ཡིག་རྙིང《ལྷ་འདོགས》ཀྱི་ཞིབ་འཇུག་རིན་ཐང་།

སྙིང་འབུམ་རྒྱལ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ།

ཡིག་རྙིང《ལྷ་འདོགས》དང་འབྲེལ་ནས་བོད་གནའ་རབས་ཀྱི་གཉེན་སྲོལ་ལྷ་ཕྲལ་དང་ལྷ་འདོགས་ཆོ་གའི་ཁུངས་དང་ཆོ་ག་དེའི་འཕེལ་རིམ། གཞན་འགྱུར་གྱི་གོ་རིམ་སོགས་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱས་ན་ཡིག་རྙིང་འདི་ལ་སྔར་བས་རིག་གཞུང་ཞིབ་འཇུག་གི་རིན་ཐང་སྟེར་ཐུབ་པར་མ་ཟད། གཉེན་སྲོལ་གྱི་ཆོ་ག་མང་པོ་སྟབས་བདེ་ཅན་དང་གཞན་འགྱུར་ཅན་དུ་ཕྱོགས་པའི་ཉེན་ཁ་སེལ་བའི་གསོས་སུ་འགྱུར་ཐུབ། འདི་ཉིད་ཕྱིས་དམངས་ཁྲོད་དུ་དར་ཞིང་ཞིབ་རྒྱས་སོང་ནས་ལྷ་འདོགས་ཀྱི་ཆོ་ག་འཐུས་སྒོ་ཚང་བའི་མ་ལག་ཅན་དུ་སྒྲུབ་ནས་ཡོད་དེ། དང་པོ་བག་མ་རང་ཁྱིམ་ནས་ཐོན་དུས་ལྷ་དང་བྲལ་བའམ་ལྷ་འགྲོལ་བྱེད་དགོས་པ་ལ། ད་ནི་བུ་མོ་ཡར་ལ་ལོངས། ལྷ་བྲལ་འདི་ལ་ཕྱག་གསུམ་འཚོལ། དངོས་གྲུབ་བཟང་པོ་ལྷ་ཡིས་གནང་། ལྷ་ལས་འགྲོལ་བའི་སྨོན་ལམ་ཐོབས། ཞེས་རང་གི་ལྷ་དང་བྲལ་བ་དང་། དེ་ནས་བག་མ་ཨ་ཞང་ཚང་ལ་ཐོན་དུས་བག་མའི་སྣ་འདྲེ་འདུལ་བ་ཡིན། དེ་ཡང་སྣ་འདྲེ་ལྷ་རུ་མི་མཆོད་དོ། སྣ་འདྲེ་གྲོགས་སུ་མི་བསྟེན་ནོ། ཞེས་ཐོ་དགུ་རིམ་པར་འདུལ་བ་སོགས་ཀྱི་ཆོ་ག་དང་། དངོས་གཞི་ལྷ་འདོགས་ཀྱི་རིམ་པ་སོགས་སྒྲིག་གཞི་རིམ་ཅན་དུ་ཆགས་ཡོད་པ་འདི་ནི་རིག་གནས་གང་གི་ངོས་ནས་བལྟས་ཀྱང་ཕུན་སུམ་ཚོགས་པའི་རིག་གནས་མང་པོ་འདུས་པའི་བང་མཛོད་ལྟ་བུར་འཁུམས། དེ་མིན་རིག་གནས་གང་ཞིག་ཡིན་ཡང་ཆུ་རྔའི་ལོ་རྒྱུས་ཤེས་དགོས་ན་ཆུ་མགོ་བཙལ་དགོས་པའི་དཔེ་ལྟར་རིག་གནས་གང་ཞིག་གི་རྒྱུན་སྐྱོང་དགོས་ན་དེའི་ཁུངས་དང་རྩ་བ་བསྔོག་དགོས་པས། ཡིག་རྙིང་འདི་ནི་ལྷ་ཕྲལ་དང་ལྷ་འདོགས་ཀྱི་ཆོ་གར་ཞིབ་འཇུག་བགྱི་བར་གལ་ཆེ་ལ་མེད་དུ་མི་རུང་བའི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་འདུག་སྟེ། མཁས་དབང་མཁར་རྨེའུ་བསམ་གཏན་གྱིས“བོན་ལ་གཉེན་སྒྲིག་ཆོ་གའི་དཔེ་ཆ་མི་གཅིག་པ་ཇི་སྙེད་ཅིག་མཆིས་ནའང་། ད་ཕན་དཔྱད་ཡུལ་དུ་མཆིས་པ་ནི་ཡིག་ཆ་འདི་ལས་མེད་པ་དང་། ཡིག་ཆ་འདིའི་ཁྲོད་དུ་སྐྱ་བོའི་རིག་གནས་དང་ཆོས་ལུགས་རིག་གནས་ཀྱི་རྩ་བ་དང་ཡན་ལག་ཅི་རིགས་སུ་གཏོགས་པའི་རྩ་ཆེའི་རིན་ཐང་ལྡན”ཞེས་གསུངས་པ་ལྟར། འདི་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་ཤིན་ཏུ་ཉུང་པས་ཞིབ་འཇུག་གི་དོན་སྙིང་ཆེ་བར་སེམས།

