདོད་པ་དང་འདྲ་བར་ཆོས་ལུགས་པའི་དད་མོས་ཀྱི་བསམ་བློ་ཞིག་ལས་དོན་དངོས་དང་མཐུན་པའི་འགྲེལ་སྟངས་ཤིག་མ་ཡིན་ནོ། །

ལྔ་པ། བཙན་པོ་ཁོང་གི་མཚན་འབྲི་སྟངས་ཀྱི་འཕོ་འགྱུར་གླེང་བ།

གཅིག ཡིག་ཚང་ཁག་ཏུ་ཁོང་གི་མཚན་ཇི་ལྟར་བྱུང་བའི་སྐོར།

༡ «ཏུན་ཧོང་ཡིག་རྙིང»ལས།“སྟག་བུ་སྙ་གཟྀགས”ཞེས་བྱུང་ཡོད།

༢ «བསྒྲགས་བྱང»ལས།“སྟག་བུ་སྙ་གཟིགས”ཞེས་བྱུང་ཡོད།

༣ «ཀ་ཁོལ་མ»ལས།“སྟག་གུ་གཉན་གཟིགས”ཞེས་བྱུང་ཡོད།

༤ «མཐའ་བཞི་གཤེན་རྒྱུད་ཀྱི་རྣམ་ཐར»ལས“སྟག་གུ་སྙན་གཟིགས”ཞེས་བྱུང་ཡོད། འདི་དག་ཏུ་ཁོང་གི་མཚན་བྱུང་བ་ལས་འདོགས་པའི་རྒྱུ་མཚན་བཀོད་མེད།

༥ «རྒྱ་བོད་ཆོས་འབྱུང་རྒྱས་པ»ལས“དོན་མཁར་གྱི་རྩེ་ལ་གཉན་འགྲོ་བ་མཐོང་བས་སྟག་གུ་གཉན་གཟིགས་སུ་བཏགས་སོ།”ཞེས་གསལ་ཡོད།

༦ «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»ནི་དུས་རབས་བཅུ་གཉིས་པའི་ནང་དུ་བྱུང་བ་བཞེད། འདི་ཉིད་ལས“རི་སྟག་རི་ལ་གཉན་འདུག་པ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་གྲགས་སོ།”ཞེས་གསལ་ཡོད།

༧ «བཀའ་ཐང་ལྡེ་ལྔ»ནི་རབ་བྱུང་ལྔ་པའི་ཤིང་བྱ(༡༢༨༥)ཨོ་རྒྱན་གླིང་པས་གཏེར་བཏོན། འདི་ཉིད་ལས“སྟག་རི་གཉན་གཟིགས”ཞེས་བྱུང་།

༨ «སྲིད་པ་རྒྱུད་ཀྱི་ཁ་བྱང»ལས“སྙ་གཟི་བཙད་པོ།”ཞེས་གསལ།

༩ «འདྲ་འབག་ཆེན་མོ»ནི་བཻ་རོའི་སློབ་མ་གཡུ་སྒྲ་སྙིང་པོས་མཛད་པར་འདོད་མཁན་ཡོད་མོད། གཡུ་སྒྲ་སྙིང་པོ་ནི་ལོ་རྒྱུས་ཐོག་རྩོད་གཞི་ལྡན་པའི་མི་སྣ་ཞིག་ཡིན་ལ། དེ་བས་ཀྱང་ཁོང་གིས་དཔེ་ཆ་འདི་འདྲ་ཞིག་མཛད་ཡོད་མེད་ནི་དོགས་གཞི་རེད། «ཆོས་འབྱུང་མཁས་པའི་དགའ་སྟོན»ལས། “སྤྱིར་ཡི་གེ་སྔ་ཞིང་བར་དུ་ཡིག་མཁན་གྱི་སྐྱོན་བརྒྱུད་པ་དུ་མ་དང་། པདྨ་བཀའ་ཐང་དང་སྲེ་བསླད་མི་འདྲ་བ་མང་དུ་སྣང་བས་འདྲ་འབག་ལྷད་གཏན་མེད་དེང་སང་མི་རྙེད་པར་སྣང”ཞེས་གསུངས་ཡོད་ལ། གང་ལྟར་པདྨ་བཀའ་ཐང་གི་རྗེས་སུ་བྱུང་བ་ཡིན་པ་རྟོགས་ཐུབ། འདི་ཉིད་ལས“སྟག་རིའི་གཉན་མཐོང”ཞེས་གསལ་ཡོད།

༡༠ «རྒྱལ་རབས་གསལ་མེ»དུས་རབས་བཅུ་བཞི་པའི་ནང་བརྩམས། འདི་ཉིད་ལས། “སྐྱིད་ཤོད་སྟག་རི་ལ་གཉན་འགྲོ་བ་གཟིགས་པས་དེ་ལྟར་བཏགས།”ཞེས་གསལ་ཡོད།