ཡིག་རྙིང《ལྷ་འདོགས》ལས་སྲིད་པ་སྒོ་ང་ལས་མཆེད་པར་འདོད་པ་ནི་བོད་ཀྱི་ཆོས་འབྱུང་བསྟན་བཅོས་ལས་བྱུང་བའི་སྲིད་པ་ཆགས་ཚུལ་དང་གཅིག་མིན་ཏེ། ལྷ་འདོགས་ལས་བྱུང་བའི་སྲིད་པ་ཆགས་ཚུལ་ལ《མཛོད་ཕུག》གི་ཤུགས་རྐྱེན་ཐེབས་ཡོད་པར་འདོད་པ་དང་། དེའི་ནང་བན་བོན་གཉིས་ཀྱི་ལྟ་བ་འདྲེས་སྦྱོར་བྱས་རྗེས་ཐོན་པའི་དཔེ་མཚོན་རང་བཞིན་ལྡན་པའི་མཚན་ཉིད་རིག་པ་དང་བོན་རང་གི་འཇིག་རྟེན་ཆགས་གྲུབ་ཀྱི་ལྟ་བའི་འདོད་གཞུང་སྐོར་ཡིན་པས། མཐོང་སྣེ་མང་པོ་ནས་འདི་ཉིད་ལ་ཞིབ་འཇུག་གི་བགྱི་བ་དང་དུ་བླངས་ན་ནང་ཆོས་ཀྱིས་ཤན་མ་ཞུགས་པའི་གདོད་མའི་བོད་ཀྱི་སྲིད་པ་ཆགས་ཚུལ་གྱི་ལྟ་བར་ངེས་ཤེས་སྔར་ལས་མང་པོ་བསྐྱེད་ཡོང་སྙམ།