༡༡ «དེབ་དམར»དུས་རབས་བཅུ་བཞི་པའི་ནང་བརྩམས། འདི་ཉིད་ལས“སྟག་མོའི་རི་ལ་གཉན་འགྲོ་བ་གཟིགས་པས་སྟག་རི་གཉན་གཟིགས་སུ་བཏགས”ཞེས་བྱུང་ཡོད།

༡༢ «དར་རྒྱས་གསལ་སྒྲོན»ལས“ཕ་རི་ལ་སྙན་འདུག་པ་གཟིགས་པས། མཚན་ལ་སྟག་རི་སྙན་གཟིགས་སུ་བཏགས”ཞེས་བྱུང་ཡོད།

༡༣ «རྒྱལ་རབས་བོན་གྱི་འབྱུང་གནས»ལས“ཕ་རི་ལ་གཉེན་འདུག་པ་གཟིགས་པས་སྟག་གུ་གཉན་གཟིགས་སུ་བཏགས”ཞེས་གསལ།

༡༤ «བུ་སྟོན་ཆོས་འབྱུང»དུས་རབས་བཅུ་བཞི་པའི་ནང་བརྩམས། འདི་ཉིད་ལས“སྟག་རི་ལ་གཉན་འགྲོ་བ་གཟིགས་པས་མཚན་དེ་ལྟར་གྲགས་སོ”ཞེས་བྱུང་ཡོད།

༡༥ «རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད»དུས་རབས་བཅོ་ལྔ་པའི་ནང་བརྩམས། འདི་ཉིད་ལས“སྐྱིད་ཤོད་སྟག་མོའི་རི་ལ་གཉན་རྩྭ་ཟ་བ་མཐོང་། དེ་ནས་མཚན་ཡང་སྟག་རི་གཉན་གཟིགས་སུ་གསོལ”ཞེས་བྱུང་།

༡༦ «བཤད་མཛོད་ཡིད་བཞིན་ནོར་བུ»དུས་རབས་བཅོ་ལྔ་པའི་ནང་བརྩམས། འདི་ཉིད་ལས“རི་རྟ་དགུའི་ལོགས་ལ་སེམས་ཅན་སྙན་བྱུང་བ་གཟིགས་ནས། མཚན་ཡང་རྟ་དགུ་སྙན་གཟིགས་སུ་བཏགས་སོ”ཞེས་བྱུང་ཡོད།

༡༧ «ཆོས་འབྱུང་མཁས་པའི་དགའ་སྟོན»དུས་རབས་བཅུ་དྲུག་པའི་ནང་བརྩམས། འདི་ཉིད་ལས“སྟག་མོའི་རི་ལ་རི་དྭགས་གཉན་གཟིགས་པས། །མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས”ཞེས་གསལ་ཡོད།

༡༨ «དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས»དུས་རབས་བཅུ་བདུན་པའི་ནང་བརྩམས། འདི་ཉིད་ལས“སྐྱིད་ཤོད་སྟག་མོ་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས”ཞེས་གསལ་ཡོད།

༡༩ «གསོ་རིག་སྨན་གྱི་ཁོག་འབུགས»དུས་རབས་བཅུ་བདུན་པའི་ནང་བརྩམས། འདི་ཉིད་ལས“སྐྱིད་ཤོད་སྟག་མོའི་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས”ཞེས་བྱུང་།

༢༠ «བཤད་མཛོད་མཛོད»ལས“ཕ་རི་ལ་རི་དྭགས་སྙན་འདུག་པ་གཟིགས་པས། སྟག་གོང་སྙན་གཟིགས་སུ་བཏགས”ཞེས་བྱུང་ཡོད།

འདི་དག་ནི་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་ལོ་རྒྱུས་ཡིག་ཚང་གཙོ་གྲས་ཁག་ཡིན་ལ། ཕྱིས་སུ་བརྩམས་པའི་ཡིག་ཚང་ད་དུང་མང་པོ་ཡོད་མོད་འདི་དག་གིས་འཐུས་པར་བྱས་ཡོད།