དེ་མིན་ཡིག་རྙིང《ལྷ་འདོགས》ལས་མདའ་དང་འཕང་གི་འབྱུང་ཁུངས་བསྟན་ཡོད་ལ། སྤྱིར་མདའ་ནི་ཕོ་མོ་གཉེན་བསྡེབས་པའི་སྐབས་སུ་སྤྱོད་ཡུལ་དང་དམིགས་ཡུལ་མི་འདྲ་བའི་སྒོ་ནས་ཐོན་པ་དང་གཅིག གཉིས་སུ་ཡུལ་ལུང་ཁ་ཤས་སུ་བུ་ཞིག་སྐྱེས་པ་ན་སྔས་མགོར་མདའ་ཞིག་དང་བུ་མོ་ཞིག་སྐྱེས་ན་འཕང་ཞིག་འཇོག་པའི་སྲོལ་ཡོད་པ། གསུམ་ནི་ཁ་དཔེར་ཡང་གཉེན་ལམ་མདའ་ཡིས་ཕྱེ་ཞེས་བཤད་སྲོལ་ཡོད་པ་དང་བུ་མོ་གནས་ལ་འགྲོ་ཁར་ཨ་ཕས་བུ་མོར་མདའ་ཞིག་སྤྲོད་པ་དང་སྐྱེས་པའི་ཕྱོགས་ནས་ཀྱང་མདའ་ཞིག་ཁྱེར་ནས་བག་མ་བསུ་བ་སོགས་ས་ཆ་མང་པོར་གཉེན་སྒྲིག་ཆོ་གའི་སྔ་ཕྱི་རུ་མདའ་ནི་དམིགས་ཡུལ་མི་འདྲ་བའི་སྒོ་ནས་སྤྱོད་བཞིན་པ་ལ་བོད་ཀྱི་རིག་གནས་མ་ལག་ནས་རིགས་དང་དབྱེ་བ་དགར་བ་ཤིན་ཏུ་གཅེས། སྐྱེས་པ་ཕོ་ཡི་མཚོན་བྱེད་དུ་བཤད་པ་ལ་འབའ་སྟོད་ཚེ་དབང་རྡོ་རྗེ་ཡིས་མདའ་འཕང་གཉིས་ཅིའི་ཕྱིར་ཕོ་མོ་ཟུང་གི་མཚོན་བྱེད་དུ་གྱུར་པའི་སྒྲུབ་བྱེད་ལ་སྐྱེ་སྟོབས་ཀྱི་ཚེ་སྲོག་གམ་སྐྱེ་འཕེལ་གྱི་ནུས་པ་ཞིག་མངོན་ཡོད་པར་བཤད། དེ་ནི་མདའ་གཞུ་བྱུང་དུས་ལག་ཆ་གཞན་ལས་འགོངས་བའི་ནུས་པ་ཡོད་པ་དང་ཕྱིས་སུ་དེའི་ནུས་པ་ལ་དད་མོས་བྱས་པ་ལས་རང་གི་འདོད་འདུན་གང་ཞིག་སྒྲུབ་པའི་ཆེད་དུ་དེ་ཉིད་ལ་བླ་ཡོད་པའི་འདུ་ཤེས་སྐྱེས་པ་དང་། རིམ་བཞིན་སྐྱེས་པ་ཕོ་ཡི་མཚོན་བྱེད་དུ་གྱུར་པ་ནི་སྐྱེ་འཕེལ་དད་མོས་བྱེད་པའི་འདུ་ཤེས་ཏེ་གཉེན་སྟོན་ལས་ཕྱིར་མངོན་པ་དང་རང་གི་བུ་རབས་ཚ་རྒྱུད་མང་དུ་འཕེལ་བའི་རྟེན་འབྲེལ་དུ་བསམས་པས། ཡིག་རྙིང་འདི་ལས་བྱུང་བའི་མདའ་ཡི་རིགས་མི་འདྲ་བ་གསུམ་ནི་བོད་གནའ་རབས་ཀྱི་གཉེན་སྲོལ་དང་འབྲེལ་ཆེ་བའི་གལ་ཆེའི་དངོས་གཟུགས་ཤིག་ཡིན་པ་ལ། ད་ལྟའི་ཆར་གཉེན་སྲོལ་ཆོ་ག་ལ་བཀོལ་བའི་མདའ་མོ་ནི་གཡང་མདའ་གཅིག་པུས་འཐུས་པར་བྱེད་པ་ནི་རིག་གནས་གཞན་འགྱུར་དང་ཉམས་དམས་ཀྱི་སྣང་ཚུལ་དུ་མཐོང་བས་ན། འདི་ལ་རྣག་ཐོག་ཁབ་གཙགས་ཀྱིས་དཔྱད་ན་སྔར་བྱུང་གི་དཔྱད་འབྲས་ལས་འགོངས་བའི་གནད་མང་པོ་ཞིག་ཟིན་སྙམ།

གཞན་ཡང་། 《ལྷ་འདོགས》ཀྱི་་ཡིག་ཆ་འདི་ལས་བོད་གནའ་རབས་ཀྱི་སྲིད་པ་ཆགས་ཚུལ་གྱི་རིག་གནས་དང་བྱ་དངོས་བྱུང་འཕེལ་ལ་བཟུང་བའི་འདུ་ཤེས། གཉེན་སྲོལ་རིག་གནས་སོགས་ཕྱོགས་མང་པོ་ཞིག་དངོས་ཤུགས་གང་རུང་ནས་མཐོང་ཐུབ་པར་མ་ཟད། བོད་གནའ་བོའི་རིག་གནས་ལ་ཞིབ་འཇུག་བགྱི་བར་མེད་དུ་མི་རུང་བའི་དཔྱད་གཞི་གལ་ཆེན་ཏུ་གྱུར་ཡོད་སྟབས། ཐབས་ལམ་སྣ་ཚོགས་ཀྱིས་ཟུར་བརྒྱན་ནས་ཡང་བསྐྱར་འགྲེལ་བཤད་ཡག་པོ་བྱས་ན་བྱེ་བྲག་གི་གཉེན་སྲོལ་ཆོ་ག་ལའང་ངོས་འཛིན་གསར་པ་ཐོན་ཡོང་སྙམ་པས། བོད་གནའ་བོའི་གཉེན་སྲོལ་ལ་ཞིབ་འཇུག་བགྱི་བར་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་ཡིག་ཆ་འདི་ཉིད་བོད་སྔ་རབས་ཀྱི་གཉེན་སྲོལ་ཡིག་ཆ་ཆེས་ཐོག་མ་རུ་བགྲང་བ་དང་། འདི་ལས་མདའ་འཕང་དེ་ཅིའི་ཕྱིར་ཕོ་མོའི་མཚོན་བྱེད་དུ་བཞག་པའི་ཁུངས་ཡང་བཙལ་ཆོག་གསུངས་པ་དང་ཡིག་ཆ་འདིའི་རིན་ཐང་གི་ཆ་ནས་གདེང་འཇོག་དང་ངོ་སྤྲད་པ་སོགས་ལས་འདི་ཉིད་ཞིབ་འཇུག་གི་དཔྱད་གཞི་ཡག་ཤོས་ཤིག་ཏུ་བགྲང་ཆོག་པར་བསམས།

གུས་པས་རྒྱུ་ཆ་དག་སྒྲིག་བྱས་པ་ལྟར་ན་ཡིག་ཆ་འདི་ལ་གངས་ཅན་འཚོ་དང་འབའ་སྟོད་ཚེ་དབང་རྡོ་རྗེ་གཉིས་ཀྱི《མིའི་རིགས་རིག་པའི་མཐོང་སྣེ་ནས་བོད་གནའ་རབས་ཀྱི་གཉེན་སྲོལ་འགའི་རིག་གནས་མཚོན་དོན་སྐོར་གླེང་བ<མིང་སྲིང་དཔལ་བགོས་དང་ལྷ་འདོགས>གཞིར་བཟུང་ནས་དཔྱད་པ》ཞེས་པའི་དཔྱད་རྩོམ་ནི་ཡིག་ཆ་འདི་ཉིད་གཅིག་པུ་དཀྱུས་སུ་བཟུང་ནས་བོད་གནའ་རབས་ཀྱི་གཉེན་སྲོལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་དང་པོ་ཡིན་པར་འདོད། འདི་ལས་གཞན་ཆེད་དམིགས་ཀྱིས་ཡིག་ཆ་འདི་ཉིད་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་ད་སྔ་མཐོང་དུ་མེད། གུས་པས་སྔོན《ལྷ་འདོགས》ཀྱི་ཡིག་ཆར་འགྲེལ་ཀློག་དང་རྒྱུ་ཆ་འཚོལ་བསྡུ་བྱས་པ་ལས་ལྷ་མ་བཏགས་པའི་སྔོན་ལ་ལྷ་ཕྲལ་དང་བཅས་པའི་ཆོ་ག་མང་པོ་ཞིག་ད་དུང་ལྷ་འདོགས་ཀྱི་ཤུགས་ན་སྐུང་ཡོད་པ་མཐོང་། དེ་བས་ལྷ་འདོགས་ཀྱི་སྐྱ་ཐིག་དཀྱུས་སུ་བཟུང་ནས་གནའ་རབས་བོད་ཀྱི་གཉེན་སྲོལ་ཆོ་ག་ལ་ཡང་བསྐྱར་ངོས་ཟིན་གསར་པ་ཞིག་ཐོབ་པ་ནི་བུ་མོ་གནས་ལ་འགྲོ་དུས་མིང་སྲིང་གི་དཔལ་བགོ་བ་དང་། གཡང་ལེན་པ། ལྷ་ཕྲལ་པ་དང་ཁྱོ་གའི་གནས་ཡུལ་ནས་གླང་ཆེན་སྣ་བསྒྱུར་གྱི་ཆོ་ག་དང་། སྣ་འདྲེ་འདུལ་བའི་ཆོ་ག ལྷ་འདོགས་པའི་ཆོ་ག་སོགས་ལྷ་ཕྲལ་དང་ལྷ་འདོགས་དཀྱུས་སུ་བཟུང་ནས་སྤེལ་དགོས་པའི་ཆོ་ག་མང་པོ་ཞིག་ལ་རྒྱུས་ལོན་བྱུང་བའི་རྨང་གཞིའི་སྟེང་། ལྷ་ཕྲལ་དང་ལྷ་འདོགས་ལ་བོད་རང་གི་གཉེན་སྲོལ་གྱི་རིག་གནས་དང་འཛམ་གླིང་ས་ཁུལ་སོ་སོའི་མི་རིགས་ཀྱི་གཉེན་སྒྲིག་གི་རིག་གནས་ཞིབ་བསྡུར་དང་ཞིབ་འཇུག ཕྱོགས་བསྡོམས་ལས་རིག་གནས་གང་དེའི་ཕ་ངོ་མ་ངོ་སྤྲོད་པ་ནི་གནད་དུ་འཛིན་དགོས་སྙམ།