གཉིས། ཁོང་གི་མཚན་འབྲི་སྟངས་ཀྱི་འཕེལ་འགྱུར་བརྒྱུད་རིམ་གླེང་བ།

གོང་དུ་ཡིག་ཚང་ཁག་ཏུ་འཁོད་པའི་བཙན་པོ་ཁོང་གི་མཚན་གྱི་འབྲི་སྲོལ་ལ་རྒྱུས་ལོན་བྱས་པས། ང་ཚོས་ཁོང་གི་མཚན་འབྲི་སྟངས་ལ་འཕེལ་འགྱུར་གང་འདྲ་བྱུང་བ་གསལ་པོར་མཐོང་ཐུབ། དེ་ཡང་ཏུན་ཧོང་ཡིག་རྙིང་དུ་སྟག་བུ་སྙ་གཟྀགས་ཞེས་བྱུང་ལ། བོན་གྱི་བསྒྲགས་བྱང་ནང་གི་གུའི་འབྲི་སྟངས་ཙམ་ལས་འགྱུར་ལྡོག་ཕྱིན་མེད། ཀ་ཁོལ་མ་རུ་སྟག་གུ་གཉན་གཟིགས་ཞེས་བུ་དེ་གུ་ལ་འཕོས་པ་དང་། སྙ་དེ་གཉན་ལ་འཕོས་ཡོད། བོན་དཔེ་མཐའ་བཞི་གཤེན་རྒྱུད་རྣམ་ཐར་དུ་སྟག་གུ་སྙན་གཟིགས་ཞེས། བུ་དེ་གུ་ལ་འཕོས་པ་དང་སྙ་དེ་སྙན་ལ་འཕོས་ཡོད། འདི་དག་ནི་ཁོང་གི་མཚན་འཁོད་པའི་ཡིག་ཆ་སྔ་ཤོས་དེ་ཆགས་ཡོད། འོན་ཀྱང་ཡིག་ཆ་འདི་དག་ཏུ་མཚན་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་བཀོད་མེད། དེ་ནས་དུས་རབས་སྔ་ཕྱི་རིམ་བཞིན་མཚན་ལ་འགྱུར་བ་བྱུང་བ་དང་འདོགས་དགོས་པའི་རྒྱུ་མཚན་གསར་དུ་བསྣན་ཡོད། «རྒྱ་བོད་ཆོས་འབྱུང་རྒྱས་པ»ནང་དུ་སྟག་གུ་གཉན་གཟིགས་ཞེས་བཏགས་ཡོད་ལ། རྒྱུ་མཚན་ནི་དོན་མཁར་གྱི་རྩེ་ལ་གཉན་འགྲོ་བ་མཐོང་བས་སྟག་གུ་གཉན་གཟིགས་སུ་བཏགས་སོ། ཞེས་གསུངས་ཡོད། འདི་ནི་ཀ་ཁོལ་མ་དང་མཚན་འདོགས་སྟངས་གཅིག་མཐུན་བྱུང་ཡོད་ལ། དེས་ཁོང་གིས་མཚན་འདིའི་གཞི་བཅོལ་ས་ནི་ཀ་ཁོལ་མ་ཡིན་པ་དང་། ཁོང་གིས་མཚན་ཟུར་གྱི་གཉན་ལ་བརྟེན་ནས་འདོགས་དགོས་པའི་རྒྱུ་མཚན་ཞིག་གསར་དུ་བསྣན་པ་རེད། ཁོང་གི་སྐབས་སུ་མཚན་ཟུར་སྟག་གུ་ལས་སྟག་རི་བྱུང་མེད་པས། རི་དེ་ཡང་དོན་མཁར་ཞེས་ཕལ་ཆེར་ཡར་ལུང་ཁོག་གི་རི་ཞིག་དྲངས་ཡོད། འདི་ནི་བཙན་པོ་ཁོང་གི་མཚན་ལ་དེ་ལྟར་བཏགས་པའི་རྒྱུ་མཚན་བྱུང་བ་ཐོག་མ་ཡིན། དེ་ནས«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»ནང་དུ་སྟག་རི་གཉན་གཟིགས་ཞེས་བཏགས་ཤིང་། རྒྱུ་མཚན་ནི་རི་སྟག་རི་ལ་གཉན་འདུག་པ་གཟིགས་པས་དེ་ལྟར་བཏགས་པ་གསུངས་ཡོད། འདིས་མཚན་ཟུར་གྱི་གུ་དེ་རི་ལ་བཅོས་པ་དང་མཉམ་དུ་རྒྱུ་མཚན་ནི་སྟག་རི་ལ་གཉན་གཟིགས་པས་ཡིན་ཞེས་བཤད་ཡོད། འདི་ནི་བཙན་པོ་ཁོང་གི་མཚན་ལ་སྟག་རི་གཉན་གཟིགས་སུ་འཆོས་མཁན་ཐོག་མ་ཡིན་ལ། སྟག་གུ་དེ་སྟག་རིར་བཅོས་པས་དེ་ནས་བཟུང་མཚན་ཟུར་དུ་སྟག་རི་བྱུང་བ་དང་དེ་ནི་རི་བོ་ཞིག་ལ་གོ་བའི་འགོ་བརྩམས་ཡོད། ཡིག་ཆ་འདི་གཉིས་ནི་དུས་རབས་བཅུ་གཉིས་པའི་ནང་བྱུང་བ་ཡིན། འདིའི་རྗེས་སུ་འགྲོ་ལྡོག་བྱེད་མཁན་ནི«འདྲ་འབག་ཆེན་མོ»དང«དེབ་དམར» «བུ་སྟོན་ཆོས་འབྱུང» «ཆོས་འབྱུང་མཁས་པའི་དགའ་སྟོན»བཅས་ཡིན། འདི་དག་དང་ཅུང་མི་འདྲ་བ་ནི། དུས་རབས་བཅུ་བཞི་པའི་ནང་བྱུང་བའི«རྒྱལ་རབས་གསལ་མེ»རེད། འདིར་སྟག་རི་གཉན་གཟིགས་སུ་འཐོགས་དོན་ནི་སྐྱིད་ཤོད་སྟག་རི་ལ་གཉན་འགྲོ་བ་གཟིགས་པས་རེད་ཅེས་སྟག་རི་དེ་སྐྱིད་ཤོད་དུ་ཡོད་པ་བཤད་ཡོད། འདི་ལ་དེང་གི་ཞིབ་འཇུག་པ་རྒྱལ་མོ་འབྲུག་པས་དོགས་འདྲི་གནང་ཡོད། ཡིག་ཆ་འདིའི་རྗེས་ཟློས་བྱེད་མཁན་ནི«རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད» «བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས» «གསོ་རིག་སྨན་གྱི་ཁོག་འབུགས»བཅས་རེད། འདི་དག་དང་ཅུང་མི་འདྲ་བ་ཞིག་ནི་དུས་རབས་བཅོ་ལྔ་པའི་ནང་བྱུང་བའི«བཤད་མཛོད་ཡིད་བཞིན་ནོར་བུ»རེད། འདིའི་ནང་དུ་རི་རྟ་དགུའི་ལོགས་ལ་སེམས་ཅན་སྙན་བྱུང་བ་གཟིགས་ནས། མཚན་ཡང་རྟ་དགུ་སྙན་གཟིགས་སུ་བཏགས་པ་གླེང་ཡོད། འདི་ནི་སྟག་གུ་དེ་སྒྲ་མཐུན་གཟུགས་འགྱུར་བྱུང་བ་ཞིག་རེད། སྟག་གུ་དེ་རྟ་དགུ་རུ་བྲིས་པས་སྔར་གྱི་བཤད་སྲོལ་ལ་བཟོ་བཅོས་བྱས་པ་ཙམ་མོ།། གོང་གི་དེ་དག་ནི་ཐུབ་བསྟན་ཆོས་འབྱུང་ཁག་ཏུ་དུས་རབས་བཅུ་གཉིས་པའི་རྗེས་ནས་བཅུ་བདུན་པའི་ཡན་གྱི་བཞེད་སྟངས་སྣ་ཁ་ཁ་ཤས་གླེང་བ་ཡིན་ལ། དེ་དག་དང་ཅུང་མི་འདྲ་བ་ནི། བོན་ཕྱོགས་ནས་དུས་རབས་བཅུ་བཞི་པའི་ནང་དུ་བྱུང་བའི་ལོ་རྒྱུས་ཡིག་ཚང«དར་རྒྱས་གསལ་སྒྲོན»ནང་དུ་སྟག་རི་གཉན་གཟིགས