བོད་ཀྱི་གཉེན་སྲོལ་ལས་ལྷ་ཕྲལ་དང་ལྷ་འདོགས་ལ་དམངས་སྲོལ་རིག་པའི་སྡེ་ན་ཀུན་གྱིས་ཁས་ལེན་པའི་བར་བརྒལ་གུས་སྲོལ་གྱི་རིག་པའི་རྣམ་གཞག་གིས་ལྷ་ཕྲལ་ནི་སོ་སོར་བགར་བའི་གུས་སྲོལ་དང་གནས་ཡུལ་ལ་མ་ཐོན་པའི་བར་སྐབས་ལ་བག་གསར་གྱི་ལུས་ལ་སྣ་འདྲེ་ཡོད་པའི་སྐབས་དེ་མཐའ་མཚམས་ཀྱི་གུས་སྲོལ་ལ་གཏོགས་པ། ལྷ་འདོགས་ནི་ཕན་ཚུན་གཅིག་ཏུ་བསྡུ་བའི་གུས་སྲོལ་དུ་གཏོགས་པར་བཤད་པ་དང་དེ་མིན་དེའི་རིགས་ལམ་གྱི་རྨང་གཞིའི་སྟེང་ནས་བོད་ཀྱི་གཡང་གི་རིག་གནས་ཀྱི་ཟུར་ནས་ལྷ་ཕྲལ་ནི་གཡང་ལེན་པའི་ཆོ་གར་གཏོགས་པ་དང་ལྷ་འདོགས་པ་ནི་གཡང་འགུག་པའི་ཆོ་གར་ངོས་བཟུང་ཆོག་པར་འདོད། དེ་མིན་ལྷ་ཕྲལ་དང་ལྷ་འདོགས་ཆོ་གའི་འཕེལ་འགྱུར་སྐོར་ལ་དཔྱད་པར་དང་པོ་བྱུང་བའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ནི་ཕྱི་གཉེན་ལམ་ལུགས་དང་ཁྱོ་གཅིག་ཤུག་གཅིག་གི་ཁོར་ཡུག་ནས་བྱུང་བར་འདོད་ལ། ཡང་དེའི་རྩ་བ་ཡར་དེད་ན་ཐོ་ཐེམ་དད་མོས་ལ་འབྲེལ་བ་ཡོད།

དེ་བས། གཞུང་ལུགས་གསར་པའི་རྒྱབ་རྟེན་དང་རིག་གནས་རྙིང་པའི་རྩ་བ་གནད་དུ་བཟུང་ན་བོད་ཀྱི་གཉེན་སྲོལ་ལྷ་ཕྲལ་དང་ལྷ་འདོགས་ཀྱི་ཆོ་གར་ངོས་ཟིན་གསར་པ་ཞིག་ཐོན་ཡོང་བ་མ་ཟད་རིག་གནས་གང་དེའི་ཕ་ངོ་མ་ངོ་ཡང་ཞིབ་ཏུ་སྤྲོད་ཐུབ་པར་འདོད་དོ། །

  ཟུར་ལྟའི་ཡིག་ཆ།

[1]མཁར་རྨེའུ་བསམ་གཏན་དང་ཡ་སུ་ཧིས་རྒ་ནོ་གཉིས་ཀྱིས་འཚོལ་སྡུད་དང་དག་སྒྲིག་བྱས། ཁུ་བྱུག་སྔོན་མོའི་སྒྲ་དབྱངས། [M].བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2017.

[2]མཁར་རྨེའུ་བསམ་གཏན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར། མདའ་དང་འཕང་། [M].ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007.   

[3]ཀོང་སྤྲུལ་བློ་གྲོས་མཐའ་ཡས། འཇམ་མགོན་ཀོང་སྤྲུལ་གྱི་གསུང་འབུམ་རྒྱ་ཆེན་བཀའ་ཡི་མཛོད། [M].པོད་བཅུ་བཞི་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012.

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号