་ཞེས་བཏགས་ཤིང་རྒྱུ་མཚན་ནི་ཕ་རི་ལ་སྙན་འདུག་པ་གཟིགས་པས་ཡིན་པ་བཤད་ཡོད། དེའི་རྗེས་སུ་འགྲོ་བ་ནི«རྒྱལ་རབས་བོན་གྱི་འབྱུང་གནས»དང«ལེགས་བཤད་མཛོད»སོགས་ཆགས་ཡོད། འོན་ཀྱང་དེ་གཉིས་ལས་སྔ་མར་སྟག་གུ་དང་ཕྱི་མར་སྟག་གོང་ཞེས་བྲིས་ཡོད། མདོར་བསྡུས་ཏེ་བཤད་ན། དང་ཐོག་སྟག་བུ་སྙ་གཟིགས་ཞེས་བྲིས་པ་ལ་དུས་རབས་བཅུ་པའི་གཡས་གཡོན་དུ་སྟག་གུ་གཉན་གཟིགས་ཞེས་སུ་འཕོ་འགྱུར་ཕྱིན། དེ་ནས་དུས་རབས་བཅུ་གཉིས་པའི་ནང་སྟག་རི་གཉན་གཟིགས་སུ་བཏགས་པ་དང་དེའི་རྒྱུ་མཚན་ཀྱང་གསར་བཟོ་བྱས། དེ་ནས་དུས་རབས་བཅུ་བཞི་པའི་ནང་སྟག་རི་གཉན་གཟིགས་སུ་བཏགས་པ་འདྲ་ནའང་འདོགས་པའི་རྒྱུ་མཚན་ལ་བཤད་སྲོལ་མི་འདྲ་བ་བྱུང་། ཁ་ཅིག་གིས་སྟག་རི་ལ་གཉན་མཐོང་ཞེས་དང་ཁ་ཅིག་གིས་སྐྱིད་ཤོད་སྟག་རི་ལ་གཉན་མཐོང་། ཁ་ཤས་ཀྱིས་ཕ་རི་ལ་གཉན་མཐོང་བ་སོགས་བཤད་ཡོད། བཤད་སྲོལ་འདི་དག་ཐམས་ཅད་ནི་སྟག་བུ་དེ་སྟག་གུ་དང་སྟག་རིར་བཅོས་པ་དང་། སྙ་དེ་སྙན་དང་གཉན་དུ་བཅོས་པའི་རྗེས་སུ་བྱུང་བ་ཡིན། དོན་དངོས་སུ་ཡིག་ཆ་སྔ་ཤོས་དག་ཏུ་སྟག་བུ་སྙ་གཟིགས་ཞེས་སུ་བྱུང་བས། བཤད་སྲོལ་འདི་དག་ཁོང་གི་མཚན་དངོས་དང་འབྲེལ་བ་མེད་པ་གསལ་པོར་ཤེས་ཐུབ། འོ་ན། ཁོང་གི་མཚན་ལ་འགྲེལ་སྟངས་དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། སྤྱིར་ན་བོད་ཀྱི་བཙན་པོ་ཁག་གི་མཚན་ལ་འགྲེལ་སྟངས་སྣ་ཚོགས་བྱུང་ཡོད།སྟག་རི་གཉན་གཟིགས་ལགས་ཀྱི་མཚན་ལ་འགྲེལ་སྟངས་དེ་ལྟར་ཡོང་དོན་གཙོ་བོ་ནི་ཁོང་དང་ཐོག་དམུས་ལོང་ཡིན་པ་ལ། དེ་ནས་ཐབས་ལམ་ཁ་ཤས་བརྒྱུད་དེ་སྤྱན་དྲག་སྐྱེད་བྱུང་བ་བཤད་ཡོད། ཁོང་གི་མཚན་ལ་སྟག་རི་གཉན་གཟིགས་སུ་འདོགས་པའི་རྒྱུ་མཚན་དག་གཏམ་རྒྱུད་འདི་ལ་གཞི་བཅོལ་ཡོད་པ་རེད། ཕྱིས་ཀྱི་གྲུབ་མཐའ་རིས་མེད་ཀྱི་ཡིག་ཚང་ཁག་ཏུ་ཁོང་གི་མཚན་ལ་འགྲེལ་སྟངས་ཅུང་ཙམ་མི་འདྲ་བ་ཡོད་ནའང་། ཁོང་དང་ཐོག་དམུས་ལོང་ཡིན་པའི་གཏམ་རྒྱུད་རྨང་གཞིར་བྱས་པ་གཅིག་མཐུན་ཆགས་ཡོད།

གསུམ། ཁོང་གི་མཚན་གྱི་བརྡ་དོན་ལ་གཞིགས་པ།

ཁོང་གི་མཚན་ལ་འབྲི་སྟངས་སྣ་ཚོགས་མཆིས་ནའང་ཆེས་སྔ་ཤོས་ཀྱི་ཡིག་ཚང་ཁག་ཏུ་སྟག་བུ་སྙ་གཟིགས། ཞེས་བྱུང་ཡོད། སྤྱིར་བཏང་མིང་ལ་འདོད་རྒྱལ་དང་རྗེས་གྲུབ་སྣ་ཚོགས་ཡོད་པས་ཐམས་ཅད་ལ་ཚིག་འགྲེལ་རྒྱག་རྒྱུ་ཡོད་པར་རློམ་པ་ནི་མིང་བརྡ་ལ་རྨོངས་པའི་རྟགས་སུ་ངེས། བཙན་པོ་རྣམས་ཀྱི་མཚན་ལ་ཐོག་མར་བཏགས་པ་དང་རྗེས་སུ་མཛད་པ་རྒྱས་དུས་བཏགས་པ་སྣ་ཚོགས་ཡོད་པ་གསལ་ལ། དུས་རབས་དེར་མི་རིགས་རང་ཉིད་ལ་མཚན་འདོགས་སྲོལ་ཞིག་ལྡན་ཡོད་འདུག དེས་ན་ཕྲན་གྱིས་དཔྱད་གཞི་མཁོ་འདོན་ནམ་དོགས་སློང་ཚུལ་དུ་ཅུང་ཙམ་ཞུས་ན། སྟག་བུ་ལས་སྟག་ནི་གཅན་གཟན་སྟག་ལ་གོ་ཆོག་པར་འདོད། དེ་དུས་ནས་གཅན་གཟན་ལས་སྟག་ནི་དཔའ་རྩལ་ཆེ་ཤོས་ཡིན་པ་འདོད་བཞིན་པ་ནི།«ཏུན་ཧོང་ཡིག་རྙིང»ལས“བཙན་པོ་ཁྲི་འདུས་སྲོང་།། སྐུ་ཆུང་ནས་གཞོན་གྱིས་ཀྱང་།། ཕག་རྒོད་ལ་བཤན་གྱྀས་མཛད།། གཡག་རྒོད་སྒྲོག་ཏུ་བཅུག། སྟགྀ་རྣ་བ་ལ་བཟུང”[11]ཞེས་གསལ་ལ། དེ་བཞིན«ཁྱུང་པོ་སྤུང་སད་ཀྱི་མགུར»ལས“མོན་ཀ་འྀ་ནི་སྟག་ཆིག་པ། སྟག་བཀུམ་ནྀ་ཟུ་རྩེས་བཀུམ། གུང་བཀྲོས་ནྀ་པྱག་དུ་པུལ།”[12]ཞེས་སོགས་བྱུང་བས་ཤེས་ཐུབ་པ་མ་ཟད།«རྒྱ་བོད་ཆོས་འབྱུང་རྒྱས་པ»ལས“དཔའ་རྟགས་དྲུག་ལ་སྟག་སྟོད་སྟག་སྨད་གཉིས། ཟར་ཆེན་ཟར་ཆུང་གཉིས། སྟག་སླག་གཟིག་སླག་གཉིས་ཏེ་དྲུག་གོ།”[13]ཞེས་དང་།«སྲིད་པ་རྒྱུད་ཀྱི་ཁ་བྱང»ལས“རྒྱལ་པོ་ཡིས་བོན་ལ་ཡིག་ཚང་གཡུའི་བུམ་པ་དང་། སྟག་ཞུ་དང་སྟག་ཐུལ་བྱང”[14]ཞེས་གསལ་བ་སོགས་དུས་སྐབས་དེ་ནས་བཟུང་དེང་གི་བར་བོད་པས་སྟག་ནི་ཆེ་བཙན་དྲག་གསུམ་གྱི་དན་རྟགས་སུ་འདོད་པ་རེད། བཙན་པོ་ཁོང་ལ་མཚོན་ན་ལོ་རྒྱུས་ཡིག་ཚང་རྙིང་གྲས«བསྒྲགས་བྱང»དང«རྒྱ་བོད་ཆོས་འབྱུང་རྒྱས་པ»སོགས་ལས་ཁོང་གི་སྐུ་དུས་སུ་རྒྱལ་ཕྲན་བཅུ་གཉིས་མངའ་འོག་བསྡུས་ཤིང་བོད་བཙན་པོའི་ཆབ་སྲིད་དེ་དུས་དབུ་ཚུགས་པ་བཤད་ཡོད། དེས་ཁོང་ནི་དཔའ་རྩལ་དང་བློ་གྲོས་ལྡན་པ་ཞིག་ཡིན་པས་སྟག་བུ་ཞེས་བཏགས་པར་སྙམ། སྐབས་དེར་བོད་ཀྱི་མི་སྣ་གཙོ་གྲས་དག་ལ་སྟག་གི་མིང་བརྡ་འདོགས་སྲོལ་ཡོད་པ་ནི་ཁོང་གི་སྐུ་དུས་སུ་བྱུང་བའི་ཟིང་པོ་རྗེ་སྟག་སྐྱ་བོ། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་སྤུ་རྒྱལ་པའི་བློན་པོ་རྩལ་ཅན་རིམ་བྱུང་གི་མཚན་བྱང་དུ། རྔེགས་མང་ཞམ་སྟག་ཚབ། དབའ་སྟག་སྒྲ་ཁོང་ལོད། ངན་ལམ་སྟག་སྒྲ་ཀླུ་གོང་། འབྲོ་ཁྲི་སུམ་རྗེ་སྟག་སྣང་། དབའ་རྒྱལ་ཏོ་རེ་སྟག་སྙས་ཞེས་བྱུང་བ་སོགས་ཀྱིས་ཤེས་ཐུབ། ཐ་ན་སྐབས་དེའི་བཙན་པོའི་སྐུ་མཁར་གྱི་མཚན་ལ་ཕྱིང་ང་སྟག་རྩེ་ཞེས་སྨོས་པ་སོགས་ཀྱིས་དཔོག་ཐུབ་བོ། །

སྙ་ཞེས་པ་ནི་སྐབས་དེའི་བཙན་པོ་ཁག་གི་མཚན་ཟུར་དུ་ཡང་ཡང་བྱུང་བའི་ཐ་སྙད་ཅིག་ཡིན། དཔེར་ན། «ཏུན་ཧོང་ཡིག་རྙིང»ལས“ལྷ་ཐོ་དོ་སྙ་བརྩན།” “ཁྲི་སྙ་ཟུང་བརྩན།” “སྟག་བུ་སྙ་གཟྀགས།”ཞེས་ཁོང་གི་མེས་པོ་གཉིས་ཀྱི་མཚན་ཟུར་དུ་སྙ་ཞེས་པ་ཐོན་ཡོད། དེས་གསལ་བཤད་ཐུབ་པ་ནི་ཁོང་གི་མཚན་ཟུར་གྱི་སྙ་ནི་ཁོང་གི་ལོ་རྒྱུས་ལ་འབྲེལ་བ་མེད་པ་གསལ་བཤད་བྱེད་ཐུབ། གཞན་ཡང་སྙ་འདི་བཙན་པོའི་མཚན་ཟུར་གཅིག་པུར་སྦྱར་བ་ཞིག་ཀྱང་མིན་ཏེ། «ཏུན་ཧོང་ཡིག་རྙིང»ལས་རྒྱལ་ཕྲན་དག་གི་རྗེ་བློན་མིང་བསྟན་སྐབས“ཞང་ཞུང་ངར་པའི་རྗེ་བོ་ལིག་སྙ་ཤུར།”ཞེས་གསལ་ལ། བློན་པོ་དག་གི་མཚན་ཟུར་དུ་སྙ་ཞེས་ཐོན་པའང་མང་དུ་བྱུང་ཡོད། དཔེར་ན། མགར་བཙན་སྙ་ལྡོམ་བུ་ལྟ་བུ་རེད། བོན་གཤེན་གྱི་མཚན་ལ་སྙ་ལི་ཤུ་སྟག་རིང་ཟེར་བ་ཡོད། ཐ་སྙད་འདི་གནའ་བོའི་མིང་བརྡ་ཞིག་ཡིན་པ་ངེས་ལ། ནང་དོན་གང་འདྲ་ཡིན་པ་སོགས་ནི་ཕྲན་གྱིས་ཞིབ་འཇུག་མ་ཐུབ་པས་སྐད་བརྡ་རིག་པ་སྨྲ་བ་སོགས་ཞིབ་འཇུག་པ་དག་གི་བགོ་སྐལ་དུ་བཞག་ཡོད། མདོར་ན་གུས་པས་ཐག་བཅད་དེ་སྨྲ་ཐུབ་པ་ནི་བཙན་པོ་ཁོང་གི་མཚན་ཟུར་གྱི་སྙ་ཞེས་པ་ནི་རི་དྭགས་གཉན་ལ་འབྲེལ་བ་མེད་པ་དེ་རེད། གཟིགས་ཞེས་པའང་སྤྱན་གྱིས་གཟིགས་པ་རང་ལ་གོ་རྒྱུ་མ་ཡིན་སྙམ་སྟེ། གཟིགས་ཞེས་མཚན་ཟུར་དུ་ཐོན་པའི་བཙན་པོའི་སྐབས་ཀྱི་མི་སྣ་དཔེར་ན། ཁྲི་ལྡེ་གཙུག་བཙན་སྐབས་ཀྱི་བློན་ཆེན་པོ་དབའ་ཁྲི་གཟིགས། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་གཡུའི་ཡི་གེ་ཐོབ་པའི་དམག་དཔོན་ཞང་རྒྱལ་གཟིགས་ལྟ་བུ་རེད།

དྲུག་པ། དཔྱད་འབྲས།

དཔྱད་རྩོམ་འདིའི་ལྟ་བ་མདོར་བསྡུས་ཏེ་གླེང་ན། བཙན་པོ་སྟག་རི་གཉན་གཟིགས་ཁོང་དམུས་ལོང་ཡིན་པ་དང་གཉན་པོ་གསང་བ་མཆོད་པའི་བྱིན་རླབས་ཀྱིས་སྤྱན་བྱེ་བ་འདོད་མཁན་ཐོག་མ་ནི་བཀའ་ཆེམས་ཀ་ཁོལ་མ་ཆགས་ཡོད་ལ། བཞེད་པ་འདི་ནི་ཆོས་ལུགས་ཀྱི་དགོས་དབང་གིས་གསར་བཟོ་བྱས་པར་འདོད་པ་ལས་དོན་དངོས་མིན་པར་འདོད། གཅིག་ནས་བཞེད་སྟངས་འདི་ལ་ཆོས་ལུགས་ཀྱི་ཆེ་བ་བརྗོད་པའི་གཏམ་རྒྱུད་ཀྱི་ཆ་འདྲེས་པ་དང་། གཉིས་ནས་བཞེད་སྟངས་འདི་ཚན་རིག་དང་མཐུན་པའི་འགྲེལ་བཤད་ཅིག་མིན་པ། གསུམ་ནས་ཏུན་ཧོང་གཏེར་ཡིག་དང་བོན་གྱི་ཡིག་ཚང་སྔ་གྲས་དག་ཏུ་འདིའི་སྐོར་ཟུར་ཙམ་མ་བྱུང་བ། བཞི་ནས་ཀ་ཁོལ་མའི་ནང་དོན་གཞན་ལ་གཞིགས་ན་ཡིག་ཚང་འདིར་གཏམ་རྒྱུད་དང་སྒྲོ་བཏགས་ཆ་མང་བ་བཅས་རེད། གཞན་པ་འ་ཞའི་སྨན་པས་ཕྱེས་པར་འདོད་པ་ནི་དུས་རབས་བཅུ་གཉིས་པར་བྱུང་བ་ཡིན་ལ། འདི་ཡང་བཙན་པོ་ཁོང་དམུས་ལོང་ཡིན་པའི་ལྟ་བའི་རྨང་གཞིའི་ཐོག་ནས་བྱུང་ཡོད། དེ་རྗེས་ཀྱི་ཆོས་འབྱུང་ཕལ་མོ་ཆེ་བཞེད་པ་འདི་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་བྱས་ཡོད་ལ། དུས་རབས་བཅུ་བཞི་པའི་ནང་བོན་ཕྱོགས་སུ་བཞེད་སྟངས་ཅུང་མི་འདྲ་བ་ཞིག་བྱུང་བ་དེ་ཡང་གཞན་སྡེའི་ཆོས་འབྱུང་གི་ཤན་ཐེབས་པའི་འོག་ནས་བྱུང་བ་ལས་བོན་རང་གི་ཐུན་མིན་གྱི་བཞེད་སྟངས་མ་ཡིན་པ་འདོད། གཞན་ཡང་ཁོང་གི་མཚན་གྱི་འབྲི་སྟངས་འཕེལ་འགྱུར་ལ་ཞིབ་ཏུ་དཔྱད་ན་ཁོང་གི་མཚན་དངོས་ནི་སྟག་བུ་སྙ་གཟིགས་ཡིན་པ་ལ། སྒྲ་རིམ་གྱིས་འགྱུར་ནས། སྟག་བུ-སྟག་གུ-སྟག་རི། སྙ-སྙན-གཉན། བཅས་སུ་འབྲི་ཚུལ་དང་དེ་དག་གི་བཤད་སྲོལ་སྣ་ཚོགས་བྱུང་བ་གསལ་པོར་མཐོང་ཐུབ། དེས་ཁོང་གི་མཚན་ཐོགས་དོན་སྤྱན་ལ་འབྲེལ་བ་མེད་པ་ནི་གསལ་པོར་ཤེས་ཐུབ་བོ། །

དཔྱད་གཞིའི་ཡིག་ཆ།

[1] རྒྱལ་མོ་འབྲུག་པ། «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ» མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོར། ཤ༦༠-༦༤

[2] ཇོ་བོ་རྗེས་གཏེར་བཏོན། «བཀའ་ཆེམས་ཀ་ཁོལ་མ» སེར་གཙུག་ནང་བསྟན་དཔེ་ཚོགས། ཤ༨༡

[3][5][14] «བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤ༡༦༨ ཤ༨ ཤ༢༣༢

[4][6][13] མཁས་པ་ལྡེའུ།«རྒྱ་བོད་ཆོས་འབྱུང་རྒྱས་པ» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ལོར། ཤ༢༣༩ ཤ༢༣༨ ཤ༢༥༦

[7] སངས་རྒྱས་རྒྱ་མཚོ། «གསོ་རིག་སྨན་གྱི་ཁོག་འབུགས» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོར། ཤ༡༤༩- ཤ༡༥༠

[8] ཨུ་རྒྱན་གླིང་པས་གཏེར་བཏོན། «བཀའ་ཐང་སྡེ་ལྔ» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ལོར། ཤ༨༨

[9] ས་སྐྱ་བསོད་ནམས་རྒྱལ་མཚན། «རྒྱལ་རབས་གསལ་བའི་མེ་ལོང» ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༢༠ལོར། ༧༣

[10] «ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས»སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤ༡༥༧

[11][12] «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས» ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ༡༩༩༥ལོར། ཤ༧༠ ཤ༣༦༡

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号